བོད་མིའི་རང་ལུས་མེར་སྲེག་ལོག་འགྲེལ་བྱས་པའི་སྐད་ཆ་ཕྱིར་འཐེན་དགོས་པའི་རེ་འདུན་བཏོན།

ཐའེ་པེའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་པས་བོད་མིའི་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ལུགས་བརྗོད་པ་སོགས་ལ་ནོར་འཛོལ་ཆེན་པོ་བྱུང་འདུག་པས་མ་ཤེས་པའི་གནས་ཚུལ་རྣམས་ལ་ཁ་ནས་གང་ཐོན་བཤད་རྒྱུ་མེད་པའི་དྲན་སྐུལ་ཞུས། ཕྱི་ཚེས་ ༢༣ ཉིན་གྱི་ཐའེ་པེ་གྲོང་ཁྱེར་གྱི་སྲོད་དོན་ཚོགས་འདུའི་ཐོག་ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཁི་ཝུན་ཀྲི་柯文哲ལགས་ཀྱིས།  རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་སྐོར་གྱི་སྙན་ཐོ་སྙན་སྒྲོན་ཞུ་སྐབས། རང་ལུས་མེར་སྲེག་གི་གནད་དོན་དེ་ཅིའི་ཕྱིར་དུས་ཀྱི་དར་སོ་ཞིག་ཏུ་གྱུར་ཡོད་པ་དང་། སྐབས་ཤིག་ལ་བོད་ཀྱི་བླ་མའི་ནང་རང་ལུས་མེར་སྲེག་དར་སོ་ཆེན་པོ་བྱུང་སྟེ་རྒྱ་ནག་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ཡོད་སྐོར་གསུངས་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༢༤ ཉིན་ཚོགས་འདུ་དེའི་ཐོག་དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་ལིན་ཡེན་མོང་(林颖孟)ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་ཁི་ཝུན་ཀྲི་ལགས་ནས་རང་ལུས་མེར་སྲེག་གི་བྱེད་ཐབས་ལ་གཏན་ནས་མོས་མཐུན་མེད་སྐོར་བརྗོད་ཡོད་པ་ལྟར། ཁྱིམ་མི་དང་གྲོགས་པོ་གྲོགས་མོ་སོགས་སུ་ཞིག་ཡིན་ནའང་། རང་མིས་སོ་སོའི་མངོན་འདོད་མཚོན་ཐབས་སུ་རང་ལུས་མེར་སྲེག་གཏོང་བར་གཏན་ནས་མོས་པ་ཡོད་པ་མ་རེད། ཡིན་ནའང་། ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་བོད་མི་རྣམས་ནས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་གནང་སྟེ། ད་བར་དུ་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་གནང་བ་དེ་དོན་དངོས་ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་དྲག་གནོན་གྱི་དམར་གསོད་ཅིག་ཆགས་ཡོད་པ་རེད།  དང་ཐོག་བོད་མི་ཚོས་ཀྱང་ཞི་བའི་གོམ་བགྲོད་སོགས་ཀྱི་ཐོག་ནས་སོ་སོའི་མངོན་འདོད་སྒྲུབ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་མང་པོར་དྲག་གནོན་བྱས་པའི་རྐྱེན་གྱིས་མཐའ་མར་ཁོང་ཚོས་རང་ལུས་མེར་སྲེག་གི་ཐབས་ལམ་ལ་བརྟེན་ནས་རང་གི་མངོན་འདོད་མཚོན་བྱེད་དགོས་བྱུང་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ལྕམ་ལིན་ཡེན་མོང་ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་ཁི་ཝུན་ཀྲི་ལགས་ཀྱིས་བོད་མིའི་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ཡོད་པ་རེད་ཟེར་བའི་སྐད་ཆ་དེ། རྒྱ་ནག་གཞུང་གི་ཕྱོགས་ལ་ལངས་ཏེ་གནད་དོན་འདིར་བལྟས་ནས་བཤད་པ་ཞིག་ཡིན་ལ།   