ཨི་ཊ་ལིའི་ནང་ཏོག་དབྱིབས་འགོས་ནད་ཛ་དྲག་ཆགས།

རྒྱ་ནག་གི་ཏོག་དབྱིབས་འགོས་ནད་ཁྱབ་ཆེ་ཤོས་གཉིས་པར་གྱུར་བའི་ཨི་ཊ་ལི་གཞུང་གིས་རྒྱལ་ཡོངས་རང་བཞིན་གྱི་ཐོག་ནས་འགྲིམས་འགྲུལ་དང་འདུ་འཛོམས་སོགས་བཀག་སྡོམ་བྱས་འདུག་ལ་གནད་ཡོད་མི་སྣ་ཁག་ཅིག་ལའང་འགོས་ནད་དེ་ཕོག་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨི་ཊ་ལིའི་ནང་ཏོག་དབྱིབས་འགོས་ནད་ཀྱི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པར་བརྟེན། ཁ་སང་ཨི་ཊ་ལི་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་ཁབ་དེའི་མི་མང་ས་ཡ་ ༦༠ ལྷག་གི་འགྲིམས་འགྲུལ་སྤྱི་དང་བྱེ་བྲག་ཏུ་མི་མང་འདུ་འཛོམས་རིགས། དེ་བཞིན་མི་མང་འདུ་འཛོམས་ཆེ་བའི་སློབ་གྲྭ་ཁག་དང་། གློག་བརྙན་ཁང་། འགྲེམས་སྟོན་ཁང་། ལུས་རྩལ་སྦྱོང་བརྡར་ཁང་སོགས་ཀྱི་སྒོ་བརྒྱབ་དགོས་པ་མ་ཟད། ཆོས་ཕྱོགས་ཀྱི་མཛད་སྒོ་དང་། འདས་མཆོད་བསྒྲུབ་པ། གཉེན་སྒྲིག་ཀྱི་དུས་སྟོན་སོགས་བྱེད་མི་ཆོག་སྐོར་བརྗོད་འདུག་ལ། ཨི་ཊ་ལིའི་སྲིད་བློན་(Giuseppe Conte)ལགས་ཀྱིས། རྒྱལ་ཁབ་ཀྱི་རྒྱལ་ཡོངས་རྩེད་འགྲན་ཡོངས་ཕྱི་ཟླ་ ༤ ཚེས་ ༣ བར་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ད་ལྟའི་ཆར་ཨི་ཊ་ལིའི་ནང་འགོས་ནད་ཕོག་པའི་ནད་པ་ཁྱོན་ ༡༠༡༤༩ དང་རྐྱེན་འདས་སུ་ཕྱིན་པ་ ༦༣༡ བྱུང་སྟེ། རྒྱ་ནག་རྗེས་ཀྱི་ཏོག་དབྱིབས་འགོས་ནད་བྱུང་བ་དང་རྐྱེན་འདས་སུ་ཕྱིན་པའི་མི་འབོར་མང་ཤོས་ཆགས་ཡོད་འདུག་ལ། ཨོ་སི་ཊི་རེ་ཡ་གཙོས་པའི་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གིས་ཨི་ཊ་ལིའི་མི་སེར་རྣམས་རྒྱལ་ཁབ་སོ་སོའི་ནང་ཡོང་བ་དང་སོ་སོའི་མི་སེར་ཨི་ཊ་ལིའི་ནང་བསྐྱོད་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་དང་བཀོད་ཁྱབ་བཏང་ཡོད་འདུག

