༧སྐུའི་ཡང་སྲིད་སྐོར་གླེང་སློང་གནང་བར་གཞི་མེད་སྐྱོན་བརྗོད་བྱས།

རྒྱ་ནག་གཞུང་གི་མགྲིན་ཚབ་པས་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་གུས་བརྩི་དགོས་སྐོར་གསུངས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་བརྗོད་དེ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་འདུགཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མལ་ཌེལ་བྷ་རོན་བྷེག་ལགས་ནས་བོད་ཀྱི་ཆོས་ལུགས་དབུ་འཁྲིད་གདམ་རྒྱུ་དེ་༧གོང་ས་མཆོག་དང་། བོད་མི་ཁོ་ནའི་ལག་ཏུ་ཡོད་ལ། རྒྱ་ནག་གཞུང་ངོས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྐད་ཡིག རིག་གཞུང་བཅས་པར་གུས་བརྩི་དགོས་སྐོར་གསུངས་བར་བརྟེན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་གིས་ཨ་རིའི་གཞུང་འབྲེལ་མི་སྣས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་སྐོར་གླེང་སློང་གནང་བ་དེ་ནི། བོད་རྒྱ་ཁོངས་ཡིན་པའི་ངོས་འཛིན་དང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དང་འགལ་ཡོད་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

གསར་འགོད་ལྷན་ཚོགས་དེའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེལ་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་གཏམ་བཤད་སྤེལ་པའི་ཐོག་བསམ་ཚུལ་ཅི་ཡོད་དྲིས་པར་ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang) གིས། ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་དང་། དེ་ནི་གཏན་འབེབ་ཡོད་པའི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་རང་བཞིན་ཀྱི་འགྲོ་ལུགས་ཤིག་གི་སྟངས་འཛིན་འོག་འགྲོ་ཡི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་དང་ཡང་སྲིད་ཀྱི་ལམ་ལུགས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་སྒྲིག་འཛུགས་དེ་ལོ་ངོ་བརྒྱ་ཕྲག་འགར་གནས་ཡོད་ལ། ད་ལྟའི་སྐུ་ཕྲེང་བཅུ་བཞི་པ་དེའང་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་རང་བཞིན་གྱི་འགྲོ་ལུགས་བརྒྱུད་རྙེད་པ་དང་ངོས་འཛིན་ཀྱིས་དབུས་གཞུང་གིས་ཆོག་མཆན་བཀོད་པ་ཞིག་རེད། དེ་བས་ཏཱ་ལའི་བླ་མ་ཚུད་པའི་ཡང་སྲིད་ངོས་འཛིན་རྣམས་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དང་བསྟུན་ཏེ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་རང་བཞིན་ཀྱི་འགྲོ་ལུགས་ཐོག་འགྲོ་དགོས་པ་རེད། ཅེས་བརྗོད་འདུག

ཡང་ཕྱི་སྲིད་མགྲིན་ཚབ་པ་དེས། ང་ཚོས་ཨ་རིའི་ཕྱོགས་ལ་རྣམ་པ་འདྲ་མིན་ཐོག་ཏཱ་ལའི་རུ་ཚོགས་ལ་འབྲེལ་བ་བྱེད་པ་དང་འགན་འཁུར་མེད་པའི་གཏམ་བརྗོད་སྤེལ་བ། དེ་བཞིན་བོད་དང་འབྲེལ་བའི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། ཨ་རྒྱ་གཉིས་ཕན་ཚུན་གྱི་ཡིད་ཆེས་དང་མཉམ་འབྲེལ་ལ་དོ་ཕོག་གཏོང་བ་ལས་སྔར་ལྷག་ཡར་རྒྱས་གཏོང་དགོས་པ་རེད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པའི་ཆེ་མཆོག་བཙན་བྱོལ་དུ་ཕེབས་ཏེ་ཁ་བྲལ་གྱི་ལས་གཞི་ཡུན་རིང་སྤེལ་གྱི་ཡོད་ཚུལ་དང་། རྒྱལ་ཁབ་དང་གཞུང་སུས་༧གོང་ས་མཆོག་ལ་འབྲེལ་བ་བྱས་ཚེ་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེག་ལགས་ཀྱིས་ཡང་སྲིད་སྐོར་གླེང་བ་ནི། ཨ་རིའི་གཞུང་ནས་བོད་རྒྱ་ཁོངས་ཡིན་པའི་ངོས་འཛིན་དང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་བྱས་ཡོད་པ་དང་འགལ་ཡོད་པས། མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུགཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེག་ལགས་ཀྱིས་དབུ་འཁྲིད་དེ་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་ལ་མཇལ་འཕྲད། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་མཛད་སྒོའི་ཐོག་༧རྒྱལ་བའི་ཡང་སྲིད་དང་འབྲེལ་ཏེ། ཨ་རིའི་ངོས་ནས་བོད་མི་ཚོར་གཞུང་གི་ཐེ་བྱུས་མེད་པར་རང་གི་ཆོས་ལུགས་དབུ་འཁྲིད་གདམ་རྒྱུའི་ཐོབ་ཐང་དེར་བརྩི་སྲུང་ཞུ་ཡི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་བོད་མིར་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ལ། བོད་ཀྱི་ཆོས་ལུགས་དབུ་འཁྲིད་གདམ་རྒྱུ་དེ་༧གོང་ས་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་དང་བོད་མི་ཁོ་ནའི་ལག་ཏུ་ཡོད་སྐོར་དང་། རྒྱ་ནག་གཞུང་ངོས་ནས་ད་ལྟའི་བོད་ནང་གི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྐད་ཡིག རིག་གཞུང་བཅས་པར་གུས་བརྩི་དང་རྒྱུན་འཛིན་བྱེད་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ པའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུའི་ཡང་སྲིད་སྐོར་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྩལ་གནང་བའི་ནང་། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད། ཅེས་གསུངས་ཡོད་པ་དང་། དེ་བཞིན་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། ཞེས་བཀའ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན། ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་མི་ལོ་ ༥༩ འཁོར་བའི་བོད་མིའི་ཐོབ་ཐང་ཉིན་མོ་སྲུང་གཙི་དང་། བོད་རིགས་མི་མང་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཁག་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་མཚོན་པའི་གྲོས་ཆོད་ཡིག་ཆ་ཨང་༤༢༩ པ་གཏན་འབེབ་གནང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནས་ཡང་སྲིད་སྐོར་གྱི་གྲོས་ཆོད་བཞག་སྟེ་ཉིན་གཉིས་འགོར་རྗེས། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཡང་སྲིད་ཐག་གཅོད་ཐད་ཨ་རིའི་གྲོས་ཚོགས་གོང་མས་གྲོས་ཆོད་བཞག་པ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་ལས་བྱེད་ཚོས་ཨ་རིའི་ནང་གི་དཀའ་རྙོག་ཡོད་པ་ལ་དོ་སྣང་སྤྲད་དེ་སེལ་དགོས་ནའང་སྣང་མེད་བཞག་སྟེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་དགོས་མེད་ཀྱི་སེམས་ཁུར་བྱེད་གྱི་ཡོད་སྐོར་དང་། ཨ་རིའི་འབྲེལ་ཡོད་མི་སྣས་རྒྱལ་ནང་གི་དཀའ་རྙོག་སེལ་མ་ཐུབ་པར་རྒྱལ་ཁབ་གཞན་ལ་འགན་ཁུར་མེད་པའི་སྐྱོན་བརྗོད་བྱེད་ཀྱིན་པ་་མཚམས་འཇོག་དགོས་པ་ནན་སྐུལ་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༣༠

