བོད་ནང་ས་ཡོམ་གྱིས་མི་གྲངས་ ༢༡ ལ་རྨས་སྐྱོན་བཟོས་འདུག

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་སུ་ཚད་རིམ་ ༥.༧ ཅན་སོགས་ཀྱི་ས་ཡོམ་ཐེངས་འགར་བྱུང་སྟེ་ཁྱོན་མི་གྲངས་ ༢༡ ལ་རྨས་སྐྱོན་དང་མི་གྲངས་ཁྲི་ ༣ ལྷག་ཉེན་གཡོལ་དུ་འགྲོ་དགོས་བྱུང་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ནམ་གུང་ཡོལ་ཆུ་ཚོད་ ༢ པ་ཡས་མས་སུ། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་སུ། ཚད་རིམ་ ༥.༧ དང་ ༤.༨ ཅན་གྱི་ས་འགུལ་རིམ་པ་གཉིས་བྱུང་བའི་རྐྱེན་གྱིས། ཁ་སང་དགོང་མོའི་བར་མི་ ༢༡ ལ་རྨས་སྐྱོན་ཕོག་ཡོད་པ་དང་། མི་ ༣༦༠༠༠ ལྷག་ཙམ་ཉེན་གཡོལ་ཆེད་གནས་སྤོས་བྱས་ཡོད་པ་དང་། སྲིད་གཞུང་གིས་གནོད་སེལ་སྡོད་གུར་ ༡༨༠ དང་། བརླན་འགོག་གདན་དང་སྲིང་བལ་གྱི་གྱོན་གོས་སོགས་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། བསང་ཆུ་རྫོང་གཙོས་པའི་ཉེ་འཁོར་དུ་ཁྱོན་ཚད་རིམ་ ༢ ཡན་གྱི་ས་ཡོམ་ཐེངས་ ༤ བྱུང་ཡོད་པ་དང་། ས་ཡོམ་བྱུང་རྗེས་ཀན་ལྷོ་ཁུལ་སྲིད་གཞུང་གིས་རིམ་པ་གསུམ་པའི་མྱུར་སྐྱོབ་མི་སྣ་འགྲེམས་འཇོག་གིས། གཏན་སྡོད་སློབ་གྲྭ་ཁག་གི་སློབ་མ་རྣམས་བདེ་འཇགས་ཁུལ་དུ་གནས་སྤོས་བྱས་ཡོད་སྐོར་དང་། ད་ལན་གྱི་ས་ཡོམ་དོན་རྐྱེན་ཁྲོད་ཁང་ཁྱིམ་རྙིང་པ་དང་གཞུང་ལས་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་པ་ལས་གློག་དང་ཆུ། ལམ། འཕྲིན་གཏོང་སོགས་ལ་གནོད་སྐྱོན་ཕོག་མེད་སྐོར་བསྒྲགས་འདུག

གནས་ཚུལ་ཐོན་རིམ་དང་པོ།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༢༩

Leave a Reply

One thought on “བོད་ནང་ས་ཡོམ་གྱིས་མི་གྲངས་ ༢༡ ལ་རྨས་སྐྱོན་བཟོས་འདུག