མིས་བཟོས་པའི་དཀའ་ངལ་རྣམས་རྩ་མེད་བཟོ་མ་ཐུབ་ཀྱང་ཉུང་དུ་གཏོང་བའི་ནུས་པ་ང་ཚོར་ཡོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོ་ཚང་མ་གཅིག་གཞོག་གཅིག་སྡོད་ཀྱི་ཚུལ་དུ་གནས་དགོས་པའི་གཞན་སེམས་གྱི་བློ་འཁུར་ཚེ་ཕན་ཚུན་གསོད་རེས་བྱེད་པ་དེ་ཧ་ཅང་གུ་དོག་པའི་བསམ་བློ་རྙིང་པ་ཞིག་ཡིན་པ་ཤེས་ཐུབ་པའི་བཀའ་སློབ་བསྩལ།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཨ་རིའི་སེམས་དང་སྲོག་ལྟེ་གནས་ཁང་ Mind and Life Institute)གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐྱེ་འཕེལ་རིག་པའི་སློབ་དཔོན་ཌེ་ཝིཌ་སི་ལོན་ཝིལ་སོན་(David Sloan Wilson)གྱི་དབུས་པའི་ཕྱི་རྒྱལ་གྱི་མིའི་རིགས་རིག་པ་བ་དང་། སྤྱི་ཚོགས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་དང་། ཕན་ཚུན་འབྲེལ་བ། འགྱུར་ལྡོག་བཅས་ཀྱི་སྐོར་ལ་ཉིན་གྲངས་གཉིས་རིང་གི་བཀའ་བསྡུར་དབུ་འཛུགས་གནང་སོང་།

དེ་ཡང་ཐོག་མའི་གསུང་གླེང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ནས་དུས་རྒྱུན་དུ་བཤད་ཀྱི་ཡོད་པ་ལྟར། འདི་ལྟ་བུའི་ཚོགས་འདུ་སྐོང་བའི་དགོས་པ་ནི། དང་པོ་དེར་ང་ཚོའི་ཤེས་བྱ་རྒྱ་བསྐྱེད་ཡོང་ཆེད་ཡིན། ངས་བལྟས་ན་དེང་རབས་ཚན་རིག་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱིས། རྡུལ་ཕྲན་དང་ཉེ་བའི་རྡུལ་ཕྲན་ (Quark) ལྟ་བུ་ཕྱིའི་འཇིག་རྟེན་རྣམས་ཧ་ཅང་ཞིབ་ཕྲ་དང་གནད་དུ་འཁེལ་བའི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་ཡོད། སེམས་དང་སེམས་མྱོང་སྐོར་ལ་བཤད་དུས་ཚན་རིག་གིས་འདང་གི་མེད། དེར་བརྟེན། ང་ཚོས་ནང་སེམས་ཀྱི་འཇིག་རྟེན་ཐད་ལས་ཀ་མང་བ་བྱེད་དགོས་ཀྱི་འདུག དེ་ནི་ཚོགས་འདུ་འདི་འཚོགས་དགོས་པའི་དགོས་པ་གཅིག་རེད། དགོས་དོན་གཉིས་པ་དེ། ངོས་རང་གིས་བསམ་ན། དེང་སྐབས་ཀྱི་འཇིག་རྟེན་འདི་ཕྱི་དངོས་པོ་དང་། ཚན་རིག་ཐོག་ནས་ཀྱང་ཡར་རྒྱས་ཚད་མཐོན་པོར་ཕྱིན་ཡོད་ལ། དེའི་མཉམ་དུ་དཔལ་འབྱོར་དང་གནད་དོན་མང་པོ་ཞིག་གི་ཐད་ལའང་ཡར་རྒྱས་ཚད་མཐོན་པོར་སོན་ཡོད། ཡིན་ན་ཡང་། དྲི་བ་གཙོ་བོ་དེ་མིའི་རིགས་ཀྱི་བདེ་སྐྱིད་དེ་ཚད་གང་དུ་ཐོན་ཡོད་མེད་དེ་རེད། འཇིག་རྟེན་གཅིག་པུར་མཚོན་ན་ཡང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་ལས་མང་དག་ཅིག་ང་ཚོ་རང་གིས་བསྐྲུན་པ་ཞིག་རེད། དེར་བརྟེན། དེང་སྐབས་ཀྱི་འཇིག་རྟེན་འདིར་གོ་ལའི་ཚ་དྲོད་དེ་སྐབས་འགར་ང་ཚོའི་