ཨ་རུ་ན་ཅལ་ནང་རྒྱ་རྒོལ་ཞི་བའི་གོམ་བགྲོད་གནང་།

ཨ་རུ་ན་ཅལ་གྱི་གྲོས་ཚོགས་འཐུས་མི་ཏཱ་པིར་གའོ་ལགས་ཀྱིས་མ་འོངས་ཉིན་ཤས་ནང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རུ་ན་ཅལ་གྱི་མཐའ་མཚམས་དང་འབྲེལ་ནས་སླར་ཡང་འབྲོག་ལམ་གྱི་གནད་དོན་ལྟར་གླེང་སློང་ཆེན་པོ་ཞིག་ཆགས་མ་སྲིད་པ་མ་རེད་ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་ཧིན་བོད་འབྲེལ་མཐུད་ལྷན་ཁང་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་རྟ་དབང་གྲོང་རྡལ་དུ། རྒྱ་ནག་གིས་ས་མཚམས་བརྒལ་ནས་རྒྱ་གར་གྱི་མཐའ་མཚམས་ཁག་ལ་སིམ་འཛུལ་བྱེད་བཞིན་པར་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག བོད་རང་བཙན་གཙང་མ་ཡིན། རྒྱ་ནག་བོད་ནས་ཕྱིར་ལོག་དགོས། རྒྱ་གར་རྒྱལ་ཁབ་རྒྱལ་གྱུར་ཅིག་སོགས་ཀྱི་འབོད་སྒྲ་བསྒྲགས་ཡོད་འདུགཐེངས་འདིའི་ཞི་བའི་གོམ་བགྲོད་ནང་ཧིན་བོད་འབྲེལ་མཐུད་ལྷན་ཁང་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་། དེ་བཞིན་རྟ་དབང་ས་གནས་མི་མང་དང་དགེ་འདུན་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་རྒྱ་གར་གྱི་མི་མང་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་ཕྲག་ལྷག་གིས་མཉམ་ཞུགས་གནང་ཡོད་འདུག་ལ། རྒྱ་རྒོལ་གོམ་བགྲོད་དེ་ནི་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་། བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་གིས་དྲག་གནོན་སྲིད་བྱུས་སྤེལ་བཞིན་པར་ངོ་རྒོལ་གནང་བ་ཞིག་ཡིན་འདུགགཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏཱ་པིར་གའོ་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་། རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་སུ་ཡིན་རུང་ཨ་རུ་ན་ཅལ་མངའ་སྡེ་ནང་ཕེབས་སྐབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་མ་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག་ཀྱང་། རྒྱ་གར་གཞུང་ངོས་ནས་རྒྱ་ནག་གཞུང་གི་རྣམ་འགྱུར་ལ་དགག་ལན་དང་ཡ་ལན་བྱེད་ཀྱི་མེད་པ་མ་ཟད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་དེའི་སྐོར་ལ་དོ་སྣང་བྱེད་ཀྱི་མི་འདུག དེར་བརྟེན་ཁོང་གིས་ནན་ཏན་བྱས་ཏེ་ཞུ་དགོས་པ་ཞིག་ལ། དེ་སྔོན་རྒྱ་གར་གྱི་མངའ་ཁོངས་ཡིན་པའི་མཐའ་མཚམས་ཁག་གི་ས་གནས་ཁ་ཤས་ད་ལྟ་རྒྱ་གཞུང་གིས་བཙན་བཟུང་བྱས་འདུག་པས། གནད་དོན་དེ་དག་ཁོང་གིས་གྲོས་ཚོགས་ནང་གླེང་སློང་མ་བྱས་ན། མ་འོངས་པར་ཁོང་གིས་རྒྱ་གར་གཞུང་དམངས་ལ་དྲང་བདེན་མ་བྱས་པ་དང་། ལོ་རྒྱུས་ཀྱི་ནག་ཉེས་ཅན་ཞིག་ཆགས་རྒྱུ་ཡིན་པས། འབྱུང་་འགྱུར་གྱི་ཉིན་ཤས་ནང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རུ་ན་ཅལ་གྱི་མཐའ་མཚམས་དང་འབྲེལ་ནས་སླར་ཡང་འབྲོག་ལམ་གྱི་གནད་དོན་བཞིན་གླེང་སློང་ཆེན་པོ་ཞིག་ཆགས་མ་སྲིད་པ་མ་རེད་ཅེས་ཚོར་ཤུགས་དྲགས་པོའི་ཐོག་ནས་གླེང་སློང་གནང་ཡོད་འདུག

རྒྱ་གར་རྒྱལ་ས་ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༤

Leave a Reply