ཞིང་ཆེན་མགོ་འཁྲིད་ཅིག་ལ་ཚེ་བཙོན་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

ནང་སོག་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཤིན་ཡོན་གྱིས་འདྲི་ཞིབ་སྐབས་ནག་ཉེས་ཇི་བཞིན་ངོས་ལེན་བྱས་པས་སྲོག་ཁྲིམས་ཉེས་ཆད་ལས་ལོ་གཉིས་ཕྱིར་འགྱངས་ཀྱིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱངས་བརྙན་འཕྲིན་ཁང་ཟེར་བའི་གནས་ཚུལ་སྤེལ་བ་ལྟར་ན།  ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་དང་དམར་ཤོག་ཚོགས་པའི་རྒྱུན་ལས་ཤིན་ཡོན(邢云)གྱིས་ལྐོག་རྔན་རྒྱ་སྒོར་དུང་ཕྱིར་ ༤།༤༩ ལྷག་གཡོ་ལེན་དང་། ལྐོག་ཟ་རུལ་སུངས་འབོར་ཆེན་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་ཉེས་ཆད་གཅོད་རྒྱུ་བྱས་ཀྱང་། ཁོས་ནག་ཉེས་དང་ལེན་དང་འགྱོད་བཤགས་སོགས་བྱས་པས་སྲོག་ཁྲིམས་ཉེས་ཆད་ལོ་གཉིས་ཕྱིར་འགྱངས་ཀྱིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་། ཤིན་ཡོན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་མ་ཟད། བྱས་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ཤིང་། ཧུར་ཐག་གིས་ལྐོག་རྔན་ཕྱིར་སློག་ཐབས་སོགས་བྱས་པས། ཚེ་བཙོན་ཁྲིམས་ཐག་ལས་ལོ་གཉིས་ཕྱིར་འགྱངས་ཀྱིས་དུས་ཡུན་ཚང་བ་དང་ཁྲིམས་ལྟར་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་ལས། དེ་ལས་ཆགས་ཡང་དང་གློད་གྲོལ་གཏོང་རྒྱུ་མེད་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་ནང་། སྲོག་ཁྲིམས་ཚེ་བཙོན་ལ་བསྒྱུར་བའི་ཉེས་ཆད་དེ་རྒྱ་ནག་གི་ཉེས་ཁྲིམས་དོན་ཚན་ ༤༨ པའི་ནང་གསེས་དོན་ཚན་དང་པོའི་ནང་སྲོག་ཁྲིམས་ནི་བྱས་ཉེས་ཚབས་ཤིན་ཏུ་ཆེ་བའི་ཉེས་ཅན་ཁོ་ནར་གཅོད་པ་དང་། གལ་ཏེ་སྲོག་ཁྲིམས་གཅོད་དགོས་པའི་ཉེས་ཅན་འཕྲལ་མར་སྲོག་ལམ་དུ་གཏོང་དགོས་པ་མེད་ན་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པ་དང་ཆབས་ཅིག་ཏུ་ལག་བསྟར་བྱེད་ཡུན་ལོ་གཉིས་ཕྱིར་འགྱངས་ཀྱིས་ཚེ་བཙོན་ཁྲིམས་ཐག་བཅད་ན་ཆོག་སྐོར་སོགས་བརྗོད་འདུག

ཤིན་ཡོན་ལ་འདི་ལོའི་ཕྱི་ཟླ་ ༥ ནང་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཁྲིམས་བཤེར་བྱེད་མགོ་ཚུགས་ཏེ་འདས་པའི་ཟླ་ ༧ ལྷག་རིང་ཞིབ་བཤེར་འདྲི་གཅོད་བྱས་ཡོད་པ་དང་། སྐབས་དེར་ཁོ་མཉམ་དུ་རྒྱ་ནག་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་འཛིན་གཞོན་པ་ཟུར་པ་མའོ་རའེ་ལིན་(Miao Ruilin)དང་། ཧྲན་ཞིས་ཞིང་ཆེན་གྱི་དམར་ཤོག་རྒྱུན་ལས་ཟུར་པ་དང་དྲུང་ཆེ་ཆན་ཡཱན་ཨན་(Qian Yinan)བཅས་ལ་ཁྲིམས་བཤེར་བྱས་ཡོད་པ་དང་།

ཤིན་ཡོན་ནི་ཕྱི་ལོ་ ༡༩༥༢ ལོར་རྒྱ་ནག་ནང་སོག་རང་སྐྱོང་ལྗོངས་ནང་སྐྱེས་ཤིང་། ནང་སོག་རང་སྐྱོང་ལྗོངས་འཕྲུལ་ལས་གཙུག་ལག་སློབ་ཆེན་ (Inner Mongolia University of Technology)ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༧༦ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་ནང་སོག་ས་གནས་སུ་ལས་གཉེར་བྱས་ཡོད་པ་དང་། ཁོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༨ པ་ཟེར་བ་ཚོགས་ནས་ཚེ་བཙོན་ཁྲིམས་ཐག་བཅད་པའི་ཞིང་ཆེན་རིམ་པའི་མགོ་འཁྲིད་གསུམ་པ་དེ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༡༣

Leave a Reply