དེ་རིང་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༠ ནང་བོད་དོན་ཞི་བདེའི་གྲོས་མོལ་སྐོར་སྐྱོད་ལེཊ་པར་གྲུབ།

འདས་པའི་ཟླ་གཉིས་ལྷག་རིང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་དབུ་འཁྲིད་པའི་བོད་དོན་དང་འབྲེལ་བའི་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་མདུན་དུ་ལེགས་པར་གྲུབ།འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ སྟེ་བོད་མིའི་དམངས་གཙོའི་དུས་ཆེན་ཉིན་མོ་དང་བསྟུན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་དབུ་འཁྲིད་དེ། ཡུ་རོབ་ཀྱི་རྒྱལ་ཁབ་སི་པན་གྱི་གྲོང་ཁྱེར་བྷར་སེ་ལོ་ནཱ་ནས་མགོ་བཙུགས་ཏེ་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༠ ནང་བོད་དོན་དང་འབྲེལ་བའི་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་བསྐྱོད་གནང་ཡོད་པ་དང་། ཞི་བདེའི་སྐོར་སྐྱོད་སྐབས་རྒྱལ་ཁབ་ཁག་གི་དབུས་སའི་མགོ་འཁྲིད་རྣམས་དང་། གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག དེ་བཞིན་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་དངོས་སུ་བཅར་ཏེ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་གཏུག་ཡི་གེ་ཕུལ་བ་སོགས་ཟླ་གཉིས་དང་ཉིན་ལྔ་ཡི་བོད་དོན་ཞུ་གཏུག་ལས་འགུལ་དེ་དེ་རིང་ནས་སུད་སིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་མདུན་དུ་ལེགས་པར་མཇུག་བསྡུས་ཡོད་འདུག

ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་ལས་འགུལ་འདི་མགོ་འཛུགས་གནང་སྐབས་བོད་མི་མང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཕྱི་ལོ་ ༢༠༡༩ འདི་བཞིན་བོད་མིའི་བོད་ས་ཡོངས་རྫོགས་དགྲ་ལག་ཏུ་ཤོར་ཏེ་མི་ལོ་ཧྲིལ་པོ་ ༦༠ ཐམ་པ་འཁོར་དུས་ཞིག་ཡིན་ནའང་། བོད་ཀྱི་རྩ་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་བརྟེན།  འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཏེ་བོད་མིའི་དམངས་གཙོའི་དུས་ཆེན་ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༧༠ རིང་ཡུ་རོབ་རྒྱལ་ཁབ་ ༣༠ ཐམ་པར་གུས་རང་གིས་དངོས་སུ་སྣུམ་འཁོར་གཏང་སྟེ། རྒྱལ་ཁབ་སོ་སོར་ཚེས་གྲངས་རེའུ་མིག་ལྟར་ཞུ་གཏུག་གི་སྐོར་སྐྱོད་ཅིག་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། ཡུ་རོབ་རྒྱལ་ཁབ་ ༣༠ ནང་ཡོད་པའི་བོད་མི་ཁ་འཐོར་བ་རྣམས་དང་ཐུག་འཕྲད་བྱུང་ཐབས། གཙོ་ཆེར་བོད་ནང་གི་ཛ་དྲག་གནས་སྟངས་དང་མུ་མཐུད་སྡུག་རྩུབ། གཉའ་གནོན། ཆོས་དད་རང་དབང་མེད་པ། འགྲོ་འོང་རང་དབང་མེད་པ། སྐད་ཡིག་རང་དབང་མེད་པ། གྲྭ་བཙུན་ཕྱིར་འབུད་གཏོང་བ། འཁོར་ཡུག་གཏོར་བཤིག་གཏོང་བ། གཞི་མེད་བཙོན་འཇུག་བྱེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ཀྱི་གནས་སྟངས་དང་། ཞུ་དོན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཞི་ཅིན་ཕིན་རྣམ་གཉིས་ཀྱི་སྐུ་ཚབ་ཕན་ཚུན་མགྱོགས་མྱུར་གྲོས་མོལ་ཡོང་བའི་རེ་སྐུལ་དང་། དེ་བཞིན་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་ཐབས་དམིགས་ནས་སྤེལ་གནང་ཡོད་པ་རེད།ཐེངས་འདིའི་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་དེ་ཐོག་མར་སི་པན་གྱི་བྷར་སི་ལོ་ན(Barcelona) ནས་མགོ་འཛུགས་ཀྱིས་ཧྥ་རན་སི་དང་། པོར་ཇུ་གྷལ་ (Portugal)། ཨེན་ཌོ་ར་ (Andorra)། སི་ཀོ་ཊི་ལན་ཌི་ (Scotland)། དབྱིན་ཡུལ། ཨ་ཡར་ལན་ཌི་ (Ireland)། སྦེལ་ཇམ། ལུ་སེམ་བྷག་ (luxembourg) འཇར་མན། ཧོ་ལན་ཌི་ (Holland)། ཌན་མེག་ (Denmark) ནོར་ཝེ། སི་ཝི་ཌན་ (Sweden)། ཧྥིན་ལན་ཌི་ (Finland)། ཨེ་སི་ཊོ་ནི་ཡ་ (Estonia)། ལ་ཏི་ཝི་ཡ་ (Latvia)། ལི་ཐུ་ནི་ཡ་ (Lithuania)། པོ་ལན་ཌི་ (Poland)། ཅེག་སྤྱི་མཐུན་ (Czech Republic)། ཨོ་སི་ཏེ་རི་ཡ་ (Austria)། སོ་ལོ་ཝ་ཀི་ཡ་ (Solovakia)། ཧན་གྷ་རི་ (Hungary)། སོ་ལོ་ཝེ་ནི་ཡ་ (Slovenia)། ཁོ་རོ་ཤི་ཡ་ (Croatia)། རོ་མེ་ནི་ཡ་ (Romania)། བྷལ་གྷེ་རི་ཡ་ (Bulgaria)། གྷི་རི་སི་ (Greece)། ཨི་ཊ་ལི་ (Italy)། སུད་སིད་ (Switzerland) བཅས་ཀྱི་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༧

Leave a Reply

3 thoughts on “དེ་རིང་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༠ ནང་བོད་དོན་ཞི་བདེའི་གྲོས་མོལ་སྐོར་སྐྱོད་ལེཊ་པར་གྲུབ།

  1. གཞུང་པ་ཚེ་དབང་བསོད་ནམས

    སྐུ་ངོ་སྤྱི་འཐུས་མཆོག་ནས་ལྷག་བསམ་ཆེན་པོའི་འགན་འཁུར་བླངས་ནས་བོད་དོན་དྲིལ་བསྒྲགས་སྐོར་བསྐྱོད་གནང་བ་བཀྲིན་ཆེ་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཚོའི་སོ་སོའི་མཁེ་ཕན་ལས་གཞན་ལ་ཕན་པའི་ཆབ་སྲིད་ལ་འགན་མི་འཁུར་བ་ནི་ད་ལམ་ཕ་རན་སིའི་འགོ་འཁྲིད་ནས་ང་ཚོའི་རེ་བསྐུལ་ལ་རྒྱ་མིའི་མཉམ་ག་རེ་བཤད་ཡོད་དམ།

  2. ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཁྱེད་ཀྱིས་བོད་དོན་དང་འབྲེལ་བའི་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་ལས་གུལ་གནང་བར་ཐུགས་རྗེ་བཀའ་འདྲིན་ཆེ་ཞུ། སོ་སོའི་ནུས་པ་གང་ལྕོགས་ཀྱིས་ཕྱག་ལས་གནང་བར་བཀའ་འདྲིན་ཆེ།