དངོས་གནས་འཛམ་གླིང་ཞི་བདེ་ཡོང་རྒྱུར་གཞན་ཕན་གྱི་སེམས་དགོས་ཀྱི་ཡོད་རེད།

༸གོང་ས་མཆོག་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་སྐབས་དེང་སང་བྷང་ག་ལ་དྷེ་ཤི་དང་ཨ་ཧྥི་རི་ཁའི་ནང་ཡོད་པའི་བཙན་བྱོལ་བ་ཉམ་ཐག་ཚོར་ལྟ་རྟོག་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེར་ཞལ་འདེབས་ལྟ་བུ་འབུལ་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་། 

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོར་གདན་གྱི་དུས་དབང་ཆོས་རའི་ནང་དད་ལྡན་སེར་སྐྱ་མི་མང་རྣམས་ལ་བྱང་ཆུབ་སེམས་པའི་སྡོམ་པ་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་སོང་བ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་སང་འཛམ་གླིང་རང་དོན་ཁོག་བཅུག་དང་ཆེ་ས་ནས་མགོ་འཁྲིད་ཚོས་ང་དང་ཁྱོད་ཟེར་ནས་འཁྲུག་པ་རྒྱག་པ་སོགས། མི་གཅིག་པ་རེད་དེ་སྤྱི་ཚོགས་གཅིག་ནང་དབུལ་ཕྱུག་གི་ཁྱད་པར་ཞེ་དྲགས་བྱུང་སྟེ་སྐྱོ་བ་དེ་ཚོ་སྐྱོ་ཚོད་མེད་པར་ཕྲ་བོ་མུ་གེ་ཤི་བཞིན་ཡོད་དུས། ཆོས་ཡོད་མེད་དང་ནང་པ་ཡིན་མིན་ལ་མ་ལྟོས་པར་གཞན་ཕན་གྱི་བློ་དེ་འཛམ་གླིང་འདིའི་ནང་ལ་སྡོད་མཁན་གྱི་མི་ཞིག་ཡིན་ཕྱིན་ཆད་ལ་དགོས་ཀྱི་ཡོད་སྐོར་གསུངས་སོང་།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་གནས་ཁྱད་པར་ཅན་སྟོན་པ་བཅོམ་ལྡན་འདས་རང་ཉིད་མངོན་པར་རྫོགས་པ་སངས་རྒྱས་སའི་གནས་དང་། དེ་ནས་སྟོན་པའི་གཏད་རབས་བདུན་དང་། ན་ལནྜའི་མཁས་པ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ལ་སོགས་པ་བསྟན་པ་འདི་ལ་མཛད་པ་རླབས་ཆེན་མཛད་ནས་དུས་ད་ལྟ་ཡིན་ན་ཡང་སངས་རྒྱས་པའི་ཆོས་དེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་གནས་ཐུབ་ཡོད་པ་རེད། དེང་སང་དངོས་པོའི་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད་ཀྱང་། དངོས་པོའི་ཡར་རྒྱས་ཀྱིས་ཕྱི་ལུས་པོའི་བདེ་ཐང་སོགས་ལུས་པོའི་བདེ་སྐྱིད་མ་གཏོགས་ནང་སེམས་ཁམས་མ་སྐྱིད་པ་ཡོང་གི་ཡོད་པའི་ཐད་གང་ཡང་བྱ་རྒྱུ་མི