རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༥ པར་རེ་ལྟོས་ཆེན་པོ་བྱེད་ཀྱི་འདུག

ཁ་སང་ཕྱི་ཚེས་ ༣ ནས་ཉིན་གྲངས་ ༡༢ རིང་སི་པན་གྱི་རྒྱལ་ས་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༥ པ་འཚོགས་བཞིན་འདུགཁ་སང་ཕྱི་ཚེས་ ༣ ཉིན་ནས་སི་པན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་དྷ་རཱ་དྷི(Madrid)གྲོང་ཁྱེར་དུ། ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་(The Conference of the Parties (COP)ཁོར་ཡུག་ཚོགས་ཆེན་ཐེངས་ ༢༥ པ་མགོ་འཛུགས་ཀྱིས་བདུན་ཕྲག་གཉིས་རིང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་སྟེང་སི་པན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་དང་སི་པན་སྲིད་འཛིན་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་ ༡༩༦ ལྷག་དང་། ཁོར་ཡུག་ཆེད་མཁས་པ་དང་ལས་འགུལ་བ་སོགས་ཁྱོན་མི་གྲངས་ ༢༥༠༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ། རྒྱལ་སྤྱིའི་ཐོག་ནས་ལོ་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་གནམ་གཤིས་འགྱུར་ལྡོག་ཐད་ཚོགས་ཆེན་བརྒྱུད་ཕན་ནུས་ལྡན་པའི་ལག་ལེན་ཞིག་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་འདུག

ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་གྷུ་ཊིར་སི་(Antonio Guterres)མཆོག་གིས། འཛམ་གླིང་སྤྱིའི་ཁོར་ཡུག་དང་གནམ་གཤིས་དྲོད་ཚད་ཉིན་རེ་བཞིན་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ད་ལྟ་ང་ཚོའི་སའི་གོ་ལ་འདི་སླར་གསོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད་པས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས་འགན་འཁུར་ཡོད་པའི་ངང་ནས་འགྲོ་བ་མིའི་རིགས་དང་སའི་གོ་ལའི་ནང་མི་ཡོངས་དང་ཡོང་རྒྱུ་བསྡད་པའི་མི་རབས་གསར་པ་ཚོར་བསམ་བློ་གཏང་སྟེ། གོ་ལའི་ཁོར་ཡུག་གནད་དོན་ཐད་དམིགས་ཡུལ་ཡོད་པའི་ལས་དོན་གཉེར་དགོས་པ་དང་། ལྷག་པར་དུ་ཕ་རི་སའི་ཁོར་ཡུག་ཚོགས་འདུའི་ཐོག་བཞག་པའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་གཞི་ལག་བསྟར་དགོས་སྐོར་བརྗོད་འདུག