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་ལ་སླེབ་ཀྱི་ཡོད་པ་རེད། གཞན་ཡང་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཁྲོད་དུ་དབུལ་ཕྱུག་བར་ལ་ཁྱད་བག་ཆེན་པོ་ཤོར་བའི་རྐྱེན་ལས་བྱུང་བའི་དཀའ་ངལ་དང་། དེ་བཞིན་དམག་འཁྲུག་གཅིག་རེད། ཚན་རིག་ལས་བྱུང་བའི་ཤེས་བྱ་དག་མི་གསོད་རྒྱུར་བེད་སྤྱོད་གཏོང་གི་ཡོད་པ་དེ་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས། ད་ལྟའི་གནས་སྟངས་ལ་ང་ཚོས་ཁོ་ཚོ་དང་ང་ཚོ་ཞེས་པའི་ཐད་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག དེའི་རྐྱེན་པས་ཐ་ན་ཆོས་ལུགས་ངོས་ནས་ཡང་དཀའ་ངལ་སྐྲུན་གྱི་ཡོད། ད་ལྟ་སྐད་ཅིག་མའི་དུས་སྐབས་འདིར་ང་ཚོས་ཞི་བདེ་ལྡན་པའི་ཁོར་ཡུག་ལ་རོལ་གྱི་ཡོད་ཀྱང་། དུས་སྐབས་གཅིག་དང་གོ་ལ་གཅིག་གི་ནང་མི་ཡིན་པ་གཅིག་མཚུངས་ཡིན་བཞིན་དུ། སི་རི་ཡ་དང་། ཨབ་གྷན། ཨ་རབ་ཁུལ་དུ་ཐ་ན་ཆོས་ལུགས་ཀྱི་མིང་ཐོག་ནས་གསོད་རེས་བྱེད་བཞིན་ཡོད། དེ་དག་ང་ཚོ་རང་གིས་བསྐྲུན་པའི་དཀའ་ངལ་རེད། དེར་བརྟེན། མི་གསོད་རེས་བྱ་རྒྱུ་ཉུང་དུ་གཏོང་རྒྱུ་དེ་ང་ཚོའི་འགན་འཁྲི་ཞིག་ཆགས་ཡོད། འཚེ་བ་དང་སྡུག་བསྔལ་དེ་དག་མིའི་རིགས་ཀྱིས་བཟོས་པ་ཞིག་ཡིན་སྟབས། ང་ཚོར་དེ་དག་རྩ་མེད་གཏོང་རྒྱུའི་ནུས་པ་མེད་ཀྱང་ཉུང་དུ་གཏོང་རྒྱུའི་ནུས་པ་ཡོད་པ་རེད། དེ་ནི་ང་ཚོའི་དགོས་པ་གཙོ་བོ་གཅིག་རེད། སྐབས་མང་པོར་ཚན་རིག་པ་ཚོས་ང་ཚོ་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས། མི་སྒེར་རེ་རེའི་འཚོ་གནས་དེ་རང་གི་ཉེ་འཁོར་གྱི་ཁོར་ཡུག་ལ་བརྟེན་ནས་ཡོད་པ་དང་། རང་བཞིན་གྱིས་མིའི་རིགས་ལ་བྱམས་བརྩེའི་ནུས་པ་དེ་མང་བ་ཡོད། དེ་ནི་རེ་བ་ཡོད་པའི་རྟགས་མཚན་ཞིག་རེད། ད་ལྟའི་ནོར་འཁྲུལ་ནི། ཚན་རིག་ཚུད་པའི་ད་ལྟའི་ཤེས་ཡོན་ལམ་སྲོལ་དེ་ཕྱིའི་དངོས་པོའི་རིན་ཐང་ལ་གཞོལ་རྒྱུ་ཆེ་དྲགས་ཡོད། ཕྱིའི་དངོས་པོའི་ཚན་རིག་རེད། ནང་སེམས་ཀྱི་ཚན་རིག་ཟེར་གྱི་མེད། དེའི་རྒྱུ་མཚན་གྱིས། ད་ལྟ་ང་ཚོས་མིའི་རིགས་ཀྱི་ངོ་མཚར་ཆེ་བའི་ཀླད་པ་དེ་སྙིང་རྗེ་དང་ཟུང་འབྲེལ་བྱེད་དགོས་པ་ལས། གལ་ཏེ་ཁོང་ཁྲོ་དང་ཞེད་སྣང་ཟུང་འབྲེལ་བྱས་ཚེ། ཀླད་པ་གནོད་འཚེ་ཅན་གཏོང་མཁན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སློབ་པའི་དུས་ལ་བབས་འདུག