་འདུག་ཨ། དེ་ནས་བདེ་སྐྱིད་ཟེར་བ་དེ་ཕྱི་ལ་མཛུབ་མོ་འཛུགས་རྒྱུ་ཞིག་མིན་པར་ནང་བློའི་སྒང་ལ་མཛུབ་མོ་འཛུགས་རྒྱུ་ཞིག་རེད། བློ་ལ་ཡང་སྒོ་ལྔའི་ཤེས་པ་དང་ཡིད་བློ་ཞེས་པ་ཞིག་ཡོད་དུས། དངོས་པོའི་ཡར་རྒྱས་རྐྱང་རྐྱང་ཕྱིན་པ་དེས་སྒོ་ལྔའི་ཤེས་པ་རྐྱང་རྐྱང་གི་སྐད་ཆ་རེད། ལྟད་མོ་ལྟ་བུ་ཞིག་བལྟས་ཏེ་མིག་དབང་གི་རྐྱེན་པས་མིག་གི་ཤེས་པས་དེ་དག་ཉམས་སུ་མྱོང་། དེ་དང་འབྲེལ་ནས་ཡིད་བློའི་སྒང་ལ་གནས་སྐབས་ཀྱི་བདེ་བ་ཞིག་བྱུང་། ཇི་སྲིད་མིག་དབང་གིས་མཐོང་བསྡད་པའི་ལྟད་མོ་རིགས་དེར་ཡིད་བློས་ཚིམས་པ་ཡོང་བསྡད་རྒྱུ་དང་། དེ་འགག་སོང་བ་དང་གང་ཡང་ཡོད་པ་མ་རེད། དེ་བཞིན་རྣ་བའི་ཤེས་པས་སྒྲ་ཉན་ནས། སྒྲ་སྙན་པོ་ལྟ་བུ་ཐོས་དུས་གནས་སྐབས་རིང་དེར་ཡིད་ཚིམས་པ་ཡོང་གི་ཡོད་པ་རེད། དེ་མིན་གང་ཡང་ཡོད་པ་མ་རེད། གང་ལྟར་མ་སྐྱིད་པ་ཞེས་པ་དེ་ཡིད་བློའི་སྒང་ནས་ཡོང་གི་ཡོད་པ་རེད། ཡིད་བློའི་སྒང་ནས་མ་སྐྱིད་པ་བཟོས་ཡོང་དུས་སེམས་འཁྲུག་པ་དང་མ་སྐྱིད་པ་ཡོད་པ་དེས། མིག་གིས་ཤེས་པས་ལྟད་མོ་ལྟ་བུ་བལྟས། རྣ་བའི་ཤེས་པས་སྒྲ་ལྟ་བུ་ཉན་ན་ཡང་དེ་ཙམ་ཡིད་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་མི་འདུག དེར་བརྟེན་སྒོ་ལྔའི་ཤེས་པ་ལ་མ་བརྟེན་པར་ཡིད་བློ་ཁོ་རང་གི་སྟེང་ནས་བསམ་བློ་བཏང་སྟེ། ཡིད་བློ་མི་བདེ་པ་བཟོ་མཁན་དེ་ག་རེ་ཡིན་མིན་དང་། རྒྱུ་དང་རྐྱེན་གང་གིས་བྱེད་ཀྱི་ཡོད་མེད་སོགས་བསམ་བློ་བཏང་སྟེ། ཡིད་བློའི་སྟེང་ནས་མ་སྐྱིད་པ་ཡོང་བསྡད་པ་དེ་དག་ཉུང་དུ་བཏང་། གང་ལྟར་གཙོ་བོ་ཡིད་བློའི་སྟེང་ནས་བདེ་སྐྱིད་འཚོལ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་གཞན་ཕན་གྱི་བློ་གལ་ཆེན་ཡིན་པའི་སྐོར་ལ་ཁོང་ཉིད་ཀྱིས། གཞན་གཅེས་འཛིན་ཟེར་བ་དེ་དངོས་གནས་དྲང་གནས་སེམས་ལ་ཞི་བདེ་ཡོང་བའི་རྒྱུ་ཞིག་རེད། དེང་སང་འཛམ་གླིང་ལ་བལྟས་པ་ཡིན་ན། དངོས་གནས་འཛམ་གླིང་ཞི་བདེ་ཡོང་རྒྱུ་དེ་གཞན་ཕན་གྱི་སེམས་དགོས་ཀྱི་ཡོད་རེད། རང་དོན་ཁོག་བཅུག་བྱས་ནས་མགོ་འཁྲིད་ཚོ་ཡིན་ན་རེད་སུ་དང་སུ་ཡིན་ནའང་རང་དོན་ཁོག་བཅུག་བྱས་ནས་བསྡད་ཡོང་དུས། གནད་དོན་དེས་མིའི་སྤྱི་ཚོགས་ནང་ལ་སྐྱོ་བ་དེ་ཚོ་སྐྱོ་ཚོད་མེད་པར་ཕྲ་བོ་མུ་གེ་ཤི་བསྡད་པ་དེ་འདྲ་འདུག་གཱ། ད་ག་རེ་བྱེད་དགོས་ཀྱི་ཡོད་པ་རེད། མི་གཅིག་པ་རེད་དེ་སྤྱི་ཚོགས་གཅིག་ལ་ཡིན་ན་ཡང་དབུལ་ཕྱུག་གི་ཁྱད་པར་ཞེ་དྲགས་བྱུང་སྟེ། སྐྱོ་བོ་དེ་ཚོ་སྐྱབས་མེད་མགོན་མེད་བྱས་ནས་སྡོད་ཀྱི་འདུག ཆེ་ས་ནས་མགོ་འཁྲིད་ཚོས་ང་དང་ཁྱོད་ཟེར་ནས་འཁྲུག་པ་རྒྱག་པ། དེ་འདྲ་ཡིན་དུས་ཆོས་ཡོད་མེད་དང་ནང་པ་ཡིན་མིན་ལ་མ་ལྟོས་པར། གང་ལྟར་གཞན་ཕན་གྱི་བློ་དེ་འཛམ་གླིང་འདིའི་ནང་ལ་སྡོད་མཁན་གྱི་མི་ཞིག་ཡིན་ཕྱིན་ཆད་ལ་དགོས་ཀྱི་ཡོད་པ་རེད། གཞན་ཕན་གྱི་བློ་ཟེར་བ་དེ་རྩ་ཆེན་པོའི་སྐད་ཆ་མ་རེད། སོ་སོ་ལ་ཕན་གྱི་ཡོད་པ་རེད། གཞན་ལ་ཕན་བདེ་སྒྲུབ་རྒྱུའི་བློའམ་གཞན་གཅེས་འཛིན་གྱི་བློ་ཞིག་བྱུང་བ་ཡིན་ན་སོ་སོའི་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

གཞན་ཁོང་ཉིད་ཀྱིས་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་སྐོར་ནས་གསུངས་དོན་ལ། ཁོར་ཡུག་སྐོར་གྱི་ཚོགས་འདུ་དེ་འདྲའི་ཐོག་ལ་མཁས་པ་ཞིག་གིས། འབྱུང་འགྱུར་ལོ་བདུན་ཅུ་བརྒྱད་ཅུ་ནང་ལ་འཛམ་གླིང་ཕལ་ཆེར་བྱེ་ཐང་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་བཤད་སོང་། ང་རང་ཚོས་ཀྱང་བསྐལ་བ་མེ་འཇིག་ཆུ་འཇིག་ཅེས་མེ་ཡི་དུས་ལ་ཆུ་ཡིས་འཇིག་ཅེས་མངོན་པ་མཛོད་ནང་གསུངས་པ་བཞིན།  བསྐལ་བ་མེ་འཇིག་ཟེར་བ་དེ་འགྲོ་ཡི་ཡོད་བཟོ་ལྟ་བུ་འདུག ཤེས་སོང་ངམ། དེའི་ཆ་ནས་བསམ་བློ་བཏང་ན། ད་ང་ཚོས་འཁྲུག་པ་བརྒྱབ་རིན་ག་རེ་འདུག འཛམ་གླིང་ཁོ་རང་མི་འཚོ་མི་ཐུབ་པའི་ཚ་དྲོད་འཕེལ་བའི་མཚམས་ལ་ཐུག་གི་ཡོད་པ་རེད། དེ་འདྲའི་སྐབས་ལ་ད་དུང་ང་ཚོས་མིས་མི་གསོད་རེས་བྱས། མིས་མི་ལ་འཚེ་བ་བྱས། མིས་མི་ལ་དབང་ཡོད་བཤད་ནས་ག་རེ་ཡོང་གི་རེད། དཔེ་ཐབས་སྐྱོ་པོ་རེད་བཞག ཅེས་གསུངས་བྱུང་།

