བོད་མི་རིགས་བྱུང་ནས་ད་བར་ལོ་ངོ་ ༥༥༠༠༠  ཕྱིན་ཡོད། 

འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བོད་མི་རིགས་བྱུང་ནས་ཁྱོན་ལོ་ ༥༥༠༠༠ཕྱིན་ཡོད་པ་མ་ཟད་བོད་ཀྱི་ནང་ཆོས་འཛམ་གླིང་གི་གཅེས་ནོར་དང་། བཟོ་རིག་དང་གསོ་རིག་གཉིས་ཀྱང་འཛམ་གླིང་ཐོག་ངོམས་ཆོག་པ་ཡོད་སྐོར་གསུངས།ཟླ་འདིའི་ཕྱི་ཚེས་ ༢༥ ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་གཙོ་བོར་གྱུར་བའི་གྲོང་ཁྱེར་ཁག་ཅིག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཧྥ་རན་སིའི་ལྷོ་ཕྱོགས་སུ་ཆིབས་སྒྱུར་གྱིས་དད་ལྡན་དོན་གཉེར་རྣམས་ལ་ཆོས་འབྲེལ་གནང་གི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཐོག  ཕ་རི་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཕ་རི་སིའི་ཕོག་ཐི་ངྷོ་ཝེ་ཞེས་པའི་བོད་དགོན་དུ། འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས་བོད་རིགས་མི་མང་ ༥༠༠ ལྷག་ལ་བཀའ་སློབ་ལམ་སྟོན་བསྩལ།

མཛད་སྒོའི་ཐོག་མར་ཕ་རི་སི་བོད་རིགས་ཚོགས་པའི་རྒྱུན་ལས་ཀྱིས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། བོད་རིགས་ཚོགས་པའི་ཚོགས་གཞོན་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། ཕ་རི་སི་བོད་རིགས་ཚོགས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་ཅིང་། ལས་བསྡོམས་ནང་དེང་སྐབས་ཧྥ་རན་སིར་བོད་མི་ ༧༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་ཁར། བོད་དོན་ལས་འགུལ་ཁག་ལ་ཚོགས་པ་ཁག་ཐུན་མོང་གིས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཐུབ་བསྟན་རྒྱ་མཚོ་ལགས་ཚོགས་གཙོ་ཡིན་སྐབས་དཔལ་ཡོན་སློབ་གྲྭ་གསར་འཛུགས་ཀྱིས། ད་ཆ་སློབ་གྲྭ་དེར་བོད་རིགས་བྱིས་པ་ ༧༠ ལྷག་ཡོད་པ། དེ་བཞིན། ས་གནས་བོད་རིགས་མང་ཚོགས་རྣམས་ལྟོས་འཇོག་གིས་མཐུན་སྒྲིལ་ཡོད་སྐོར་སོགས་སྙན་སྒྲོན་ཞུས་སོང་།འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་སྐབས། མང་ཚོགས་ལ་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་བོད་མི་རིགས་ཀྱི་ཐོག་མའི་ཆགས་ཚུལ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གསོ་རིག བཟོ་རིག བྱེ་བྲག་ཏུ་འབྲོག་པའི་རིག་གནས་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་ཐད་བཀའ་སློབ་གནང་སྟེ། དེང་སང་བོད་མི་ཚོར་འཛམ་གླིང་ཐོག་གཞན་ལ་ངོམ་ཆོག་པའི་གཏིང་ཟབ་ཀྱི་རིག་གཞུང་ཡོད་པས། ཕ་མེས་ཀྱི་གཅེས་ནོར་ལ་ངེས་ཤེས་སྐྱེས་ནས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་རིགས་ཨ་ཧྥེ་རི་ཁ་ནས་ཐོག་མར་ཇི་ལྟར་བྱུང་བ་ནས། རིམ་བཞིན་ཡུ་རོབ་དང་དེ་ནས་ཨེ་ཤ་ཡ་བཅས་སུ་བྱུང་བ་ངོ་སྤྲོད་གནང་བ་དང་འབྲེལ། བོད་དེའང་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་ཁྲོད་ཆེས་སྔ་ཤོས་གྲས་སུ་བགྲང་བཞིན་ཡོད། དེང་སྐབས་བོད་ནང་ས་འོག་ནས་ཐོན་པའི་གནའ་རྫས་ཁག་ལ་ཞིབ་འཇུག་བྱས་ན། བོད་མི་རིགས་བྱུང་ནས་ལོ་ངོ་ ༣༠༠༠༠ ནས་ ༤༠༠༠༠ ལྷག་ཤོད་ཀྱིན་ཡོད་ཀྱང་། དོན་དངོས་ཐོག་བོད་མི་རིགས་བྱུང་ནས་ལོ་ ༥༥༠༠༠ ལྷག་ཕྱིན་ཡོད་ཅེས་དང་། ཚན་རིག་ཞིབ་འཇུག་པས་བཤད་པ་ལྟར་ན། བོད་ནང་ས་འོག་ནས་ཐོན་པའི་དངོས་རྫས་དེ་དག་གིས། བོད་ནང་ས་འོག་དངོས་རྫས་ཕྱིར་ཐོན་པའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༤ ལས་ཟིན་གྱི་མེད་དུས།  མ་འོངས་པར་བོད་ནང་ས་འོག་ནས་ཐོན་པའི་གནའ་རྫས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་རྣམ་དཔྱོད་བདེན་དཔང་ཐུབ་རྒྱུ་དང་། འགྲོ་བ་མིའི་ཆགས་རིམ་གྱི་ཆ་ནས་བོད་མི་ཚོ་རྒྱ་རིགས་ལས་རྦད་དེ་སྔ་བ་ཡོད་སྐོར་གསུངས།ཡང་བོད་སྐད་ཡིག་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པའི་སྐོར་ཆེ་ཚང་རིན་པོ་ཆེ་མཆོག་གིས།  བོད་ཀྱི་ནང་ཆོས་ནི། དཔལ་ནཱལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་དང་བོད་ཀྱི་སྐད་ཡིག་ཀྱང་ལེགས་སྦྱར་དང་ཚད་མཉམ་པའི་སྐད་ཡིག་ཕྱུག་ཤོས་དེ་ཡིན་པས། བཀའ་བསྟན་པོ་ཏི་ ༣༠༠ ལྷག་གི་གཞུང་དོན་འགལ་མེད་དུ་རྟོགས་པར་བོད་ཡིག་ལས་སྐད་ཡིག་གཞན་གཅིག་ཀྱང་མེད་པས། བོད་མི་ཚོས་ཀྱང་ཕྱི་རྒྱལ་ཡུལ་གྲུ་གང་དུ་གནས་ཀྱང་། དེང་དུས་ཤེས་ཡོན་སློབ་སྦྱོང་གི་ཞོར་དུ་བོད་སྐད་བོད་ཡིག་སློབ་སྦྱོང་བྱས་ཏེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་རྒྱུ་དང་། ནང་ཆོས་ཐོག་བོད་ཡིག་ཐ་སྙད་ཆེས་མང་ཤོས་དེ་ཆགས་ཡོད་ཀྱང་། དེང་དུས་ཤེས་ཡོན་ཐོག་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་ཡོད་སྟབས། འཕྲོད་བསྟེན་གཙོས་ཉེར་མཁོའི་རིག་གསར་ཐ་སྙད་ཁག་ཅིག་གང་མགྱོགས་སྔོན་ལ་བོད་ཡིག་ཏུ་བསྒྱུར་དགོས་པའི་ལམ་སྟོན་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་ཚོའང་། མ་འོངས་པར་གཞན་ལ་ཕན་འདོག་མཁན་གྱི་མི་རབས་ཤིག་ཏུ་སྐྱེད་སྲིང་བྱེད་པ་ལས་རང་དོན་ཁོ་ན་བསམ་མཁན་ཞིག་ཏུ་གྱུར་ན་དགེ་མཚན་ཆེར་མེད་སྐོར་སོགས་གསུངས།མཇུག་ཏུ། རིན་པོ་ཆེ་མཆོག་གིས་གལ་ཏེ་ཁོང་སྐུ་ཚེ་རིང་ཙམ་བཞུགས་རྒྱུ་བྱུང་ན། མ་འོངས་པར་གང་ཐུབ་ཀྱིས་བོད་ཀྱི་འབྲོག་པའི་སྦྲ་བཟོ་སྟངས་དང་གུར་རྒྱག་སྟངས་གཙོས་བོད་ཀྱི་འབྲོག་ཁུལ་གྱི་ངོ་མཚར་བའི་ཉིན་རེའི་འཚོ་བ་རོལ་སྟངས་དང་། འབྲོག་པའི་རིག་གནས་ཀྱི་གྲུབ་ཆ་སོ་སོར་ཞིབ་ཚགས་ཀྱིས་ཞིབ་འཇུག་གནང་རྒྱུ་ཡིན་པ་དང་། དེ་ཙམ་མ་ཟད་སྟོང་ཆ་སྐོང་འོས་པའི་བོད་ཀྱི་ཤུལ་བཞག་རིག་གནས་གཞན་ལའང་ཞིབ་འཇུག་གནང་རྒྱུ་ཡིན་སྐོར་གསུངས་བ་དང་འབྲེལ།  “བོད་ཀྱི་བཙན་པོའི་དུས་སྐབས་ནས་བོད་ཀྱི་གསོ་རིག་གི་ལག་རྩལ་ཚད་མཐོན་པོར་བསྙེགས་ཏེ་རྒྱལ་སྤྱིའི་རང་བཞིན་ཅན་ཆགས་མྱོང་ཡོད་པ་དང་། ད་ལྟ་བོད་ཀྱི་ཐང་ག་གཅིག་ལའང་སྒོར་ས་ཡ་ ༤ སྤྲད་དེ་ཉོ་མཁན་ཡོད་པ་དེ་བོད་ཀྱི་ལག་རྩལ་ཧ་ཅང་ཚད་མཐོ་བོ་ཡོད་པ་སྟོན་གྱི་ཡོད་ལ། ཐ་ན་བོད་ཀྱི་གྲི་ལ་ཆ་བཞག་ནའང་བུ་དང་བུ་མོ་གཉིས་ཀར་འདོགས་རྒྱུ་ཡོད་པ་མ་ཟད། གྲི་ཆེ་ཆུང་སྣ་ཚོགས་དང་བཟོ་ལྟ་འདྲ་མིན་བཅས་ཡོད་པས་གྲི་ལའང་ལག་རྩལ་ངེས་ཅན་ཡོད་པ་དང་།  གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐབས་ལྕགས་ཟམ་ཆེད་བེད་སྤྱོད་བཏང་བའི་ལྕགས་ཀྱི་ཨ་ལོང་གི་མཐུད་མཚམས་ངོ་འཕྲོད་དཀའ་བ་དང་། དེར་བཙའ་ཆགས་རྒྱུ་མེད་པའི་བཟོ་ལས་ལག་རྩལ་བཅས་ལ་དེང་སང་ཚན་རིག་པས་ཀྱང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་“ཅེས་གསུངས་སོང་།ཟླ་འདིའི་ཕྱི་ཚེས ༢༦ ཉིན་རྒྱལ་ས་ཕ་རི་སིར་ཕྱི་རྒྱལ་བ་གཙོས་བོད་རིགས་དད་ལྡན་བརྒྱ་ཕྲག་དུ་མར་འབྲི་གུང་འཕོ་བ་ཆེན་མོ་དབང་ལུང་དང་སངས་རྒྱས་ཚེ་དཔག་མེད་ཀྱི་དབང་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས ༢༧ ཉིན་རྗེ་བཙུན་སྒྲོལ་མའི་དབང་དང་སངས་རྒྱས་འོད་དཔག་མེད་བཅས་ཀྱི་བཀའ་དབང་གནང་ཡོད་ལ། ཧྥ་རན་སིའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་འཆར་ཟླ་ ༡༡ པའི་ཚེས་༥ ཉིན་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་ཡིན་འདུག

