གོ་ཐོས་མེད་པར་གྱུར་བའི་དགེ་འདུན་པ་ཞིག་བཀག་ཉར་ཁང་དུ་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར་བའི་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས་རྔ་བ་རྫོང་ཐོག་གི་བཀག་ཉར་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་འདུགའདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། བོད་ནང་གི་བོད་མི་ཞིག་གིས་གྲྭ་བསོད་ནམས་དཔལ་ལྡན་གྱི་ཉེ་འབྲེལ་ཞིག་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་རྔ་བ་རྫོང་ཐོག་གི་བཀག་ཉར་ཁང་ཞིག་ཏུ་བཅུག་ཡོད་པ་དང་། ཁོང་གི་འབྲེལ་ཡོད་ཚོ་སྔ་གཞུག་ཐེངས་གཉིས་ལ་བཀག་ཉར་ཁང་དུ་ཐུག་འཕྲད་བྱེད་པར་ཕྱིན་ཡོད་པ་དང་། ཐེངས་དང་པོར་བཀག་ཉར་ཁང་གི་ཉེན་རྟོག་པའམ་ལས་མིས་གྲྭ་དཔལ་ལྡན་བསོད་ནམས་ལ་དངུལ་སྤྲད་ན་ཆོག་ཀྱང་། ཐུག་འཕྲད་བྱེད་མི་ཆོག་སྐོར་བརྗོད་དེ་ཐུག་ཏུ་བཅུག་མེད་པ་མ་ཟད། གོན་པ་དང་ཟ་མ་ཡང་སྤྲོད་བཅུག་མེད་འདུག ཐེངས་གཉིས་པ་་ཐུག་འཕྲད་ཐུབ་ཡོད་མེད་སོགས་གསལ་ཁ་མི་འདུག

ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར།  དགེ་འདུན་པ་བསོད་ནམས་དཔལ་ལྡན་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་མེད་ཀྱང་། ཁོང་གིས་སྒེར་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ་དུས་རྒྱུན་རྩོམ་ཐུང་སྤེལ་གྱི་ཡོད་པའི་རྐྱེན་གྱིས་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར། ཁོང་འཛིན་བཟུང་བྱས་པའི་སྔར་ཉིན་ཏེ། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ཁོང་གིས་སྐད་འཕྲིན་རྒྱབ་ལྗོངས་སུ་༼ཕ་སྐད་ལག༽

ཅེས་པའི་རྩོམ་ཐུང་ཞིག་སྤེལ་བའི་ནང་དུ། ཁྱེད་ཡོད་དུས་ངའི་ཕ་ཁྱིམ་ལ་གསེར་འོད་ཀྱིས་ཁྱབ་ཅིང་ཕ་ལོ་ལ་འཛུམ་མདངས་ཀྱིས་ཕྱུག ཁྱེད་མེད་ན་ངའི་ལུང་རྟོགས་ཀྱི་ཆོས་ཆར་དང་སྲིད་འབྱོར་གྱི་མཚོ་མོ་སྐམ་སོང་བ་མ་ཡིན་ནམ། ཁྱེད་མེད་ན་ཡབ་ཆེན་གྱི་བློ་ཁོག་མུན་ནག་རེད། ཡུམ་ཆེན་གྱི་བརྩེ་བ་སྐྱ་བོ་རེད། ཀྱེ་ཀྱེ་་་ས་ཆེན་པོའི་གཙུག་ན་འགྱིང་བའི་མི་རིགས་ཤིག་གི་སྐད་དང་ཡི་གེར་བལྟས་བལྟས་རིག་རིག་ལ་དམའ་མོའི་དོང་དུ་ལྷུང་དོན་ཅི། ཀྱེ་ཧུད་་་ངའི་མི་རིགས་ཀྱི་བླ་སྲོག་གི་གཟུངས་ཐག་འདི་ཆད་ལ་ཁད། ངའི་ལོ་རྒྱུས་ཀྱི་གསར་བ་འདི་འཐོར་ལ་ཁད། ངའི་བསོད་ནམས་ཀྱི་རྟེན་སྐལ་འདི་འཇིགས་ལ་ཁད། ཀྱེ་མ་་་་འདི་དག་བསམ་ན་ང་ངོ་མ་ངུ་རྒྱུ་རེ་ཡོང་གི ཅེས་དང་། ཀྱེ་མ་་་་་ད་ནི་སྨྲེང་བའི་སྡུག་བཤད་དང་སྐྱོ་བའི་མཆི་མ་སོགས་བཙན་གྱིས་མེད་དེ། མགོ་ལུས་ཡན་ལག་དང་བཅས་པ་དྲང་བོར་བསྲིངས་ཏེ་ཁྱེད་ཀྱི་དངོས་གྲུབ་དང་ལོངས་སྤྱོད་ལ་རོལ་ན་ཅིའི་ཕྱིར་མ་ཆོག་པ་རེད་ཨང་། ཅེས་བཀོད་འདུག་མ་ཟད། རྩོམ་ཐུང་དང་མཉམ་དུ་བོད་ཀྱི་རྒྱལ་དར་མདུན་ནས་ཞི་བདེའི་མཚོན་རྟགས་ཀྱི་མཛུབ་མོ་ཀེར་བའི་པར་རིས་ཤིག་ཀྱང་སྤེལ་འདུག

འབྲེལ་ཡོད་གནས་ཚུལ། ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་འཛིན་བཟུང་བྱས།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༡༣

Leave a Reply