ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་གྲོས་འཆར་གསར་པ་བཏོན།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་གོང་འཕེལ་སོགས་ཀྱི་མཛད་འཕྲིན་ལ་ཆེ་མཐོང་ཞུ་དགོས་སྐོར་གྱི་གྲོས་འཆར་གསར་པ་ཞིག་བཏོན་གནང་འདུགཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ཊི་ཌི་ཡོ་ཧོ་ (Ted Yoho) ལགས་ཀྱི་མཚན་ཐོག་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern) ལགས་དང་། ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཆཱ་རེ་སི་སི་མེ་ཐི་ (Chris Smith) ལགས། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་མེ་ཁོལ་ Michael McCaul)བཅས་ཀྱིས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་གོང་འཕེལ་སོགས་ཀྱི་མཛད་འཕྲིན་ལ་ཆེ་མཐོང་ཞུ་དགོས་སྐོར་གྱི་གྲོས་འཆར་གསར་པ་ཞིག་བཏོན་གནང་འདུག

དེ་ཡང་གྲོས་འཆར་དེའི་ནང་། གོང་ས་མཆོག་ནས་འགྲོ་བ་མིའི་རིན་ཐང་དར་སྤེལ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་བ་དང་། འཛམ་གླིག་གི་དཀའ་རྙོག་ཁག་གྲོས་མོལ་བརྒྱུད་སེལ་དགོས་པའི་ལམ་སྟོན་གནང་བཞིན་པ་དང་། འཚེ་མེད་ཞི་བའི་ཐོག་བོད་རྒྱལ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གསར་གཏོད་མཛད་པར་ནོལ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་ཡོད་སྐོར་དང་།  བོད་མི་ས་ཡ་ ༦ ལྷག་འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ ལྷག་ནང་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། བོད་མི་ཁྲི་ ༣ ལྷག་བྱང་ཨ་རིའི་ནང་གནས་སྡོད་བྱེད་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་ཨ་རི་དང་བོད་མིའི་བར་མཛའ་འབྲེལ་བྱུང་ནས་མི་ལོ་ ༦༠ འཁོར་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་ཀྱི་མངོན་འདོད་དང་། མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པའི་སྐོར་དང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ (Terry Branstad) ལགས་བོད་ནང་ཕེབས་ཏེ། བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ནང་ཆོས་དད་རང་དབང་གི་མགྲིན་ཚབ་པ་ (Samuel D. Brownback)ལགས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་མཆོག་དང་ལྷན་ཆོས་དད་རང་དབང་ཡོང་ཐབས་ཐོག་བཀའ་བསྡུར་གནང་ཡོད་སོགས་འགྲེལ་བརྗོད་གནང་ཡོད་པ་དང་སྦྲགས། ཨ་རིའི་གྲོས་ཚོགས་འོག་མས་རིག་གཞུང་དང་ཆོས་ཀྱི་གལ་ཆེན་རང་བཞིན་ཐོག་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་། ཨ་རི་བ་དང་བོད་མིའི་མཛའ་འབྲེལ་ཟབ་མོར་ངོས་འཛིན་དང་། ༧རྒྱལ་དབང་སྐུ་ཕྲེང་ ༡༤ པ་མཆོག་ནས་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གྱི་ཐུགས་སྐྱེད་དམ་བཅར་ཆེ་བསྟོད་ཞུ་རྒྱུ་དང་། ༧གོང་ས་མཆོག་དང་ལྷན་རྒྱལ་སྤྱིའི་དཀའ་རྙོག་ཞི་བའི་ངང་སེལ་ཐབས་སུ་དྲ་བརྙན་བརྒྱུད་ཆབ་སྲིད་ཚོགས་པ་གཉིས་སམ་གྲོས་ཚོགས་གོང་འོག་གཉིས། ཡང་ན་ (Capitol Visitor Center) ནང་ཁ་པར་བརྒྱུད་ཚོགས་འདུ་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་གལ་ཆེ་བའི་ཐག་གཅོད་གནང་དགོས་པ་བཅས་བཀོད་འདུགའདི་ལོའི་ཕྱི་ཟླ་ ༩ ནང་། ཨ་རིའི་གྲོས་ཚོགས་འོག་མའི་ནང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇེམ་སི་མེག་གྷོ་ཝེན་ (James McGovern) ལགས་ཀྱིས། ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་ཡིག་དེའི་ཐོག རྒྱ་ནག་གི་མགོ་འཁྲིད་སུ་རུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཐད་ཐེ་བྱུས་བྱས་ཚེ། དེར་འོས་འཚམ་གྱིས་དཔལ་འབྱོར་ཉེས་ཆད་གཅོད་དགོས་པ་དང་། ལྷ་སར་ཨ་རིའི་གཞུང་ཚབ་མ་བཙུགས་གོང་ཨ་རིར་རྒྱ་ནག་གཞུང་ཚབ་གསར་པ་འཛུགས་མི་ཆོག་པ་བསྐྱར་སྣོན་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་རེད། ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ༧ ནས་རྒྱབ་གཉེར་གནང་བའི་ཐོག་ནས་གྲོས་ཚོགས་ནང་བཏོན་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། གྲོས་ཚོགས་གོང་མའི་ཁྲིམས་ཞིབ་ཚོགས་ཆུང་ལ་ཡང་ཆེད་དོན་སྙན་གསེང་ཞུས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༢༡

Leave a Reply