རྒྱ་ནག་གི་ཤིན་ཅང་ཁུལ་དུ་དྲག་གནོན་གྱི་གསང་བ་ཕྱིར་ཤོར།

ཞི་ཅིན་ཕིན་གྱིས་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་དང་ཁ་ཆེ་མི་རིགས་གཞན་གྱི་དྲག་སྤྱོད་སྤེལ་བར་སྙིང་རྗེ་རྩ་བ་ཉིད་ནས་བྱ་རྒྱུ་མེད་སྐོར་བརྗོད་པ་གསལ་ཡོད་འདུག དེ་རིང་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་སྤེལ་ལྟར་ན། ཤར་ཏུར་ཀི་སི་ཐན་(ཤིན་ཅང་)ཁུལ་གྱི་ཡུལ་མི་བཀག་ཉར་བྱེད་བཞིན་པའི་སྐོར་གྱི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཡིག་ཆ་འགའ་ཞིག་ཕྱིར་གྱར་བྱུང་བའི་ནང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་དང་ཁ་ཆེ་མི་རིགས་གཞན་གྱི་དྲག་སྤྱོད་སྤེལ་བར་སྙིང་རྗེ་རྩ་བ་ཉིད་ནས་བྱ་རྒྱུ་མེད་སྐོར་བརྗོད་པ་གསལ་ཡོད་འདུག