བོད་མིའི་ལངས་ཕྱོགས་ལྟར་གནད་དོན་འདི་ལ་ལྟ་དུས།  རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་བཙན་འཛུལ་བྱས་པ་མ་ཟད། མགོ་སྐོར་དང་བཙན་དབང་འོག་ནས་ཞི་བའི་གྲོས་ཆོད་དོན་ཚན་ལྔ་ལ་མིང་རྟགས་འགོད་དུ་བཅུག་པ་དེ་ནི་དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ལ་བཟོས་པའི་དཀའ་རྙོག་ཆེ་ཤོས་དེ་རེད། རྒྱ་ནག་གཞུང་གིས་མུ་མཐུད་བོད་ཀྱི་ཆོས་དང་རིག་གཞུང་བཅས་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད་སྟབས། འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བའི་དབང་གིས་བོད་མིས་རང་ལུས་མེར་སྲེག་གནང་ཡོད་སྐོར་གསུངས་སོང་།    མཇུག་ཏུ་ལྕམ་ལིན་ཡེན་མོང་ལགས་ནས་གྲོང་ཁྱེར་སྤྱི་ཁྱབ་པ་ལགས་ཀྱིས་བོད་མིའི་རང་ལུས་མེར་སྲེག་སྐོར་གྱི་སྐད་ཆ་དེར་ནོར་འཛོལ་ཆེན་པོ་བྱུང་འདུག་པ་དང་། དེ་བཞིན་ཐའེ་པེ་གྲོང་ཁྱེར་གྱི་དམངས་གཙོའི་རིན་ཐང་ལ་དོ་ཕོག་བཏང་ཡོད་སྟབས། ཚོགས་འདུའི་ཐོག་གི་ཁོང་གི་སྐད་ཆ་ངེས་པར་དུ་ཕྱིར་འཐེན་དགོས་པ་མ་ཟད། མ་འོངས་པར་རྒྱལ་ཁབ་གཞན་གྱི་གནས་ཚུལ་སྐོར་བཤད་སྐབས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་སོང་།གཞན་ཡང་། བོད་དོན་རྒྱབ་སྐྱོར་བ་འཐུས་ཚོགས་འཐུས་མི་འཐུས་མི་མེའོ་པོ་ཡཱ་(苗博雅)ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་པས་བོད་མིའི་རང་སྲེག་གིས་རྒྱ་ནག་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ཡོད་པ་དང་། ཁོ་རང་གིས་གནས་ཚུལ་དེར་རྒྱུས་ལོན་བྱས་དུས། ས་གནས་མི་འདྲ་བར་རང་སྲོག་གཅོད་སྟངས་ཀྱང་མི་འདྲ་བ་བྱུང་ཡོད་པ་དང་། དེ་སྔོན་བྱུང་མ་མྱོང་བའི་རང་སྲོག་གཅོད་སྟངས་འདི་འདྲ་ག་རེ་བྱས་ནས་དེང་སང་དར་སོ་བྱུང་བ་ཡིན་སྐོར་བརྗོད་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་ཡོད་པ་དང་། སྐད་ཆ་དེ་གྲོང་ཁྱེར་སྤྱི་ཁྱབ་ཁི་ཝུན་ཀྲི་ཡི་བརྗོད་དོན་དང་དག་དག་བསྡད་ཡོད་མེད་དྲིས་པར་ཁི་ཝུན་ཀྲི་ལགས་ཀྱིས། རང་སྲོག་གཅོད་པ་ནི་ས་གནས་མི་འདྲ་བའི་བྱེད་སྟངས་ཤིག་ཆགས་ཡོད་ཀྱང་། རང་ལུས་མེར་སྲེག་ག་དུས་ཤིག་ནས་བྱུང་བཞག་པ་དེ་གླེང་འདོད་བྱུང་སྐོར་བརྗོད་སོང་།

