སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལཊ་སྐུ་གྲོངས།

བོད་ཀྱི་གསོ་བ་རིག་པའི་སྨན་པ་ཆེན་མོ་སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་ཡེ་ཤེས་དོན་ལྡན་ལགས་དགུང་གྲངས་ ༩༢ ཐོག་བཞུགས་སྒར་དྷ་རམ་ས་ལའི་རང་ཤག་ཏུ་སྐུ་གྲོངས་ཡོད་པ་རེད།མདང་དགོང་མཚན་གུང་ཡོལ་ཆུ་ཚོད་ ༢:༥༣ སྟེང་སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་ཡེ་ཤེས་དོན་ལྡན་ལགས་བཞུགས་སྒར་དྷ་རམ་ས་ལའི་རང་ཤག་ཏུ་དགུང་གྲངས་ ༩༢ ཐོག་སྐུ་གྲོངས་ཡོད་པ་དང་། ཁོང་གིས་འདས་པའི་མི་ལོ་ ༦༠ མ་ཟིན་ཙམ་རིང་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ལ་བརྟེན་ནས་བོད་དང་རྒྱ་གར། ཕྱི་རྒྱལ་བ་སོགས་ནད་པ་གྲངས་ལས་འདས་པར་སྨན་བཅོས་གནང་གནང་ཡོད་པ་དང་། ལྷག་པར་དུ་སྐྲན་ནད་དང་གཉན་ནད་རེག་དུག་འགོག་བཅོས་བྱེད་པར་དམིགས་བསལ་གྱིས་ཕན་རླབས་ཆེན་པོ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་ཐོབ་ཡོད་པ་རེད།དེ་རིང་འདི་གའི་གསར་འགོད་པ་བླ་སྨན་པ་དམ་པ་ཁོང་གི་བཞུགས་ཤག་ཏུ་ཕྱིན་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་དབུས་པའི་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། སྨན་པ་ཁག་ཅིག དེ་བཞིན། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་དམ་པ་ཁོང་སྐུ་གྲོངས་བར་མྱ་ངན་དང་། ཤུལ་ལུས་ནང་མི་འབྲེལ་ཡོད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བར་བཅར་འདུག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༥ སྟེང་བོད་ཀྱི་སྨན་རྩིས་ཁང་གི་གོ་སྒྲིག་འོག སྨན་རྩིས་ཁང་གི་ཐོག་ཁང་དུ་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་འདུགསྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཕྱི་ལོ་ ༡༩༢༧ ཟླ་ ༥ ཚེས་ ༡༥ ཉིན་བོད་ལྷོ་ཁ་རུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། དགུང་ལོ་ ༦ སྟེང་རབ་ཏུ་བྱུང་། དགུང་ལོ་ ༡༡ ཐོག་ལྕགས་པོ་རི་བོད་ཀྱི་གསོ་རིག་སྨན་ཁང་དུ་འཛུལ་ཞུགས་གནང་སྟེ། མཁས་དབང་མཁྱེན་རབ་ནོར་བུ་ལགས་ཀྱི་མདུན་ནས་ལོ་ ༩ རིང་བོད་སྨན་ཐོག་སློབ་གཉེར་གནང་སྟེ་བསླབ་པ་མཐར་སོན་ནས་ཕྱི་ལོ་ ༡༩༥༡ ནས་སྨན་པའི་ཕྱག་ལས་མགོ་འཛུགས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོ་བཙན་བཟུང་བྱས་པར་བརྟེན་བཙན་བྱོལ་དུ་ཕེབས་དགོས་བྱུང་། བཙན་བྱོལ་ནང་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ ཕྱི་ལོ་ ༡༩༦༡ ལོར་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་མཁན་གཙོ་བོའི་གྲས་ཡིན་པ་དང་།  ཕྱི་ལོ་ ༡༩༦༩ ལོར་སྒེར་གྱི་ཡེ་ཤེས་དོན་ལྡན་སྨན་ཚོང་ཁང་གསར་འཛུགས་གནང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་གཅིག་ནས་དགུང་ལོ་མཐོ་བ་དང་སྙུང་གཞི་ཡིས་ནད་པར་བརྟག་དཔྱད་མཚམས་འཇོག་གནང་ཡོད་འདུགའདས་པའི་མི་ལོ་ ༦༠ མ་ཟིན་ཙམ་རིང་དམ་པ་ཁོང་གིས་བོད་དང་རྒྱ་གར་གཙོ་བོར་གྱུར་བའི་ནད་པ་སྟོང་ཕྲག་མང་པོ་དང་། དམིགས་བསལ་གྱིས་སྐྲན་ནད་དང་གཉན་ནད་རེག་དུག་འགོག་བཅོས་ཐད་འགྲོ་དོན་རྒྱ་ཆེན་པོ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བླ་སྨན་གྱི་ཞབས་ཞུ་ཞུས་ཡོད་པ་དང་། ཁོང་གིས་བོད་ཀྱི་གསོ་བ་རིག་པ ་དང་འབྲེལ་བའི་དེབ་(Health through Balance)དང་(Healing from the Source)། (The Ambrosia of Heart Tantra)སོགས་བརྩམས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༢༦

Leave a Reply

3 thoughts on “སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལཊ་སྐུ་གྲོངས།

  1. སྐུའི་བླ་སྨན་གནང་བ་དང་། འགྲོ་བ་མི་ལ་མི་འཇིགས་པའི་སྐྱབས་སྦྱིན་མཁན་གྱི་སྐྱེས་བུ་་དམ་པ༧སྐུའི་བླ་སྨན་པ་ཡེ་ཤེས་དོན་མཆོག་ལ་མྱ་ངན་གུས་འདུད་ཞུ། ཨོམ་མ་ཎི་པདྨེ་ཧུང་ཧྲི།

  2. གཞུང་པ་ཚེ་དབང་བསོད་ནམས

    ཨམ་རྗེ་ཡེ་ཤེས་དོན་ལྡན་ལགས་འབྱུང་བཞིའི་ནུས་པ་རྫོགས་ནས་མཐར་ལམ་བདེ་ཆེན་ལ་ཕེབས་སྒྲུབ་པར་སྙིང་ནས་དད་གུས་དང་བཅས་གཞན་ཕན་བྱ་བ་རྒྱ་མཚོའི་བྱེ་མ་བཞིན་ནམ་ཡང་རྫོགས་མཐའ་མེད་པ་ཀུན་གྱི་སྤྱོད་པ་ཤོག། ཨོམ་མ་ཎི་པདྨེ་ཧུང་ཧྲི།

  3. འགྲོ་བ་མི་ལ་མི་འཇིགས་པའི་སྐྱབས སྦྱིན་མཁན་གྱི་སྐྱེ་བུ་༧སྐུའི་བླ་སྨན་པ་ཡེ་ཤེས་དོན་མཆོག་ལ་མྱ་ངན་གུས་འདུད་ཞུ།