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཏོག་དབྱིབས་འགོས་ནད་ཐོག་མར་མཆེད་སའི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་ཕྱིན་ཏེ། རྒྱ་ནག་ཝུ་ཧན་གྲོང་ཁྱེར་གཙོའི་ཧུའུ་པའེ་ཞིང་ཆེན་ནང་ཏོག་དབྱིབས་འགོས་ནད་ཀྱི་གནས་བབ་ཇེ་བཟང་དུ་ཕྱིན་ཡོད་སྐོར་བརྗོད་ཡོད་ནའང་། ཝུ་ཧན་གྲོང་ཁྱེར་གྱི་མང་ཚོགས་ཁྲོད་ད་དུང་འགོས་ནད་ཀྱི་གནས་བབ་ཚབས་ཆེན་ཡིན་པ་དང་། ཞི་ཡིས་སྐྱག་རྫུན་བཤད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པ་མ་ཟད། ཞི་ཅིན་ཕིན་ཡོང་བ་དང་བསྟུན་ཝུ་ཧན་ས་གནས་མི་མང་ལ་ཉེན་རྟོག་པ་དང་དམག་མིས་ལྟ་རྟོག་དང་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ཚེས་ ༡༠ གྱི་ཝུ་ཧན་གྲོང་ཁྱེར་འཕྲོད་བསྟེན་ལྷན་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༩ ཉིན་ཝོ་ཧན་གྲོང་ཁྱེར་ནང་འགོས་ནད་ཕོག་པའི་མི་ ༣༩ གསར་དུ་བྱུང་ཡོད་འདུག་ལ། ད་སྔ་བར་རྒྱ་ནག་ནང་འགོས་ནད་ཕོག་པའི་མི་གྲངས་ ༨༠༧༨༥ དང་རྐྱེན་འདས་སུ་ཕྱིན་པའི་མི་ ༣༡༨༠ ། དེ་བཞིན། དྲག་སྐྱེད་བྱུང་བའི་མི་གྲངས་ཁྱོན་ ༦༡༥༠༣ བཅས་བྱུང་ཡོད་འདུགགཞན་ཡང་། ཏོག་དབྱིབས་ནད་དུག་འགོས་ཁྱབ་ཏུ་ཕྱིན་པ་དང་འཛམ་གླིང་གི་སྲིད་གཞུང་ཁག་གི་མགོ་འཁྲིད་མི་སྣ་མི་ཉུང་བ་ཞིག་ལའང་ཏོག་དབྱིབས་འགོས་ནད་ཕོག་ཡོད་པ་དང་། དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་འཕྲོད་བསྟེན་བློན་ཆེན་ནཱ་ཌི་ནེ་(Nadine Dorries)ལགས་སུ་ཏོག་དབྱིབས་འགོས་ནད་ཕོག་སྟེ་རང་ཁྱིམ་དུ་ཟུར་འཇོག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཌེ་ཝི་ཌི་(David Sassoli)ལགས་ཀྱིས། རང་ཉིད་ཀྱི་འགྲུལ་སྐྱོད་ཡོངས་རྫོགས་མཚམས་འཇོག་བྱས་ཏེ། ཏོག་དབྱིབས་འགོས་ནད་རྒྱ་ཁྱབ་བཀག་འགོག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ཀྱང་། ཚོགས་གཙོ་ཌེ་ཝི་ཌི་ལགས་ཉེ་སྔོན་ཨི་ཊ་ལིར་ཕྱིན་ཡོད་སྟབས་ཏོག་དབྱིབས་འགོས་ནད་ཕོག་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་འདུག ཕྱི་ཚེས་ ༩ ཉིན་ཧྥ་རན་སིའི་རིག་གཞུང་སྲིད་བློན་ཧྥི་རན་ཁི་(Franck Riester)ལགས་སུ་ནད་གཞི་དེ་ཕོག་ཡོད་པ་གསལ་བསྒྲགས་བྱས།  དེ་བཞིན་སི་པིན་རྒྱལ་ཁབ་ཀྱི་གཡས་ལྷུང་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་(Javier Ortega Smith)ལགས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཁ་གསལ་ཆགས། གཞན་ཡང་། ཉེ་སྔོན་ཡེ་ཤུ་ཆོས་དཔོན་ཕོབ་མཆོག་ལའང་འགོས་ནད་ཡོད་པའི་དོགས་གཞི་བྱུང་ཡོད་ཀྱང་། ཕྱིས་སུ་དྲག་སྐྱེད་བྱུང་རྗེས་ཕོབ་མཆོག་ལ་འཆམ་ནད་ཙམ་བྱུང་བ་ལས་ཏོག་དབྱིབས་འགོས་ནད་མིན་སྐོར་བསྒྲགས་ཡོད་པ་དང་།  དེ་བཞིན་ཧྥོར་ཊིན་གསར་ཁང་གིས་ཨི་རན་གྱི་གྲོས་ཚོགས་འཐུས་མི་ ༢ ཏོག་དབྱིབས་འགོས་ནད་ཀྱིས་འདས་གྲོངས་སུ་ཕྱིན་པ་དང་འཐུས་མི་ ༢༠ ལྷག་འགོས་ནད་ཕོག་སྟེ་ཟུར་བཀག་འོག་བཞག་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༡༡

Leave a Reply