དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཟླ་འདིའི་ཕྱི་ཚེས་ ༧ ནས་བསྟན་རྒྱུ་རེད་འདུག

དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པའི་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་བརྒྱད་ཙམ་ནས་གློག་བརྙན་རིང་གྲས་ ༢༤ དང་ཐུང་གྲས་འགའ་སྟོན་འཆར་ཡོད་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། དྷ་རམ་ས་ལའི་ཀ་ཅཱ་རི་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོའི་བཟའ་ཟླ་རི་ཏུ་ས་རིན་(Ritu Sarin)ལགས་གཉིས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བར་གྱི་ཉིན་བཞིའི་རིང་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། ཕྱི་ལོ་ ༢༠༡༩ ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(DIFF)ཐེངས་བརྒྱད་པ་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་བ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་ རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་ཁྱད་ལས་པ་གྲངས་ཅན་ ༧ དང་ཕྱི་རྒྱལ་ནས་ ༣ བཅས་མཉམ་ཞུགས་གནང་གི་ཡོད་འདུག་ལ། དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་བརྒྱད་ཙམ་ནས་གློག་བརྙན་རིང་གྲས་ ༢༤ དང་ཐུང་གྲས་འགའ་སྟོན་འཆར་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་གློག་བརྙན་བཟོ་སྐྲུན་པ་ལྕམ་རི་ཏུ་ས་རིན་(Ritu Sarin) ལགས་ཀྱིས། དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ལོ་ ༨ ཀྱི་ཡར་སྔོན་དུ་ཐོག་མར་མགོ་འཛུགས་བྱེད་སྐབས་ཀྱི་རྩ་འཛིན་གཞིར་བཟུང་། ལོ་ལྟར་དུས་སྟོན་ནང་ང་ཚོའི་དུས་རབས་ལ་ཁ་ཕྱོགས་པའི་སྒེར་གྱི་འཆར་སྣང་འདྲེས་མའི་གློག་བརྙན་འདེམ་གྱི་ཡོད། འདི་ལོ་ཡང་ང་ཚོས་ནུས་པ་གང་ཡོད་དང་ཧ་ཅང་གཟབ་ནན་གྱིས་སྣ་མང་རང་བཞིན་ལྡན་པའི་གློག་བརྙན་ཕབ་སྐྲུན་གྱི་སྒྱུ་རྩལ་བཤམ་བཏོན་བྱས་ཡོད། གློག་བརྙན་དུས་སྟོན་འདི་ནི་གློག་བརྙན་ཕབ་སྐྲུན་པ་དང་དེར་དགའ་མོས་བྱེད་མཁན་བར་ལ་འབྲེལ་ལམ་འཛུགས་ཐབས་ཀྱི་སྡིངས་ཆ་ཞིག་ཡིན་པས། འདི་ལོར་ང་ཚོས་བསྐྱར་དུ་མྱོང་བ་དེ་ཇེ་ཟབ་ཏུ་གཏོང་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་སོང་།

དུས་སྟོན་དང་བསྟུན་གློག་བརྙན་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་གནང་འདུག་ལ། གློག་བརྙན་འཁྲབ་སྟོན་བྱེད་ཕྱོགས་ཐད་རྒྱ་གར་གྱི་འཁྲབ་སྟོན་པ་གྲགས་ཅན་ཨ་ཌིལ་ཧོ་སན་(Adil Hussain) ལགས་ཀྱིས་ཟབ་འཁྲིད་དང་། ཉི་ཧོང་གི་དངོས་བྱུང་གློག་བརྙན་བཟོ་སྐྲུན་པ་སོ་ཌ་(Kazuhiro Soda) ལགས་ནི་བཟོ་སྐྲུན་ཐད་ཀྱི་ལས་ཀ་ཆ་ཚང་བྱེད་མཁན་ཞིག་ཡིན་པས་ཁོས་ཟབ་འཁྲིད་གནང་འཆར་ཡོད་འདུག དེ་བཞིན་སུད་སིའི་བརྙན་ལེན་པ་སཱ་མོལ་(Samuel Weniger) ལགས་ཀྱིས་དངོས་བྱུང་གློག་བརྙན་བརྙན་དུ་ཕབ་སྟངས་སྐོར་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པས་ཐེངས་འདིའི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ཅི་ཙམ་ཡོད་མེད་དྲིས་པར་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། བོད་པའི་གློག་བརྙན་ཐུང་གྲས་གཉིས་ཡོད་པ་ལས་གཅིག་ནི་དྷ་སར་གནས་པའི་བསོད་ནམས་ཚེ་བརྟན་ལགས་ཀྱིས་བཟོས་པའི་པདྨ་ཞེས་པ་ཞིག་དང་། བསྟན་འཛིན་སྐལ་ལྡན་ལགས་ཀྱིས་བཟོས་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གྱི་གློག་བརྙན་ཞིག་ཡོད་པ་རེད། གཞན་༧སྐུ་མདུན་དང་ཚན་རིག་པའི་སྐོར་གྱི་གློག་བརྙན་གསར་པ་ཞིག་ཡོད། ཅེས་བརྗོད་བྱུང་།