དེ་ནས་འཐུས་མི་མེའོ་པོ་ཡཱ་ལགས་ཀྱིས། ཁྱེད་རང་གིས་དོགས་འདྲི་ཙམ་བྱས་པ་ཡིན་ན། བོད་མིས་རང་ལུས་མེར་སྲེག་སྐོར་འཁུར་ཡོང་དོན་ག་རེ་ཡིན་ནམ་ཞེས་དྲིས་པར། ཁོང་གིས་དེའི་སྐོར་ཤེས་ཀྱི་མེད་པ་དང་། གང་དྲན་པ་དེ་བཤད་པ་ཡིན་སྐོར་བརྗོད་རྗེས། མེའོ་པོ་ཡཱ་ལགས་ཀྱིས། ཁྱེད་རང་ད་ལྟ་གཞུང་དྲང་གི་ཕྱི་ལུགས་སྨན་པ་ཞིག་མིན་ལ། སྤྱི་གླིང་གི་སྡོང་རྒན་འོག་ཏུ་མིག་དམས་རྩེ་བཞིན་ཇ་ལོ་སྦངས་ཏེ་ཁ་བརྡ་ཀློད་པའི་རྒན་པོ་ཞིག་ཀྱང་མིན་པར། ཁྱེད་ནི་ཐའེ་པེ་མི་མང་གི་སྐུ་ཚབ་གྲོང་ཁྱེར་འདིའི་སྤྱི་ཁྱབ་པ་རེད། ཤེས་པ་དེ་ཤེས་པ་རེད། མ་ཤེས་པ་དེ་མ་ཤེས་པ་རེད། མ་ཤེས་པའི་གནས་ཚུལ་རྣམས་ལ་ཁ་ནས་གང་ཐོན་བཤད་མ་འདུག  ངས་ག་རེ་བྱས་ནས་དེ་རིང་ཁྱེད་ལ་གནད་དོན་འདི་གླེང་བཞིན་ཡོད་ཅེ་ན། བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་དེ་རང་སྲོག་བཅད་པའི་གནད་དོན་ཞིག་མ་རེད།  དེ་ནི་ཆབ་སྲིད་ཀྱི་དཀའ་སྡུག་མྱོང་མཁན་གྱིས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་སྐྱོ་གདུང་ཆེ་བའི་བྱེད་ཐབས་ཀྱི་ཐོག་ནས་སོ་སོའི་མངོན་འདོད་ཕྱིར་བཏོན་ནས་ཆབ་སྲིད་ངོ་རྒོལ་བྱས་པ་ཞིག་ཡིན་ལ། ད་ལྟའི་བར་དུ་རྒྱ་ནག་གཞུང་གི་ཆབ་སྲིད་དྲག་གནོན་འོག་བོད་མི་ ༡༥༠ བརྒལ་བས་རང་ལུས་མེར་སྲེག་གནང་ཡོད་པ་རེད། ཅེས་དང་། ཕྱི་ལོ་ ༢༠༡༡ ལོར་རང་ལུས་མེར་སྲེག་གནང་མཁན་ཞིག་གི་ཞལ་ཆེམས་ནང་། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་སུ་གཞན་ལ་འཚེ་བ་མེད་པའི་ཐོག་ནས་རང་ལུས་མེར་སྲེག་གི་ཐབས་ལམ་འདེམས་དགོས་བྱུང་བ་དང་། ཁོང་གི་ཆེས་མཐའ་མཇུག་གི་རེ་བ་ནི་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་། བོད་ལ་རང་དབང་དགོས་པ། གཞིས་བྱེས་བོད་མི་ལྷན་འཛོམས་དགོས་པ་དེ་ཡིན་སྐོར་རྒྱ་ཡིག་ནང་སྙན་སྒྲོན་ཞུས་སོང་།

