བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

༧གོང་ས་མཆོག་གིས་རྒྱ་གར་ཀྱི་གནའ་བོའི་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་རིག་གཞུང་དེ་དད་པ་དང་སྨོན་ལམ་ཙམ་གྱི་ཐོག་ནས་མིན་པར་སློབ་གསོའི་ཐོག་ནས་བསྐྱར་གསོ་བྱ་རྒྱུ་ཧ་ཅང་ཆེན་པོ་རེད་ཅེས་གསུངས།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་སེན་ཊི་ཁོ་ལོམ་བྷའི་སློབ་གྲྭ་ (St. Columba’s School)་དང་། རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་སར་ཝེ་པཱ་ལི་རཱ་དྷ་ཁིར་ཤི་ནན་ (Sarvepalli Radhakrishnan) མཆོག་གི་རྗེས་དྲན་ཚོགས་འདུའི་གཏམ་བཤད་སྐབས་ ༢༤ པ་བཅས་ཀྱི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གྲུབ་རྗེས། མ་ཧཱ་ར་ཤི་ཊ་ (Maharashtra) མངའ་སྡེའི་ནང་གོ་ལའི་ནང་པའི་ལྷན་ཚོགས་དང་། ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་བསྟི་གནས་སོགས་སུ་མཛད་འཕྲིན་བསྐྱངས་པ་ལེགས་པར་གྲུབ་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་གྱི་ཐོག་བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད།