ད་ལན་ཕྱིར་གྱར་བྱུང་བའི་ཡིག་ཆའི་ནང་གསལ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཤར་ཊུར་ཀི་སི་ཐན་དང་འབྲེལ་བའི་གསང་བའི་གཏམ་བཤད་ཁྲོད། འཇིགས་སྐུལ་དྲག་སྤྱོད་དང་སིམ་འཛུལ། ཁ་བྲལ་བཅས་ལ་ནུས་པ་གཅིག་ཏུ་བསྒྲིལ་ཏེ་འཐབ་རྩོད་བྱེད་དགོས་པ་དང་། ཁོ་ཚོ་དང་གཅིག་མཚུངས་རྒྱ་ནག་གཞུང་ངོས་ནས་ཀྱང་སྡུག་རྩུབ་ཆེ་བའི་ཐབས་བྱུས་བཀོལ་སྤྱོད་བྱས་ཏེ། སྙིང་རྗེ་རྩ་བ་ཉིད་ནས་སྟོན་རྒྱུ་མེད་སྐོར་དང་། ཁ་ཆེ་ཆོས་ལུགས་ཀྱི་ཐལ་ཆེའི་རིང་ལུགས་ནི་འགོས་ཆོག་ཆོག་གི་ནད་འབུ་ཞིག་དང་ངན་གོམས་སུ་འགྲོ་བའི་མྱོ་རྫས་ཤིག་དང་འདྲ་བས། དཀའ་ངལ་དེ་སེལ་ཐབས་སུ་བཟོད་ཐབས་མེད་པའི་དུས་སྐབས་བརྒྱུད་དགོས་པ་མ་ཟད། ཁ་ཆེ་ཆོས་ལུགས་ཀྱི་མི་མང་ལ་སྤྲད་པའི་ཤུགས་རྐྱེན་ནི་ནམ་ཡང་ཚོད་དཔག་མི་ཐུབ་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཡིག་ཆ་དེ་ཐོག་མར་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་(New York Times)གིས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་སྤེལ་ཡོད་པ་དང་། ཡིག་ཆ་དེ་དག་རྒྱ་ནག་གི་དཔོན་རིགས་ཤིག་གི་ལག་ནས་གསར་ཁང་དེར་ལག་སོན་བྱུང་ཡོད་པ་དང་། ད་ཐེངས་ལག་ཏུ་སོན་པའི་ཡིག་ཆ་གྲངས་ ༢༤ ཡོད་པ་ལས་ཤོག་གྲངས་ ༢༠༠ མ་ཟིན་ཙམ་ནི། ཕྱི་ལོ་ ༢༠༡༤ ལོར་ཤར་ཏུར་ཀི་སི་ཐན་ནང་གི་མེ་འཁོར་འབབ་ཚིགས་ཤིག་ཏུ། མི་ཤིག་གིས་མི་ཚོགས་ནང་གང་བྱུང་གྲི་བརྒྱབ་སྟེ་མི་གྲངས་ ༣༡ བསད་པའི་དོན་རྐྱེན་དེའི་རྗེས་སུ་ཞི་ཅིན་ཕིན་གྱིས་དམར་ཤོག་དཔོན་རིགས་ཚོར་སྤེལ་བའི་གཏམ་བཤད་ཁག་དང་། དཔོན་རིགས་གཞན་ཚོས་སྤེལ་བའི་གཏམ་བཤད་ཁག་ཅིག་ཡིན་འདུག་ལ། ཤོག་གྲངས་ ༡༥༠ ལྷག་ནི་ཡུལ་དེའི་ཁ་ཆེ་བ་ཚོར་མྱུལ་ཞིབ་དང་སྟངས་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་དང་སྙན་ཐོ་ཁག་ཡིན་འདུག དེ་བཞིན་ཤོག་གྲངས་ ༤༠ ལྷག་ནི་ས་གནས་སྲིད་གཞུང་ལ་ཞིབ་འཇུག་བྱས་པའི་རྒྱུ་ཆ་ཁག་ཡིན་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ (Global Times) ཐོག་བཀོད་པའི་གནས་ཚུལ་ནང་དུ་ཡང་། ནུབ་ཕྱོགས་ཀྱི་མཐོ་རིམ་སྤྱི་ཚོགས་ཀྱིས་ཤར་ཏུར་ཀི་སི་ཐན་དེ་ཧ་ཅང་དྲག་སྤྱོད་ཆེ་བ་དང་ཟིང་འཁྲུག་ཅན་ཞིག་ཏུ་མཐོང་འདོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཡུལ་དེའི་གནས་སྟངས་ཡར་རྒྱས་ཕྱིན་པ་དེར་དགའ་མོས་བྱེད་ཀྱི་མེད་པ་རེད། ཅེས་ནིའུ་ཡོག་དུས་བབ་གསར་ཁང་ལ་སྐྱོན་བརྗོད་དང་སྦྲགས། འཛམ་གླིང་རྒྱལ་ཁབ་ ༥༠ ཙམ་གྱིས་ད་ལྟའི་རྒྱ་ནག་གི་ཤར་ཏུར་ཀི་སི་ཐན་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་ཤར་ཏུ་ཀི་སི་ཐན་ནང་ཁ་ཆེ་བ་ས་ཡ་ ༡ ལྷག་བཀག་སྐྱིལ་ཁང་དུ་བཅུག་ཡོད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ནི་ལག་ཤེས་སྦྱོང་བརྡར་ཁང་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་། ཡིག་ཆ་དེའི་ནང་སློབ་མ་ཚོས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་དང་འབྲེལ་བའི་དྲི་བ་བཏོན་ཚེ། བཀག་སྐྱིལ་ཁང་གི་གཞུང་འབྲེལ་མི་སྣ་རྣམས་ཀྱིས། ཁོ་ཚོའི་ཕ་མ་ནི་གཞུང་གིས་བརྒྱབ་པའི་སྦྱོང་བརྡར་ཁང་དུ་ཡོད་པ་དང་། སློབ་མ་ཚོའི་ཀུན་སྤྱོད་དང་རྣམ་འགྱུར་ལ་བརྟེན་ནས་རང་ཉིད་ཀྱི་ཉེ་འབྲེལ་དང་ནང་མི་ཚོའི་བཀག་ཉར་གྱི་དུས་ཡུན་ཕར་འགྱངས་དང་ཇེ་ཐུང་དུ་གཏོང་སྲིད་པས། དེར་རྒྱབ་སྐྱོར་བྱེད་པ་ནི་ཉེ་འབྲེལ་ཚོ་དང་རང་ཉིད་ཀྱི་ཆེད་ཡིན་སྐོར་བཤད་དགོས་པའི་ལམ་སྟོན་བཀོད་པ་སོགས་བཙན་དབང་གིས་གཉའ་གནོན་བྱེད་ཀྱི་ཡོད་པ་མཚོན་པའི་སྐད་ཆ་དེ་འདྲའང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༨

Leave a Reply