མཇུག་ཏུ་མེའོ་པོ་ཡཱ་ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་པས་སྐད་ཆ་བཤད་སྐབས་ཡིད་གཟབ་དགོས་པ་དང་། ཁོང་གིས་བོད་མིའི་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ཚུལ་བརྗོད་པ་དེ་ནི། ཐའེ་ཝན་གྱི་ལས་འགུལ་བ་ཁྲིན་ནན་ཇོང་(Cheng Nan-jung)གིས་རང་ལུས་མེར་སྲེག་གནང་བ་དེས་གོ་མེན་ཏང་སྲིད་གཞུང་ལ་དཀའ་རྙོག་ཆེན་པོ་བཟོས་ཚུལ་བརྗོད་པ་དང་གཅིག་མཚུངས་ཡིན་སྟབས། སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་མི་ལེགས་པ་འཇོག་ངེས་ཡིན་པ་དང་། ལྷག་པར་དུ་ཐའེ་པེ་གྲོང་ཁྱེར་གྱི་སྲིད་དོན་ཚོགས་འདུའི་ཐོག་གནས་ཚུལ་དེ་འདྲ་བྱུང་ན་གཏན་ནས་ལེགས་པོ་མིན་ལ། དུས་རྒྱུན་རྒྱལ་སྤྱིའི་ཐོག་ཕྱི་འབྲེལ་འཛུགས་སྐབས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ཧ་ཅང་དོ་སྣང་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་ཡོད་པ་དང་།  རྒྱལ་སྤྱིའི་ཐོག་ཐའེ་ཝན་མཚོ་འགག་གཉིས་ཀྱི་གནད་དོན་ལས་ཀྱང་བོད་ཀྱི་གནད་དོན་ཤེས་རྟོགས་ཀྱི་ཟབ་ཚད་མཐོ་བ་ཡོད་པར་བརྟེན། དེ་རིང་ཚོགས་འདུའི་ཐོག་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་གྲོང་ཁྱེར་སྤྱི་ཁྱབ་པའི་སྐད་ཆ་དེ་དབྱིན་ཡིག་ཐོག་བསྒྱུར་ཏེ་ཡོངས་བསྒྲགས་བྱས་ཚེ། ཐའེ་པེ་གྲོང་ཁྱེར་གྱི་རང་དབང་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་པ་དེར་གནོད་སྐྱོན་ཡོང་ངེས་ཡིན་སྐོར་གསུངས་སོང་།

བསྐྱར་བཅོས།: ༢༠༡༩/༡༠/༢༨

Leave a Reply

4 thoughts on “བོད་མིའི་རང་ལུས་མེར་སྲེག་ལོག་འགྲེལ་བྱས་པའི་སྐད་ཆ་ཕྱིར་འཐེན་དགོས་པའི་རེ་འདུན་བཏོན།

  1. འཇམ་དབྱངས།

    ཐེ་ལྦན་སློབ་ཕྲུག་གཉིས་ལ་བཀའ་དྲིན། གཅིག་རྒྱུན་དུ་དངོས་ཡོད་གནས་ཚུལ་ཤེས་མཁན་རྒྱབ་སྐྱོར་བ་ཞིག་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་རང་ལུས་མེར་སྲེག་ལ་ལོག་འབྲེལ་བྱེད་མཁན་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་དང་ཕྱི་རྒྱལ་དོན་གཅོད་ཁག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་
    པ་ཁག་འགན་ཡོད་མི་སྣ་ཚོའི་བོད་མིའི་རང་ལུས་མེར་སྲེག་དང་འབྲེལ་བའི་བོད་མིའི་དཀའ་སྡུག་
    སྐོར་འབྲེལ་ཡོད་ཕྱི་མི་ཚོར་འབྲེལ་བཤད་གསལ་པོའི་གོ་བརྡ་སྤྲོད་དགོས་པ་དེ་གོང་གི་ཨ་ཡོད་ནང་གི་ད་ཡོད་དང་གོ་ངའི་ནང་གི་སེར་རིལ་ཚོའི་ལས་འགན་ཞིག་མ་རེད་དམ།