༸གོང་ས་མཆོག་ནས་དེར་བཅར་གྲྭ་བཙུན་རྣམས་ཀྱིས་གཙོས་སེར་སྐྱ་མི་མང་རྣམས་ལ་བྱང་ཆུབ་སེམས་པའི་སྡོམ་པ་དང་། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྩལ་གནང་མཛད་རྗེས། བྷང་ག་ལ་དྷེ་ཤི་དང་ཨ་ཧྥི་རི་ཁའི་ནང་གི་ཉམ་ཐག་བཙན་བྱོལ་བ་ཚོར་རོགས་རམ་བྱེད་དགོས་པའི་སྐོར་ནས་གསུངས་དོན། དེ་རིང་འདིར་སྨོན་ལམ་གྲ་སྒྲིག་བྱེད་མཁན་ཚོར་དེ་འདྲ་ཞིག་བཤད་འདོད་བྱུང་། སྨོན་ལམ་འདིར་ཞལ་འདེབས་འབུལ་མཁན་གང་འཚམ་བྱུང་ཡོད་པ་རེད། ད་རེས་ཁ་སང་ངས་རླུང་འཕྲིན་ལ་ཉན་དུས་བྷང་ག་ལ་དྷེ་ཤི་དང་ཨ་ཧྥེ་རི་ཁའི་ནང་གི་བཙན་བྱོལ་བ་ཧ་ཅང་ཉམ་ཐག་པོ་དེ་འདྲ་འདུག གང་དྲག་བསམ་ནས་སྨོན་ལམ་བརྒྱབ་རྒྱུ་མ་གཏོགས་གཞན་མི་འདུག ད་ལྟ་འཛམ་གླིང་རྒྱལ་ཚོགས་ཀྱིས་སྐྱོ་བོ་དེ་ཚོའི་གྲས་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་དེ་ཞེ་དྲགས་ཡག་པོ་རེད། འཛམ་གླིང་རྒྱལ་ཚོགས་ཀྱིས་མི་སྐྱོ་བོ་དེ་ཚོར་ལྟ་རྟོག་བྱེད་པའི་སྒྲིག་འཛུགས་དེ་འདྲ་ཡོད་པ་དང་། དེ་དག་ལ་ཞལ་འདེབས་དེ་འདྲ་སྤྲད་ཐུབ་ན་ཡག་པོ་མེད་ན་བསམ་པ་དེ་འདྲ་བྱུང་སོང་། ཤེས་སོང་ངམ། ཁེ་ཉིན་ཞིག་ལ་རླུང་འཕྲིན་ནང་འབར་མ་ནས་ཐོན་བསྡད་པའི་བཙན་བྱོལ་བ་སྐྱོ་བོ་ཞེ་དྲགས་དེ་འདྲས་ང་ཚོ་མི་ཡིན་ཞེས་ཟེར་མཁན་མཐོང་བྱུང་། དེ་བཞིན་ཨ་ཧྥེ་རི་ཁའི་ནང་འབྱུང་བ་ཆུའི་གནོད་པ། ཡང་ས་ཆ་གཞན་དུ་འབྱུང་བ་མེའི་གནོད་པ། གཞན་རིགས་མང་པོ་ཞིག་ནི་མིས་མི་ལ་ཐུབ་ཚོད་བཤད་ནས། ང་ཚོ་མི་ཡིན་ཞེས་ཟེར་དགོས་པའི་འུ་ཐུག་ཆགས་བསྡད་ཡོད་པ་རེད། དེ་ཚོའི་གྲས་ལ་ལྟ་རྟོག་བྱེད་མཁན་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེ་ཞེ་དྲགས་ཡག་པོ་རེད། དེར་བརྟེན་ཁྱེད་རང་ཚོས་མང་མོས་བྱས་ཏེ་བསམ་བློ་གཏང་ནས་མོས་པ་ལྟ་བུ་བྱུང་ན་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེར་ཞལ་འདེབས་ལྟ་བུ་འབུལ་ཐུབ་ན་བསམ་སོང་། སྨོན་ལམ་ལྟ་བུ་བརྒྱབ་ནས་ཞལ་འདེབས་དེས་འཕྲལ་དུ་ལྟོ་གོས་ཀྱི་དཀའ་ངལ་སེལ་རྒྱུ་དང་། རྒྱུན་ནས་ལས་འབྲེལ་ཞིག་ཆགས་ཏེ་དེ་འདྲའི་ཐོག་ནས་ཕན་ཐོགས་བྱེད་ཐུབ་ན་ཡག་པོ་ཡོད་རེད། ཅེས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་གིས་ས་གནས་ནས།

བསྐྱར་བཅོས།: ༢༠༢༠/༠༡/༠༣

Leave a Reply