དྷ་སར་ཞི་བདེའི་འཐབ་རྩོད་སློབ་སྦྱོང་བྱེད་དུ་བསླེབས་འདུག

པཱ་ལི་སུ་ཐན་དང་ཨེ་ཛི་རལ་གྱི་གསར་འགོད་པ་དང་འཐབ་རྩོད་པ་བཅུ་གྲངས་ཤིག་གིས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་པཱ་ལི་སུ་ཐན་དང་ཨེ་ཛི་རལ་གྱི་གསར་འགོད་པ་དང་འཐབ་རྩོད་པ་བཅུ་གྲངས་ཤིག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ། ཁུལ་དེའི་ས་ཁོངས་བདག་དབང་གི་དཀའ་རྙོག་སེལ་ཕྱོགས་ཀྱི་ཐད་ནས་བཀའ་སློབ་ལམ་སྟོན་བསྩལ་དགོས་པའི་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་ནས་སྔར་ལྷག་བློ་ཁོག་ཆེར་བསྐྱེད་ཀྱིས་འཐབ་རྩོད་བྱེད་དགོས་བའི་ལམ་སྟོན་མཛད་ཡོད་འདུག

པཱ་ལི་སུ་ཐན་གྱི་འཐབ་རྩོད་པ་ཁྰ་ལ་ཌི་ཨ་ཝ་ཌི་(khaled Awwad)ལགས་ཀྱིས་བཞུགས་སྒར་དུ་ཡོང་དོན་སྐོར་ངོ་སྤྲོད་གནང་སྐབས། པཱ་ལི་སུ་ཐན་དང་ཨེ་ཛི་རལ་གཉིས་ཀྱི་ས་ཁོངས་བདག་དབང་གི་དཀའ་རྙོག་དེ་དུས་རྟག་ཏུ་དམག་འཐབ་ཀྱི་ཁྲོད་ནས་སེལ་ཐབས་བྱེད་བཞིན་ཡོད་ནའང་། དེར་མཇུག་འབྲས་གཅིག་ཀྱང་འབྱུང་གི་མེད་པར་བརྟེན། ཐེངས་འདིར་ཆེད་དུ་བཞུགས་སྒར་དུ་བཅར་ཏེ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མཇལ་ནས་ཞི་བདེ་དང་འཚེ་མེད་ཀྱི་ཐབས་ལམ་བརྒྱུད་ནས་དཀའ་རྙོག་སེལ་ཐབས་ཀྱི་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དང་། དེ་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆེད་བཅར་གྱིས་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་ཡོད་མིན་མ་བལྟོས་བར་བོད་མི་རྣམས་ཀྱིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་འཐབ་རྩོད་མཇུག་སྐྱོང་གནང་གི་ཡོད་པའི་ཐད་ལ་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན་ལ། མ་འོངས་པར་པཱ་ལི་སུ་ཐན་དང་ཨེ་ཛི་རལ་གྱི་དཀའ་རྙོག་དེ་ཡང་བོད་མི་ནང་བཞིན་ཞི་བདེ་དང་འཚེ་བ་མེད་པའི་ཐབས་ལམ་གྱི་ཐོག་ནས་སེལ་དགོས་གལ་ཆེ་བའི་ཐད་ལ་སློབ་སྦྱོང་བྱེད་དུ་ཡོང་བ་དང་།  དཀའ་རྙོག་ཆེ་བའི་ས་ཁུལ་དེར་ཡང་བོད་མིའི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་༧གོང་ས་མཆོག་ནས་བཀའ་སློབ་ག་རེ་བསྩལ་གནང་ཡོད་པའི་སྐོར་ལ་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་པཱ་ལི་སུ་ཐན་དང་ཨེ་ཛི་རལ་བར་གྱི་དུས་ཡུན་རིང་པོའི་དཀའ་རྙོག་དེར་ཐུགས་ཚབ་ཆེན་པོ་གནང་གི་ཡོད་པ་ལྟར། ཁོང་ཉིད་ནས་བློ་ཐག་རྦད་ཆོད་ཀྱི་ཐོག་ནས་ས་ཁུལ་གཉིས་ཀྱི་བར་དུ་ཞི་བདེ་ཡི་ངང་ནས་གནད་དོན་གཙང་སེལ་ཡོང་རྒྱུར་ཐུགས་སྨོན་དང་རྒྱབ་སྐྱོར་གནང་ཡོད་སྐོར་དང་།  འཛམ་གླིང་རྒྱལ་ཁབ་ཁག་གི་ནང་དུ་ཞི་བདེའི་འཐབ་རྩོད་པ་རྣམས་ལ་ཆེ་མཐོང་ཞེ་དྲག་མེད་ནའང་།  དུས་རྟག་ཏུ་དཀའ་ངལ་གདོང་ལེན་གནང་སྟེ་མུ་མཐུད་ཞི་བདེ་ཡི་ངང་ནས་བློ་སྤོབས་ཆེན་པོས་འཐབ་རྩོད་བྱས་པ་ཡིན་ན། ནམ་ཞིག་ལེགས་ཕྱོགས་ཀྱི་གྲུབ་འབྲས་ཤིག་སྨིན་ངེས་ཡིན་པ་དང་། སྔར་ལྷག་བློ་ཁོག་ཆེར་བསྐྱེད་ཀྱིས་འཐབ་རྩོད་བྱེད་དགོས་བའི་ལམ་སྟོན་མཛད་ཡོད་སྐོར་སོགས་བརྗོད་བྱུང་།

མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས། ཁོང་རྣམས་ནི་དཀའ་རྙོག་ཆེ་བའི་ས་ཁུལ་དེར་ཁུར་མཉམ་ལེན་གྱི་ཐོག་ནས་འཚེ་མེད་ཞི་བ་བརྒྱུད་དེ་འཐད་རྩོད་བྱེད་མཁན་ཡིན་པ་ལྟར། ཐེངས་འདིར་ཆེད་དུ་བཞུགས་སྒར་དུ་བཅར་ནས་སྔར་བཞིན་སེམས་ཤུགས་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཐོག་ནས་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་སྟངས་ཀྱི་སྐོར་ནས་བཀའ་སློབ་ལམ་སྟོན་ཞུ་བར་བཅར་བ་ཡིན་སྐོར་གསུངས་སོང་།

པཱ་ལི་སུ་ཐན་དང་ཨེ་ཛི་རལ་གྱི་གསར་འགོད་པ་དང་འཐབ་རྩོད་པ་ཚོ་ཟླ་འདིའི་ཕྱི་ཚེས་ ༤ ཉིན་དྷ་སར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་དྲུང་ཆེ་ཁག་ཅིག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན། ཉིན་དེའི་ཕྱི་དྲོར་བོད་ཁྱིམ་སློབ་གྲྭར་བསྐྱོད་དེ་བོད་ཁྱིམ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་བཅས་སུ་ཐུག་འཕྲད་དང་། བཙན་བྱོལ་བོད་མིའི་ལྟེ་གནས་ཁག་ཏུ་ལྟ་སྐོར་བྱས་ཡོད་འདུག

དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་སུ་ལྟ་སྐོར་དུ་ཕྱིན་ཡོད་པ་དང་།  སང་ཉིན་ཕྱི་ཚེས་ ༧ ཉིན་བཞུགས་སྒར་གྱི་ཁྲོམ་རར་ལྟ་སྐོར་དང་། དགོང་མོར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། བཀའ་ཤག་ངོས་ནས་དགོང་དྲོའི་གསོལ་ཚིགས་ཤིག་ཀྱང་འདེགས་འབུལ་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་བོད་ཀྱི་སྨན་རྩིས་དང་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་། དེ་བཞིན། ཉིན་རྒྱབ་ཏུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུ་ཡི་ཡོད་པ་དང་།  ཕྱི་ཚེས་ ༡༠ ཉིན་གྷ་གྷུར་གནམ་ཐང་བརྒྱུད་ཕྱིར་རང་ཡུལ་དུ་ལོག་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༠༦

Leave a Reply