དྷ་རམ་ས་ལར་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོ་བསྡུས།

སྲིད་བློན་མུ་དྷི་མཆོག་ནས་ཧི་མ་ཅལ་མངའ་སྡེ་དང་འདྲ་བའི་མངའ་སྡེ་མང་པོ་ཞིག་ཡར་ཕྱིན་པར་བརྟེན་རྒྱ་གར་རྒྱལ་ཡོངས་ཀྱི་གནས་སྟངས་སྔར་ལྷག་ཡར་རྒྱས་ཕྱིན་ཡོད་སྐོར་གསུངས།  དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་དྷ་ཤོད་ཀ་ཅ་རི་དམག་སྒར་རྩེད་ཐང་དུ། ཉིན་གཉིས་རིང་གི་ཧི་མ་ཅལ་གོ་ལའི་མ་འཛུགས་ཚོགས་ཆེན་ (Global Investors’ Meet) དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་བློན་མུ་དྷི་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཧི་མ་ཅལ་མངའ་སྡེའི་རིག་གཞུང་དང་ཡུལ་སྐོར་བློན་ཆེན་ (Prahlad Singh Patel)མཆོག  མངའ་སྡེའི་དཔལ་འབྱོར་དང་མཉམ་འབྲེལ་ལས་དོན་བློན་ཆེན་ཨ་ནོ་རེག་ཐ་ཀུར་ (Anurag Thakur)མཆོག མངའ་སྡེའི་ཁེ་ལས་བློན་ཆེན་ (Pratap Chanra Sarangi)མཆོག་སོགས་དང་། ཕྱི་རྒྱལ་གྱི་ཁེ་ལས་བ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་ཁེ་ལས་བ་དང་མ་འཛུགས་ཀྱི་སྐུ་ཚབ་བཅས་མི་གྲངས་སྟོང་ཕྲག་འགའ་འཛོམས་འདུགསྲིད་བློན་མུ་དྷི་མཆོག་ཀ་བ་བཀྲ་ཤིས་རྟགས་བརྒྱུད་ཀྱིས་བརྒྱན་ཞིང་རྒྱབ་ལྗོངས་བོད་དགོན་གྱི་པར་རིས་བྱས་པའི་དམག་སྒར་གྱི་རྩེད་ཐང་སྒོ་ཆེན་ནང་འཛུལ་མ་ཐག  ཧི་མ་ཅལ་མངའ་སྡེའི་ནང་སྐྱེས་པའི་རྒྱ་གར་གྱི་ (Bollywood) གློག་བརྙན་འཁྲབ་སྟོན་མ་ (Yami Gautam) ལགས་ཀྱིས། ཧི་མ་ཅལ་མངའ་སྡེའི་སྲོལ་རྒྱུན་ཞྭ་མོ་དང་སྐེ་དཀྲིས་གཉིས་ཕུལ་བ་དང་། མངའ་སྡེའི་གནད་ཡོད་མི་སྣས་མེ་ཏོག་དང་ཁ་བཏགས་ཕུལ་བ་དང་། ཡུལ་མིའི་ཐུན་མིན་གྱི་རོལ་ཆ་དཀྲོལ་ཏེ་གླུ་གཞས་ཀྱིས་ཕེབས་བསུ་ཞུས་སོང་བ་དང་། སྲིད་བློན་མཆོག་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ཐུན་མིན་གྱི་ཞིང་ལས་ཐོན་སྐྱེད་དང་འཛུགས་སྐྲུན། ཚན་རིག་ལག་རྩལ། ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་བ་སོགས་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་སོང་།