དེ་ཡང་ཁ་སང་ཕྱི་ཚེས་ ༢༤ ཉིན་མ་ཧཱ་ར་ཤི་ཊ་ (Maharashtra) མངའ་སྡེའི་ནང་གོ་ལའི་ནང་པའི་ལྷན་ཚོགས་ཐོག་༧གོང་ས་རྒྱལ་མཆོག་གིས། ངོས་ཀྱིས་རྒྱུན་དུ་ནང་པ་ཚོར་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་སྐོར་བརྗོད་ཀྱི་ཡོད། དེའི་གོ་དོན་ནི་ནང་བསྟན་ལ་སྦྱང་བ་དགོས་པ་དེ་རེད། སངས་རྒྱས་ཀྱི་རྗེས་འཇུག་པའི་ཁྲོད་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡོད་པ་རེད། གལ་སྲིད་སངས་རྒྱས་ལ་དད་པ་ཁོ་ནས་རྗེས་སུ་འབྲངས་ཚེ་ཡུན་རིང་གནས་ཐུབ་ཀྱི་མེད་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་དུ་སོང་ཚེ་ཡུན་རིང་གནས་ངེས་ཡིན་པ་རེད། ཅེས་དང་། བྱམས་བརྩེའི་དགེ་རྒན་ཡག་ཤོས་ནི་རང་ཉིད་ཀྱི་དགྲ་བོ་ཡིན་པ་དང་། ནང་བསྟན་ནི་སྨན་ཞིག་དང་འདྲ་བར་སྨན་དེས་ནད་ཚང་མར་ཕན་ཀྱི་མེད་པ་བཞིན་མིའི་ཁམས་དང་མོས་པ་ལ་བརྟེན་ནས་ཆོས་ལུགས་ཀྱང་མ་འདྲ་བ་ཡོད་པས། རང་ཉིད་ཆོས་ལུགས་གང་གི་རྗེས་སུ་འབྲང་གི་ཡོད་ནའང་ཆོས་ལུགས་གཞན་དེར་བཟོད་སྒོམ་ཐོག་རྗེས་འབྲང་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུགཕྱི་ཚེས་ ༢༣ ཉིན་མ་ཧཱ་ར་ཤི་ཊ་ (Maharashtra) མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་བསྟི་གནས་ (Lokuttara International Bhikkhu Training Center) ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཁུལ་དེའི་ལུས་སྦྱོང་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་ནང་ཆོས་སྤྱི་བཤད་མཛད་སྐབས་༧གོང་ས་མཆོག་གིས། དེང་སྐབས་ངོས་ནས་ཐེག་ཆེན་དང་ཐེག་དམན་ཞེས་འབོད་ཀྱི་མེད། ནང་པའི་གཞུང་ལུགས་ཁག་གི་ནང་ཚིག་དེ་གཉིས་དེ་ལྟར་བཀོད་ཡོད་ནའང་། ངོས་ཀྱིས་བསམ་པར་ཐེག་ཆེན་དང་ཐེག་དམན་ཟེར་དུས་ཐེག་དམན་ནི་ཏོག་ཙམ་དམའ་བའི་གོ་བརྡ་སྟོན་ཀྱི་ཡོད་པ་འདྲ་པོ་ཞིག་རེད། དེ་ནི་ནོར་བ་རེད། ངོས་ནས་པ་ལིའི་རིག་གཞུང་ (Pali Tradition) དང་ལེགས་སྦྱར་གྱི་རིག་གཞུང་ (Sanskrit Tradition) ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་པ་ལིའི་རིག་གཞུང་ནི་ནང་བསྟན་གྱི་རྨང་གཞི་དེ་ཡིན་པ་རེད། ཕྱིས་སུ་ན་ལེནྜ་རུ་ནང་བསྟན་དར་པ་ལ་བརྟེན། ལེགས་སྦྱར་གྱི་སྐད་སྤྱད་པ་རེད། ཅེས་དང་བཅོམ་ལྡན་འདས་སངས་རྒྱས་པའི་རྗེས་པ་ལིའི་སྐད་དུ་བདེན་བཞི་དང་མི་རྟག་པ་བཅུ་དྲུག་སོགས་ཀྱི་ཆོས་འཁོར་དང་པོ་དེ་ཝཱ་ར་ཎ་སིར་གསུངས་ཡོད་པས། བདེན་བཞི་ནི་ནང་བསྟན་གྱི་རྨང་གཞི་ཡིན་ལ། དེ་བཞིན་ཆོས་འཁོར་གཉིས་པའི་སྐབས་རྒྱ་གར་ནང་ལེགས་སྦྱར་གྱི་སྐད་དེ་སློབ་གཉེར་ཅན་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་པས་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ལེགས་སྦྱར་སྐད་དུ་ཡོད་པ་བཞིན་ཆོས་འཁོར་གསུམ་པའང་ལེགས་སྦྱར་སྐད་དུ་ཡོད་པ་སྐོར་སོགས་གསུངས་འདུགདེ་བཞིན་ཡུལ་དེའི་ཨོ་རེན་གྷ་བྷ་དྷི་ (Aurangabad) གྲོང་འཁྱེར་ནང་གསར་འགོད་པ་ཚོར་མཇལ་འཕྲད་གནང་སྐབས་༧གོང་ས་མཆོག་གིས། ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་བལྟོས་པར་ཆོས་ཁས་ལེན་མཁན་ཚོར་ཆོས་གང་ལ་དད་པ་བྱེད་མིན་ནི་རང་ཉིད་ཀྱི་གནད་དོན་ཞིག་ཡིན་པ་དང་། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་བཞིན་ང་ཚོ་ཚང་མར་སེམས་ཞི་བདེ་དགོས་པ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་འཚེ་བ་མེད་པ་དང་སྙིང་རྗེ་ཡི་རིག་གཞུང་ནི་ད་ལྟའི་དུས་ལའང་ཆོས་དད་ཡོད་མིན་ལ་བལྟོས་པར་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཚང་མར་འབྲེལ་བ་ཟབ་མོ་ཡོད་པ་རེད། དེ་བས་འཛམ་གླིང་སྤྱི་ཡོངས་སུ་རིན་ཐང་འདི་དག་སྟོན་ཐབས་སུ་ཐོག་མར་རྒྱ་གར་ནང་ཤེས་བྱ་འདི་དག་བསྐྱར་གསོ་དགོས་པ་རེད། དེང་རབས་རྒྱ་གར་གྱི་སློབ་གསོ་ནི་དབྱིན་ཡུལ་ནས་བྱུང་བ་ཞིག་ཡིན་པ་དང་ནུབ་ཕྱོགས་ཀྱི་སློབ་གསོ་ནི་གཙོ་བོ་ཕྱི་དངོས་པོའི་ཐོག་ཁ་ཕྱོགས་པ་ཞིག་ཡིན་པ་རེད། དེའི་སློབ་གསོ་ཞིག་གི་འོག་རང་བཞིན་གྱིས་བསམ་བློ་ཕྱི་དངོས་པའི་རིན་ཐང་གི་ཐོག་ལ་གཏོང་གི་རེད། མཚམས་རེར་ངོས་ཀྱི་རྩེད་མཚར་དང་སྦྲགས་རྒྱ་གར་གྱི་གྲོགས་པོ་ཚོར་ངོས་ཀྱི་ལུས་ཕུང་འདི་བོད་མི་ཡིན་ནའང་། ངོས་ཀྱི་བསམ་བློ་ནི་རྒྱ་གར་གྱི་དེང་རབས་སློབ་གསོ་ཐོབ་མཁན་རྣམས་ལས་རྒྱ་གར་བའི་རང་བཞིན་ཆེ་བ་ཡོད་སྐོར་བརྗོད་ཀྱི་ཡོད། དེ་བས་རྒྱ་གར་ཀྱི་གནའ་བོའི་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་རིག་གཞུང་དེ་དད་པ་དང་སྨོན་ལམ་ཙམ་གྱི་ཐོག་ནས་མིན་པར་སློབ་གསོའི་ཐོག་ནས་བསྐྱར་གསོ་བྱ་རྒྱུ་ཧ་ཅང་ཆེན་པོ་རེད། ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དྷ་ས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཆིབས་ཐོན་གྱིས་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་སེན་ཊི་ཁོ་ལོམ་བྷའི་སློབ་གྲྭའི་ (St. Columba’s School) ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ཁྲོ་དང་བློ་འཚབ་སྤང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མི་གྲངས་ ༤༠༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་གཞོན་སྐྱེས་ཚོར་འཛམ་གླིང་འདི་སྔར་ལས་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་གོ་སྐབས་ཡག་པོ་ཡོད་ལ། བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡོད་པ་རེད། ཅེས་དང་། ཕྱི་ཚེས་ ༢༡ ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། རྒྱ་གར་གྱི་ཆེས་མཐོའི་སློབ་གཉེར་ཁང་གིས་གོ་སྒྲིག་བྱས་པའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་སར་ཝེ་པཱ་ལི་རཱ་དྷ་ཁིར་ཤི་ནན་ (Sarvepalli Radhakrishnan) མཆོག་གི་རྗེས་དྲན་ཚོགས་འདུའི་གཏམ་བཤད་སྐབས་ ༢༤ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། དེང་རབས་རྒྱ་གར་གྱིས་ང་ཚོའི་སེམས་མྱོང་ལ་ཁ་གཏད་ཇི་ལྟར་གཅོག་ཚུལ་སྟོན་པའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་བྱེད་དགོས་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༢༥

Leave a Reply