ཡང་ཁོང་གིས། ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་ས་ནས་གོ་ལའི་གནམ་གཤིས་དང་ཁོར་ཡུག་གནད་དོན་ཐད་གཞོན་སྐྱེས་མང་པོ་གཉིད་ལས་སད་བཞིན་ཡོད་པ་མ་ཟད། ངོ་རྒོལ་རིགས་བསྟུན་མར་ཡོང་བཞིན་ཡོད་པ་སོགས་ནི་རྒྱལ་ཁབ་ཁག་གི་གཞུང་གིས་གནམ་གཤིས་ཉེན་སྐྱོབ་ཐད་ལག་ལེན་གྱིས་མ་འདང་བའི་རྐྱེན་གྱིས་ཡིན་པ་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གཅིག་པུར་མི་དམིགས་པར་དུག་རླངས་གཏོང་བ་དང་དྲོད་ཁང་འཛུགས་སྐྲུན་རིགས་མྱུར་ཏུ་མཚམས་འཇོག་དགོས་སྐོར་སོགས་གསུངས་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་སི་པན་བོད་ཁང་གཉིས་མཉམ་འབྲེལ་ཐོག་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་ཐད་ཟུར་ཚོགས་ཤིག་གོ་སྒྲིག་གནང་གི་ཡོད་པ་དང་། ཟུར་ཚོགས་དེའི་ཐོག་རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་ཁོར་ཡུག་ཉམས་ཞིབ་པ། ལས་འགུལ་བ་སོགས་ཀྱིས་གཏམ་བཤད་གནང་འཆར་ཡོད་སྟབས།  འདི་གའི་གསར་འགོད་པས་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་མཁན་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་འདུ་དང་བསྟུན་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོའི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཀྱི་ཡོད་ལ། ཚོགས་འདུའི་སྟེང་གཏམ་བཤད་སྤེལ་མཁན་ཆེད་མཁས་མི་སྣ་ ༨ གདན་འདྲེན་བྱས་ཡོད་པ་དང་། ཁོང་ཚོའི་གཏམ་བཤད་ཀྱི་བརྗོད་གཞི་གཙོ་བོ་བོད་མཐོ་སྒང་དེ་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་མང་པོའི་འབྱུང་ཁུངས་ཡིན་པ་དང་། བོད་ཀྱི་ཁོར་ཡུག་གིས་རྒྱལ་སྤྱིའི་ཁོར་ཡུག་འགྱུར་ལྡོག་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པས་བོད་ཀྱི་ཁོར་ཡུག་རྒྱལ་སྤྱིའི་སྟེང་གལ་ཆེན་པོ་ཡིན་པ་སྟོན་པ་དང་། གཉིས་པ་དེ་ད་ལྟའི་བོད་ནང་གི་ཁོར་ཡུག་གནས་བབ་ཐད་ནས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་རགས་རྒྱག་པ། འབྲོག་པ་གནས་སྤོ་བྱེད་བཞིན་པ་དང་རང་བྱུང་གླིང་ཀ་མང་པོ་གསར་སྐྲུན་བྱེད་བཞིན་པ་སོགས་ཀྱིས། དངོས་ཡོད་ཐོག་ཁོར་ཡུག་ལ་ཕན་ཐོགས་ཡོང་གི་ཡོད་མེད་སོགས་གསལ་སྟོན་བྱ་རྒྱུ་བཅས་ཡིན་སྐོར་བརྗོད་བྱུང་།ཡང་ཁོང་གིས་ཟུར་ཚོགས་དེ་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་ཡང་བོད་མཐོ་སྒང་གི་ཁོར་ཡུག་དེ་ཆུ་བོ་དང་གངས་རི་མང་པོའི་འབྱུང་ཁུངས་དང་། རི་མཐོ་ས་གཙང་བའི་ཡུལ་ཞིག་ཡིན་སྟབས། བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ཡིན་ན་རྒྱལ་སྤྱིའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྟེང་ཁོར་ཡུག་དང་གནམ་གཤིས་སྐོར་གྱི་ཚོགས་འདུ་ག་རེ་ཚོགས་པ་ཡིན་ནའང་། བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་བརྗོད་གཞི་གཙོ་བོར་འཛིན་དགོས་པ་དང་། དེ་བཞིན་ཐེངས་འདིར་སྲིད་བྱུས་ཉམས་ཞིབ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་འབོད་སྐུལ་དོན་ཚན་ ༥ ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་ལ། འབོད་སྐུལ་དོན་ཚན་དེ་དག་གི་ནང་བོད་ཀྱི་ཁོར་ཡུག་གནད་དོན་གལ་ཆེན་འཛིན་རྒྱུ་དང་། རྒྱ་ནག་གཞུང་གིས་འཛུགས་སྐྲུན་སོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་པའི་སྐོར་ཡིན་སྐོར་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་ཐེངས་འདིའི་ཚོགས་འདུའི་སྟེང་རྒྱ་ནག་གཞུང་གིས་བོད་པ་མཉམ་ཞུགས་གནང་མཁན་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་ང་ཚོ་བྷེལ་ཇམ་དུ་ཚོགས་བཞིན་པའི་ཡུ་རོབ་མནའ་འབྲེལ་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་ ༢༡ པ་ཚོགས་བཞིན་ཡོད་པ་དེར་མཉམ་ཞུགས་བྱེད་བཞིན་ཡོད་ལ། སྤྱིར་ད་ལྟའི་ཆར་དངོས་སུ་མ་ཐོན་པས་གསལ་བོ་ཞིག་ཤེས་ཐབས་མེད་ན་ཡང་གོ་སྒྲིག་ཞུ་མཁན་ཚོས་བཤད་པ་ལྟར་ན། ཁྱབ་བསྒྲགས་རིགས་ཤུགས་ཆེན་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་ག་རེ་བྱེད་ཡོང་མིན་ལ་དོགས་པ་བྱེད་བཞིན་ཡོད་ན་ཡང་། ཚོགས་འདུ་དང་བསྟུན་ང་ཚོའི་ངོས་ནས་༧གོང་ས་མཆོག་གིས་ཁོར་ཡུག་སྐོར་ལ་གསུངས་པའི་བཀའ་སློབ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མཐོ་སྒང་གལ་ཆེན་པོ་ཡིན་པ་སོགས་ཁྱབ་བསྒྲགས་རྒྱ་ཆེན་པོ་གནང་རྒྱུའི་དམིགས་ཡུལ་དང་གྲ་སྒྲིག་བྱས་ཡོད་སྐོར་སོགས་བརྗོད་བྱུང་།ཁ་སང་ཕྱི་ཚེས་ ༣ ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་གསར་འགོད་ཚོགས་འདུ་ཞིག་གི་སྟེང་། གསར་འགོད་པ་ཞིག་གིས་ཕྱི་འབྲེལ་མགྲིན་ཚབ་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྟེང་རྒྱལ་ཁབ་མང་པོ་ཞིག་མཉམ་ཞུགས་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཚོགས་ཆེན་དེར་མཉམ་ཞུགས་དང་ཁོར་ཡུག་གནད་དོན་ཐད་ཆ་ཤས་ག་འདྲ་ལེན་རྒྱུ་ཡིན་སྐོར་དྲིས་པར། མགྲིན་ཚབ་པ་ཧྭ་ཁྲིན་ཡེན་གྱིས་རྒྱ་ནག་གཞུང་གིས་ད་བར་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་གནད་དོན་ཐད་མཉམ་ཞུགས་དང་། འགྲོ་བ་མིའི་རིགས་ཀྱི་བདེ་དོན་ཆེད་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐད་འགན་འཁུར་དང་ལག་ལེན་ཇི་བཞིན་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདོད་བཞིན་ཁོར་ཡུག་གནད་དོན་ཐད་ཕ་རི་སའི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་ཡོད་ན་ཡང་། རྒྱལ་སྤྱིའི་གསར་ལམ་དུ་ཐེངས་འདིའི་ཚོགས་ཆེན་ཉིན་དང་པོ་དང་གཉིས་པ་གཉིས་རིང་རྒྱ་ནག་གཞུང་གི་སྐུ་ཚབ་བཅར་མེད་སྐོར་བརྗོད་འདུག

ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་དང་འབྲེལ་བའི་ཚོགས་ཆེན་དེ་ཉིན་གྲངས་ ༡༢ རིང་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་འདི་དང་བསྟུན་རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་བ་ཚོགས་སྒེར་མང་པོའི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཚོགས་ཆེན་དང་བསྟུན་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལས་འགུལ་དང་འབོད་སྐུལ་རིགས་ཤུགས་ཆེན་ཡོང་གི་ཡོད་པ་དང་། འདི་ལོའི་རྒྱལ་སྤྱིའི་གནམ་གཤིས་བརྟག་ཞིབ་སྙན་ཐོ་དང་ཁོར་ཡུག་ཉམས་ཞིབ་པ་སོགས་ཀྱིས་བཏོན་པའི་ཚོགས་སྒེར་ཁག་གི་སྙན་ཐོའི་ནང་ལོ་འདིར་གོ་ལའི་མཁའ་རླུང་འབག་བཙོག་གི་ཚད་དེ་ཆེས་ཚད་མཐོ་ཤོས་སུ་བསླེབས་བཞིན་ཡོད་མ་ཟད། ལོ་འདིའི་གནམ་གཤིས་དྲོད་ཚད་དེ་འདས་པའི་ལོ་དག་དང་བསྡུར་ན་ཤུགས་ཆེ་ཤོས་སུ་བསླེབས་ཡོད་པ་སོགས་ཀྱིས། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ལ་རྒྱལ་སྤྱིའི་སྟེང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༠༤

Leave a Reply