ཡང་ཐེངས་འདིའི་དུས་སྟོན་ཐོག་བོད་ནང་བཟོ་སྐྲུན་བྱས་པའི་གློག་བརྙན་ཡོད་མེད་དྲིས་པར་ཁོང་གིས། བོད་ནང་གི་གློག་བརྙན་སྟོན་རྒྱུའི་ཐབས་ཤེས་བཏང་བ་རེད་དེ། ད་ལོར་དམིགས་བསལ་མེད། དྷ་སར་སྟོན་གྱི་ཡོད་པ་གོ་དུས་སྟོན་འདོད་བྱེད་ཀྱི་མི་འདུག དཔེར་ན་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་གསར་པ་གཉིས་ཙམ་བཟོས་ཡོད་པ་རེད། དེ་ཚོ་མཐོང་མྱོང་ལ་དཔེ་མི་སྲིད་པའི་ཡག་པོ་བཟོས་འདུག ཡིན་ནའང་ཁོ་གི་ཚོང་འབྲེལ་གྱི་ཚོགས་པ་དེ་ཚོས་དྷ་སར་སྟོན་གྱི་ཡིན་ལབ་ན་ཉེན་ཁར་བརྩི་ཡི་ཡོད་ས་རེད། དེ་བས་དེ་ཚོ་འདིར་བསྟན་རྒྱུ་ཁག་པོ་བྱུང་སོང་། ཞེས་བརྗོད་བྱུང་།

མཇུག་ཏུ་ཁོང་གིས་བོད་པའི་སྤྱི་ཚོགས་ནང་གློག་བརྙན་འདྲ་མིན་ལྟ་བའི་གོ་སྐབས་ཉུང་ཉུང་ཡིན་པ་དང་། བལྟས་པ་དེ་ཚོ་ཨ་རིའི་ཧོ་ལེ་ཝོ་ཌི་(Hollywood) དང་རྒྱ་གར་གྱི་བྷོལ་ཝོ་ཌི་(Bollywood) ཡི་གློག་བརྙན་ཡིན་པ་མ་གཏོགས། རང་དབང་ཅན་གྱི་གློག་བརྙན་ཚོར་ལྟ་བའི་གོ་སྐབས་ཞེ་དྲག་ཉུང་ཉུང་ཡིན་པ་དང་། ཐེངས་འདིའི་དུས་སྟོན་ཐོག་གི་གློག་བརྙན་དེ་ཚོར་ལྟད་མོ་ཆེན་པོ་དང་གལ་ཆེན། འཛམ་གླིང་གང་སར་བཟོ་སྐྲུན་བྱས་པའི་གློག་བརྙན་ཡིན་སྟབས། དམིགས་བསལ་གྱིས་མ་འདྲ་ཞིག་ཡོད་པའི་གོ་སྐབས་བཟུང་སྟེ་ངེས་པར་དུ་དུས་སྟོན་ལ་ཕེབས་པའི་རེ་སྐུལ་སོགས་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༡

Leave a Reply