Leave a Reply

One thought on “༧སྐུའི་ཡང་སྲིད་སྐོར་གླེང་སློང་གནང་བར་གཞི་མེད་སྐྱོན་བརྗོད་བྱས།

  1. ངག་དབང་བྱང་ཆུབ།

    རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ཡིན་ཕྱིན་རྫུན་དང་། ཕྲམ་པ། གཡོ་སྒྱུ་བཅས་ལ་སློབ་སྦྱོང་འཐོན་མེད་ན་ལས་སྣེ་གང་ཡང་རགས་ཀྱི་མེད་པ་རེད།དཔེར་ན་དེང་དུས་བོད་ནང་སློབ་གྲ་འཐོན་ནས་ལས་ཀ་ཚོལ་དགོས་ན་ཆ་རྐྱེན་གཙོ་བོ་༧གོང་ས་མཆོག་ལ་ཚན་དམོས་ཞུ་དགོས་པ་བཞིན། གཞུང་གི་ལས་བྱེས་ཡིན་ན་དེའི་ཁ་ནས་རྫུན་ཕྲམ་མ་ཏོག་མེད་པ་ཡོང་སྒྲག་ཡིན། དེ་ནི་གང་ལ་ཉི་མ་ཤར་བ་ན། འབྱུང་པོའི་བྱ་རྣམས་ལོང་བར་གྱུར། ཞེས་པ་ལྟར་ཡིན།
    སྔོན་མ་ ༡༩༥༥ དང་ ༥༦ ནང་རྒྱ་མིས་ལྷ་སའི་བར་སྐོར་ནང་སྦྱར་ཡིག་མང་པོ་སྦྱར་བའི་ནང་། ཐའི་དབན་བྱ་དེ་ཆུ་འཁོལ་ནང་ལྷུང་བ་ནང་བཞིན་བཟོ་གྱུ་དང་ཨ་མེ་རི་ཀ་ཟེར་བ་དེ་ཤོག་བུའི་སྟག་ལྟ་བུ་ཞིག་ལས་མེད། དེ་ལ་ང་ཚོ་ཀྲུང་གོས་མུ་ཟེ་ཞིག་སྤར་ན་དེ་ག་ཟེར་བ་ཟེར་རེད། དེང་དུས་ཤོག་བུའི་སྟག་དེ་འགུལ་ཙམ་འགུལ་ཙམ་བྱས་ཡོང་དུས་སྡུག་སྐད་ཤོར་ཏེ་ཁ་ནས་གང་བྱུང་བཤོད་ཀྱི་ཡོད་པ་རེད། ལོང་བའི་མིས་མིག་ལྡན་ལ་སྐྱོན་བརྗོད་བྱས་པ་ཡིན་པས།
    འཛམ་གླིང་གི་མི་སུས་ཀྱང་བདེན་པ་འཛིན་པ་ཕར་ཞག་རྒས་མོ་ཕྲ་ཕྲ་ཤོར་གྱི་གྱི་རེད།།