དེ་ཡང་ཆོས་ལུགས་ཀྱི་ཐོག་ནས་མིན་པར་ཚན་རིག་གི་ཞིབ་འཇུག་བརྒྱུད་ནས་བསླབ་དགོས། དེ་སྔོན་ངས་བཤད་པ་ལྟར་ཚན་རིག་པ་འགས་བསྟུད་མར་བྱུང་བའི་ཁོང་ཁྲོ་དང་སྡང་འཛིན་དེ་ང་ཚོའི་འཕྲོད་བསྟེན་ལ་ཧ་ཅང་སྡུག་པོ་ཡོད་སྐོར་བརྗོད་ཡོད། ངའི་ཉམས་མྱོང་གི་ཐོག་ནས་བཤད་ན། བྱམས་བརྩེ་སེམས་ལ་ཉམས་ལེན་བྱས་ཚེ། གནས་སྟངས་ཡོད་ཚད་བཟང་ཕྱོགས་སུ་སྣང་གི་ཡོད་པ་དང་། དེས་ཞེད་སྣང་དང་རེ་དོགས་ཉུང་དུ་གཏོང་གི་ཡོད་པ་རེད། དེར་བརྟེན། རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དེས་ཕྱོགས་གཉིས་ཀར་རེ་དོགས་སྐྱེ་རུ་འཇུག་གི་ཡོད། འགྲོ་བ་སེམས་ཅན་ཐམས་ཅད་དང་ལྷག་པར་དུ་མི་དུང་ཕྱུར་བདུན་ཅུ་རྣམས་གཅིག་མཚུངས་དང་། ང་ཚོ་ཚང་མ་གཅིག་གཞོག་གཅིག་སྡོད་ཀྱི་ཚུལ་དུ་གནས་དགོས་པའི་གཞན་སེམས་གྱི་བསམ་བློ་འཁུར་ཚེ། ཕན་ཚུན་གསོད་རེས་བྱེད་པ་དེ་ཧ་ཅང་གུ་དོག་པའི་བསམ་བློ་རྙིང་པ་ཞིག་ཡིན་པ་ཤེས་ཐུབ། ཅེས་གསུངས་སོང་།

དེའི་རྗེས་ཨ་རིའི་སྐྱེ་འཕེལ་རིག་པ་བ་སློབ་དཔོན་ཌེ་ཝིཌ་སི་ལོན་ཝིལ་སོན་ (David Sloan Wilson) ལགས་ཀྱིས། ལོ་ངོ་ ༥༠ ཡར་སྔོན་དུ་རང་ཉིད་སློབ་མ་ཡིན་སྐབས། སྐྱེ་འཕེལ་རིག་པ་ (Evolution) ཞེས་པ་དེ་རིགས་རྒྱུན་ (Gene) སྐོར་གྱི་ཤེས་བྱ་ཙམ་ལ་གོ་ཡི་ཡོད་པ་མ་ཟད། སྐྱེ་འཕེལ་ཚང་མ་རང་དོན་དང་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན་པ་ལས། གཞན་སེམས་དང་བྱམས་བརྩེའི་ཁྱད་ནུས་ལྡན་པ་རྣམས་སྐྱེ་འཕེལ་རྩ་ནས་ཡོང་ཐབས་མེད་པ་ཞིག་ལ་བསམ་གྱི་ཡོད་པ་དང་། དེ་བཞིན་སྐྱེ་འཕེལ་ལ་དགོས་དོན་དམིགས་བསལ་མེད་པར། ཁོར་ཡུག་གི་གདམ་གསེས་ལས་བྱུང་གི་ཡོད་པ་བཤད་ཀྱི་ཡོད། འོན་ཀྱང་། འདས་པའི་ལོ་ངོ་ ༥༠ ནང་སྐྱེ་འཕེལ་རིག་པའི་ལྟ་བར་འགྱུར་བ་ཆེན་པོ་ཐེབས་ཏེ། དེང་སྐབས་སྐྱེ་འཕེལ་རིག་པས་བྱམས་བརྩེ་དང་གཞན་སེམས་དག་སྐྱེ་འཕེལ་ཡོང་སྲིད་པ་དང་། སྐྱེ་འཕེལ་གྱི་གཞི་རྩའི་ཁྱད་ཆོས་གསུམ་གྱི་སྟེང་ནས་སྒེར་གྱི་རང་བཞིན་རྟོགས་ཐུབ་ཀྱི་ཡོད་སྐོར་དང་། ཉེ་ཆར་ཞིག་ལ་རང་ཉིད་ཚུད་པའི་ཚན་རིག་པ་སྐོར་ཞིག་གིས་བྱ་དེ་ལ་བརྟག་དཔྱད་བྱས་པ་བརྒྱུད། སྤྱིར་སྒེར་གྱི་ཐོག་ནས་རིགས་རྒྱུད་སྤེལ་རྒྱུའི་ནུས་པ་ཆེ་བ་ལྡན་པའི་བྱ་དེ་ལས། བྱམས་བརྩེ་དང་ཞི་བདེའི་ཁོར་ཡུག་ལྡན་པའི་སྤྱིར་བཏང་བའི་བྱ་དེ་ཡིས་རིགས་རྒྱུད་ལེགས་པ་སྤེལ་ཐུབ་ཡོད་སྐོར་སོགས་བརྗོད་སོང་བ་དང་། དེའི་རྗེས་ཆེད་བཅར་ཚན་རིག་པ་རྣམས་ཀྱིས་སྐྱེ་འཕེལ་རིག་པ་དང་འབྲེལ་ནས་བྱམས་བརྩེ་དང་གཞན་སེམས་སོགས་ཀྱི་སྐོར་ལ་དགོངས་ཚུལ་ཅི་ཡོད་སྐོར་ཞུས་ཏེ་བཀའ་བསྡུར་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༣༠

Leave a Reply