ཕ་རི་སི་ནས་གཅན་ཚ་དཔལ་ལྡན་གྱིས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༡༠/༢༩

Leave a Reply

2 thoughts on “བོད་མི་རིགས་བྱུང་ནས་ད་བར་ལོ་ངོ་ ༥༥༠༠༠  ཕྱིན་ཡོད། 

  1. གཞུང་པ་ཚེ་དབང་བསོད་ནམས

    སྐྱབས་སུ་ཆེ་བོད་ཀྱི་འབྲོག་པའི་དཀའ་སྡུག་སྐོར་གླེང་མཁན་དང་པོ་རིན་པོ་ཆེ་ཡིན་པ་ལ་བཀྲིན་ཆེ་ཐུགས་རྗེ་ཆེ་དེ་མིན་འདས་པའི་མི་ལོ་དྲུག་བཅུའི་ནང་བོད་ཀྱི་འབྲོག་པའི་རིག་གཞུང་སྐོར་ཕར་བཞག་འབྲོག་པ་ལ་མཐོང་ཆུང་གི་མིང་རྟགས ་ནས་ཨ་ཁུ་འབྲོག་པ་མི་མིན་བློ་བ་སྐམ་པོ་ཤ་མིན་ཟེར་བའི་གཏམ་དེ་ང་ཚོའི་སྤྱི་ཚོགས་ནང་ལྷག་པ་ནས་འབྲོག་པ་ལ་མཐོང་ག་འདྲ་ཡོད་དེ་ནས་ཤེས་ཐུབ་པ་བཅས་རིན་པོ་ཆེ་ནས་འབྲོག་པའི་འཚོ་བ་དང་འབྲེལ་བའི་འབྲོག་པའི་སྦྲ་གུར་སོགས་འབྲོག་པའི་འཚོ་གནས་ཀྱི་དཀའ་སྡུག་ལ་ཐུགས་ཞིབ་གནང་འཆར་ལ་བཀྲིན་ཆེ་ཐུགས་རྗེ་ཆེ་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ལ་འགན་འཁུར་མཁན་ཚོའི་དང་ཐོག་བོད་ཀྱི་འབྲོག་ལས་འཐོན་སྐྱེད་ནས་འགོ་བཙུགས་ནས་འགྲོ་དགོས་པ་དེ་ཆུ་མགོ་གངས་ལ་ཐུག་ཟེར་བའི་སྔ་མོ་བོད་ཀྱི་གཏམ་དཔེ་དེ་འདིར་བཤད་ན་མི་མང་པོ་ལ་གོ་རྟོགས་ཀྱི་གཉིད་སད་ཐུབ་ངེས་བཅས་སླར་ཡང་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་བཀྲིན་ཆེ་ཞུ་གི་་ཡོད།