བོད་མི་ཞིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

བོད་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་ནས་ཡིན་པའི་བོད་མི་པདྨ་བསམ་འགྲུབ་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ ༨ ལྷག་འགྲོ་བཞིན་ཡོད་ཀྱང་གོ་ཐོས་མེད་པར་གྱུར་ཡོད་འདུགཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་སྔར་ཉིན་ཏེ། ཕྱི་ཟླ་ ༣ ཚེས་ ༩ ཉིན་གྱི་ཞོགས་པར། རྒྱ་ནག་གཞུང་གིས་ཁྱུང་པོ་སྟེང་ཆེན་རྫོང་ནས་ཡིན་པའི་རང་ལོ་ ༢༦ ཅན་གྱི་བོད་མི་པདྨ་བསམ་འགྲུབ་ཞུ་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཇུ་བཟུང་བྱས་ཏེ་ད་བར་ཀློད་གྲོལ་བཏང་མེད་པ་མ་ཟད། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བཙན་བྱོལ་ནང་ཡོད་པའི་པདྨ་བསམ་འགྲུབ་ལགས་ཀྱི་ཉེ་འབྲེལ་ཞིག་གིས།  པདྨ་བསམ་འགྲུབ་ལགས་འཛིན་བཟུང་བྱས་རྗེས་གང་དུ་ཡོད་མེད་ཙམ་གྱི་གནས་ཚུལ་ད་ལྟའང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། པདྨ་བསམ་འགྲུབ་ལགས་ལྷ་ས་ནས་འཛིན་བཟུང་བྱས་ཏེ་དུས་ཡུན་གང་འཚམ་རྗེས། ལྷ་ས་ནས་སྤྱི་ལེ་ ༤༨༠ ཡི་མཚམས་སུ་ཡོད་པའི་ཆབ་མདོ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་བ་མ་ཟད། ཁོང་གིས། པདྨ་བསམ་འགྲུབ་ལགས་ཆབ་མདོའི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་སྐོར་ཐོས་འཕྲལ། ང་ལ་དངོས་གནས་སེམས་ཁྲལ་སྐྱེས་སོང་། ཆབ་མདོའི་བཀག་ཉར་ཁང་གི་དབང་འཛིན་དཔོན་རིགས་ཚོས་ཆབ་སྲིད་དང་འབྲེལ་བའི་བཀག་ཉར་མི་སྣར་གདུག་རྩུབ་ཀྱི་མནར་གཅོད་ལག་བསྟར་བྱེད་པ་ཡོངས་གྲགས་རེད། ང་ད་ལྟ་ཁོའི་ཚེ་སྲོག་ལ་སེམས་ཁྲལ་ཡོང་གི་འདུག ཁོ་ལོ་ན་ཆུང་ཁར་རིག་པ་ཡག་པོ་ཡོད་པ་དང་། གཞི་ནས་མི་ཚེ་འཚོ་བར་འཇུག་མཁན་གཞོན་སྐྱེས་ཤིག་ཡིན་ལ། ད་ནི་ཁོའི་མ་འོངས་པ་རྦད་དེ་ངེས་གཏན་ཅི་ཡང་མེད་པ་ཞིག་ཆགས་པ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་ལྟར་ན། རྒྱ་གཞུང་གིས་པདྨ་བསམ་འགྲུབ་ལ་ཆབ་སྲིད་ཀྱི་དོགས་གཞི་དང་ཁོ་རང་གི་འཕྲིན་ཕྲན་རྒྱབ་ལྗོངས་ལ་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་ཡོད་པ་དང་། པདྨ་བསམ་འགྲུབ་ལགས་ཀྱི་ནང་མི་ཚོར་ཁོང་འཇུ་བཟུང་བྱས་པའི་བརྡ་ལན་ཙམ་ཡང་སྤྲད་མེད་པར་མ་ཟད། ཐུག་འཕྲད་བྱེད་དུའང་བཅུག་མེད་པ་དང་། དོགས་གཞིའི་ཉེས་འཛུགས་དེ་དང་འབྲེལ་ཏེ། སྟེང་ཆེན་རྫོང་ཉེན་རྟོག་ཁང་གིས་ཁོའི་ཕུ་བོ་དཀོན་མཆོག་ཚེ་རྒྱལ་ཐེངས་གཉིས་ལ་འབོད་འགུག་གིས་འདྲི་རྩད་བྱས་འདུག དེ་བཞིན་པདྨ་བསམ་འགྲུབ་ལགས་ཀྱི་ཕ་རྒན་ལྷ་སར་ཐེངས་གཅིག་ཕྱིན་ཡང་། བུ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག

པདྨ་བསམ་འགྲུབ་ལགས་ནི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་ཡུལ་ཚོ་ཁུ་རྒྱུད་གྲོང་ཚོའི་ཪག་ཤི་ཚང་གི་བུ་སྤུན་བཞིའི་གྲས་ཀྱི་ཆུང་ཤོས་དེ་ཡིན་འདུག ཁོང་བཀག་ཉར་མ་བྱས་གོང་ལ་ལྷ་སར་ཆང་ཁང་ཡོད་པའི་ཟ་ཁང་ཞིག་གི་ནང་རྩིས་གཉེར་བའི་ལས་ཀ་དུས་ཡུན་གང་འཚམ་ཞིག་རིང་བྱས་རྗེས། རྭ་རྒྱ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་ལོ་ ༤ རིང་སློབ་གཉེར་བྱས་ཏེ། ཕྱི་ལོ་༢༠༡༨ ཟླ་༣ པའི་ནང་སློབ་མཐར་ཕྱིན་ཡོད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་བཟང་པོ་བླངས་ཏེ་ཁོང་ལ་གཟེངས་བསྟོད་ཀྱང་གནང་མྱོང་ཡོད་འདུག  སློབ་མཐར་ཕྱིན་རྗེས། པདྨ་བསམ་འགྲུབ་ལགས་ཕྱིར་ཕ་ཡུལ་སྟེང་ཆེན་རྫོང་ལ་ལོག་ནས་ལས་ཀ་ཞིག་བཙལ་ཡང་གཏན་འཇགས་ཀྱི་ལས་ཀ་ཞིག་མ་རག་པར་བརྟེན་ལྷ་སར་ཕྱིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༡༣

Leave a Reply