ཧི་མ་ལ་ཅལ་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོ་འདི་ནི་མངའ་སྡེའི་ནང་འཛུགས་བསྐྲུན་དང་ཞིང་ལས་ཟས་རིགས་ཐོན་སྐྱེད། འཕྲུལ་རིགས་དང་སྨན་རིགས་ཐོན་སྐྱེད། ཆུ་མཛོད་དང་མཁའ་འགྲུལ། འཕྲོད་བསྟེན་དང་འགྲིམ་འགྲུལ་སོགས་སྤྱི་ཡོངས་ནས་ཡར་རྒྱས་གཏོང་ཐབས་དང་། མངའ་སྡེ་ཁག་དང་འཛམ་གླིང་གི་མཉམ་འབྲེལ་ཁག ཁྲིམས་བཟོ་བ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་མགོ་འཁྲིད་མཉམ་འདུས།  དེ་བཞིན་ཁེ་ལས་བ་གསོ་སྐྱོང་དང་ལས་ཀ་གསར་བསྐྲུན། ཧི་མ་ཅལ་མངའ་སྡེའི་ཐོན་སྐྱེད་དར་སྤེལ་བཏང་སྟེ་རྒྱ་གར་རྒྱལ་ཡོངས་ཀྱི་ཐོན་སྐྱེད་དང་། ཚོང་ཟོག་ཕྱིར་འདྲེན་ཡར་རྒྱས་སུ་གཏོང་ཐབས་སོགས་སུ་དམིགས་པ་ཞིག་ཡིན་འདུགམཛད་སྒོའི་ཐོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་ (Jai Ram Thakur) མཆོག་གིས། སྲིད་བློན་མུ་དྷི་མཆོག་གི་དབུ་འཁྲིད་འོག་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དང་མཚན་མཐོང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སྲིད་བློན་མུ་དྷི་མཆོག་གིས་བརྩམས་པའི་གྷུ་ཇཱ་རཱ་ཊི་ (Gujarat) མངའ་སྡེའི་ནང་གི་མ་འཛུགས་ལས་གཞི་ཡིས་མངའ་སྡེ་དེའི་ནང་མ་འཛུགས་དར་སྤེལ་བཏང་སྟེ་གྲུབ་འབྲས་ཆེན་པོ་སོན་ཡོད་སྟབས། བློ་སྤོབས་བྱུང་སྟེ་ཧི་མ་ཅལ་མངའ་སྡེའི་ནང་དུའང་མ་འཛུགས་ཀྱི་ཚོགས་འདུ་གོ་སྒྲིག་བྱེད་རྒྱུ་ཐག་གཅོད་བྱུང་ཡོད་སྐོར་དང་། ཧི་མ་ཅལ་མངའ་སྡེའི་གཙང་བའི་མཁའ་རླུང་དང་ཞི་བའི་ཁོར་ཡུག རིག་གཞུང་དང་སྐད་རིགས་སྣ་མང་སོགས་ལ་བརྟེན་རྒྱ་གར་གྱི་ཡུལ་སྐོར་བ་མང་ཤོས་ཀྱི་མངའ་སྡེའི་ཤིག་ཏུ་གྱུར་ཡོད་སྐོར་དང་། དེ་བཞིན་མངའ་སྡེའི་སྲིད་གཞུང་ནས་ཡུལ་སྐོར་ལྟེ་གནས་ཁག་གོ་ལའི་ཡུན་གནས་ཀྱི་ཡུལ་སྐོར་ས་ཚིགས་སུ་བསྒྱུར་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་ནི་མངའ་སྡེའི་ཡར་རྒྱས་ཀྱི་སྲོག་ཤིང་ལ་ངོས་འཛིན་གནང་རྒྱུའི་ཆོད་སེམས་ཡོད་སྐོར་སོགས་གསུངས་སོང་།སྲིད་བློན་མུ་དྷི་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། གོ་ལའི་མ་འཛུགས་ཚོགས་ཆེན་ཞེས་པའི་མིང་གོ་བ་དང་མ་བདེ་བ་བཟོ་འདྲ་བོ་ཞིག་ཡོད་རེད། ཡིན་ན་ཡང་འདི་དངོས་ཡོད་གནས་སྟངས་རེད། ད་ལན་ཧི་མ་ཅལ་མངའ་སྡེ་འཛམ་གླིང་གཞན་དང་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་སྒྲགས་བྱེད་ཀྱི་ཡོད་སྐོར་དང་། ཧི་མ་ཅལ་མངའ་སྡེ་དང་འདྲ་བའི་མངའ་སྡེ་མང་པོ་ཞིག་ཡར་ཕྱིན་པར་བརྟེན། རྒྱ་གར་རྒྱལ་ཡོངས་ཀྱི་གནས་སྟངས་སྔར་ལྷག་ཡར་རྒྱས་ཕྱིན་ཡོད་ལ།  ད་ལྟ་རྒྱ་གར་ནི་སྤྱི་ཚོགས་དང་སྲིད་གཞུང་། ཚོང་འབྲེལ་དང་ཤེས་ཡོན་བཅས་ཀྱི་ཐོག་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ཧི་མ་ཅལ་མངའ་སྡེ་ནི་ཡུལ་སྐོར་སྤྲོ་འཆམ་སོགས་ཕྱོགས་གང་ཅིའི་ཐོག་ནས་ཡར་ཐོན་ཆེ་བའི་མངའ་སྡེ་ཞིག་ལ་ངོས་འཛིན་དང་། ལོ་ལྔའི་སྔོན་རྒྱ་གར་ནང་ཡུལ་སྐོར་སྤྲོ་འཆམ་པ་འབུམ་ ༧༠ ལྷག་ཡོད་པ་དང་། ད་ཆ་ས་ཡ་ ༡༠ ལྷག་ཏུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་ནང་རྒྱ་གར་ལ་ཡུལ་སྐོར་སྤྲོ་འཆམ་གྱི་ཐོག་ནས་ཁེ་ཕན་ཧིན་སྒོར་བྱེ་བ་འབུམ་ ༡ (Lakh Crore)ལྷག་དང་། ཕྱི་ལོ་ ༢༠༡༨ ལོར་ཡོང་འབབ་ཧིན་སྒོར་བྱེ་བ་འབུམ་ ༢ (Lakh Crore)ཟིན་ཡོད་སྐོར་དང་། ད་ལྟའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུ་འཁྲིད་འོག་མངའ་སྡེའི་ནང་གང་ཅིའི་ཐོག་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་སོགས་གསུངས་སོང་།འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝི་ཇེ་སིང་(Vijay Singh Makotia)མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། དེ་རིང་ནས་དབུ་འཛུགས་གནང་བའི་ཧི་མ་ཅལ་གོ་ལའི་མ་འཛུགས་ཚོགས་ཆེན་ (Global Investors’ Meet) ཐོག་སྲིད་བློན་མུ་དྷི་མཆོག་ནས་འཇིགས་ཞུམ་མེད་པའི་ཐོག་ནས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་(International Gandhi Peace Prize) འབུལ་ལམ་ཞུ་རྒྱུར་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། དེ་བཞིན་ཁོང་གིས་འདས་པའི་ལོ་གཉིས་སྔོན་ནས་དྷ་རམ་ས་ལ་དང་ལྡི་ལིར་རྒྱ་གར་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ནཱ་གཟེངས་རྟགས་འབུལ་དགོས་པའི་རེ་འདུན་བཏོན་པ་དེ་ད་བར་གྲུབ་འབྲས་ཐོན་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་རྒྱལ་སྤྱིའི་སྡིངས་ཆ་སོགས་ཀྱི་སྟེང་དུ་སེམས་དཔའ་ཆེན་པོ་གྷན་དྷིའི་འཚེ་མེད་དང་ཞི་བདེ། མཐུན་སྒྲིལ་བཅས་ཀྱི་དགོངས་བཞེས་ཕྱག་བསྟར་མཛད་ཀྱི་ཡོད་སྐོར་གསུང་གི་ཡོད་པ་དང་། དོན་དངོས་ཐོག་ལའང་ད་ལྟའི་དུས་འདིར་གྷན་དྷིའི་དགོངས་བཞེས་སྒྲུབ་མཁན་ཁོང་ལས་ལྷག་པ་ཞིག་འཛམ་གླིང་འདིའི་ནང་མེད་སྟབས་ཁོང་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཞུ་ཡིག་ཕུལ་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གནས་ཚུལ། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་འབོད་སྐུལ་གནང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༨

