ཇོ་ཧྲ་བོང་འོས་བསྡུའི་ནང་ཞུགས་པར་བཀག་སྡོམ་བྱས།

ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་བོང་ལགས་གྲོང་སྡེ་ལྷན་ཚོགས་ཀྱི་འོས་མིའི་ཁོངས་ནས་བཀག་སྡོམ་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུགརྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་ཆར་གདུགས་གསར་བརྗེའི་སྣེ་འཁྲིད་པ་ཇོ་ཧྲ་བོང་ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་མིར་ལངས་བ་བཀག་སྡོམ་བྱས་ཡོད་པ་དང་། ཧོང་ཀོང་འོས་བསྡུ་ལྷན་ཁང་གིས་ཇོ་ཧྲ་བོང་གི་ཧོང་ཀོང་རང་བཙན་རྩོད་ཀྱི་མེད་པའི་ཁས་ལེན་ལ་ཡིད་ཆེས་མེད་སྐོར་བརྗོད་ཡོད་འདུག

དེ་རིང་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་མི་གཏན་འཁེལ་བྱེད་པའི་ཐག་གཅོད་སྔོན་ནས་བྱས་ཟིན་ཡོད་ལ། འོས་མི་ཞིག་གིས་ད་ལྟའི་འོས་བསྡུའི་ཆ་རྐྱེན་ཁག་ལག་ལེན་བྱེད་ཐུབ་ཀྱི་མེད་པ་དང་། ད་དུང་ཕྱོགས་འཛིན་དང་རང་ཐག་རང་གཅོད་ཀྱི་ཆབ་སྲིད་ཁྱབ་བརྡལ་བྱེད་པ་ནི། ད་ལྟའི་ཁྲིམས་ལུགས་འོག་འོས་མི་ཞིག་གིས་གཞི་རྩའི་ཁྲིམས་དང་ཧོང་ཀོང་རང་སྲིད་རང་སྐྱོང་གཞུང་ལ་བློ་དཀར་གཞུང་དྲང་ཡིན་པའི་ཁས་ལེན་དང་འགལ་གྱི་ཡོད། ཅེས་ཇོ་ཧྲ་བོང་གི་མིང་གསལ་འདོན་མ་བྱས་པའི་ཐོག་ནས་བསྒྲགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥་ཉིན་ཇོ་ཧྲ་བོང་ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་མིར་ལངས་རྒྱུ་ཡོངས་གྲགས་བྱས་རྗེས། ཧོང་ཀོང་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལྕམ་ཌོརོ་ཐི་མྰ་(Dorothy Ma Chau Pui-fun)་ལགས་ཀྱིས་ཇོ་ཧྲ་བོང་ལ་ཁོའི་ཆབ་སྲིད་ལངས་ཕྱོགས་ཐད་དྲི་བ་ཐེངས་གཉིས་དྲིས་རྗེས། ལྕམ་ཌོ་རོ་ཐི་ཡིས་དུས་ཡུན་ངེས་མེད་རིང་ནད་དགོངས་ཞུས་ཡོད་པ་དང་། མོའི་ལས་བྱེད་གཞན་སུས་ཀྱང་ཇོ་ཧྲ་བོང་འོས་མིར་ལངས་ཆོག་མིན་གྱི་ཐག་གཅོད་ལེན་པར་ཞེད་ནས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱི་ལས་འགན་འཁུར་རྒྱུ་མིན་སྐོར་བརྗོད་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་ཧོང་ཀོང་སྲིད་གཞུང་གིས་ལེའོ་ར་ཨ་རོན་(Laura Liang Aron)ཟེར་བའི་བུད་མེད་ཅིག་བསྐོ་བཞག་བྱས་ཡོད་འདུག

ཇོ་ཧྲ་བོང་ལགས་ཀྱིས་སྒེར་གྱི་ཊེ་ཊིར་སྟེང་། ང་འོས་བསྡུའི་ནང་ཞུགས་པར་བཀག་སྡོམ་བྱས་པ་དེས་རྒྱ་ནག་གི་ཆབ་སྲིད་ལོག་སྤྱོད་དང་ལྐོག་ཇུས་འཐེན་གྱི་ཡོད་པའི་ར་སྤྲོད་བྱུང་ཡོད་ལ། གཞུང་གིས་ཆབ་སྲིད་བཀག་སྡོམ་དང་ངའི་ཆབ་སྲིད་ཐོབ་ཐང་འཕྲོག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་ཇོ་ཧྲ་བོང་ནི་ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ཁྲོད་འོས་མི་ཁྱོན་ ༡༡༠༠ ཡོད་པའི་ནང་ནས་བཀག་སྡོམ་བྱས་པའི་འོས་མི་གཅིག་པུ་དེ་ཡིན་འདུག་ལ། ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་བྱ་རྒྱུ་ཡིན་འདུག

 ཕྱི་ལོ་ ༢༠༡༦ ལོར་ཇོ་ཧྲ་བོང་ཧོང་ཀོང་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ཞུགས་ཡོད་ཀྱང་འོས་ཐོབ་མེད་པ་དང་། ཁོའི་སྲིད་དོན་ཚོགས་པ་(Demosisto)ཡི་ལས་རོགས་ན་ཐན་ལོ་(Nathan Law)གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་སྟེ། ཧོང་ཀོང་གི་ལོ་ན་གཞོན་ཤོས་ཀྱི་གྲོས་ཚོགས་འཐུས་མི་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༢༩

Leave a Reply