Leave a Reply

2 thoughts on “དྷ་རམ་ས་ལར་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོ་བསྡུས།

  1. གཞུང་པ་ཚེ་དབང་ལགས། 👍 Good Very Good ཝཻ། བོད་པ་ཚང་། ཧི་མ་ཅཱལ་མངའ་སྡེ་དེ་གང་འདྲ་ཞིག་ཡིན་པ་མཁྱེན་པ་གྱིས་ལ། plz Mr Vijay Singh नटक जयदा हो गीया | नटक करना बन्द करो यार | हम लोग आप लोगों क पुरसकर य नटक देखने के नहीं आया थ | You are the Very Cute Boy 😂

  2. གཞུང་པ་ཚེ་དབང་བསོད་ནམས

    ཧི་མ་ཅལ་མངའ་སྡེའི་ནང་ཡུལ་འཁོར་སྤྲོ་ཁྱམས་ལོ་རེ་ནས་ལོ་བཞིན་གྲངས་ཀ་འཕར་བཞིན་པ་
    དེ་གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་དང་གསུང་ཆོས་ཞུ་མཁན་བཀའ་སློབ་ཉན་མཁན་སོགས་ཡིན་པ་རྒྱ་གར་དབུས་ས་གཞུང་མང་གཉིས་ནས་གསལ་པོ་མཁྱེན་བཞིན་པ་ནས་ད་ལམ་མཛད་སྒོའི་ཐོག་གོང་ས་མཆོག་གདན་འདྲེན་མ་ཞུས་པ་དེར་བོད་པ་ཙམ་མ་ཟད་ཕྱི་མི་མང་པོར་སེམས་ཚོར་ཡོང་ཆོག་པ་ཞིག་མ་རེད་དམ།