ཧོང་ཀོང་དང་ཨོ་མིན་ནང་བཙན་གནོན་གྱི་ཁྲིམས་གཞི་ཁ་སྣོན་བྱས།

དགོས་མཁོ་བྱུང་ན་རྒྱ་ནག་རྒྱལ་ཡོངས་ཀྱི་བདེ་སྲུང་ཡན་ལག་ཧོང་ཀོང་ནང་འཛུགས་རྒྱུ་ཡིན་པ་སོགས་ཀྱི་ཁྲིམས་གཞི་ཁག་ཅིག་ཁ་སྣོན་བྱེད་ཀྱི་ཡོད་པས་ཧོང་ཀོང་ནང་བསྐྱར་དུ་ངོ་རྒོལ་ཆེན་པོ་འབྱུང་ཉེན་འདུགདེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་རྒྱ་ནག་པེ་ཅིན་དུ་སྐབས་བཅུ་གསུམ་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དངོས་སུ་འཚོགས་པ་དང་། ཚོགས་ཐོག་ཏུ་སྲིད་བློན་ལེ་ཁེ་ཆང་གིས་གྲོས་གཞི་ཁག་ཅིག་སྒྲོག་སྦྱངས་བྱས་པའི་ནང་། རྒྱལ་ཡོངས་ཀྱི་བདེ་སྲུང་ཆེད་ཧོང་ཀོང་དང་ཨོ་མིན་གཉིས་ཀྱི་ནང་འཐུས་སྒོ་ཚང་བའི་བདེ་སྲུང་གི་ཁྲིམས་ཡིག་ཁ་སྣོན་བྱ་རྒྱུ་ཡིན་སྐོར་བརྗོད་པར་བརྟེན། ཨ་རི་དང་ཐའེ་ཝན་སོགས་ནས་རྒྱ་གཞུང་གི་བཙན་གནོན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན་གྲོས་གཞི་དེའི་ནང་། ཁྲིམས་དེས་ཁ་བྲལ་བྱེད་པ་དང་སྲིད་དབང་མགོ་རྟིང་སློག་པ། དྲག་སྤྱོད་ཀྱི་བྱ་འགུལ་སྤེལ་བ་དང་ཕྱི་རྒྱལ་གྱི་ཐེ་བྱུས་བྱེད་པ་སོགས་རྒྱལ་ཡོངས་ཀྱི་བདེ་སྲུང་ལ་ཚབ་ཆེན་གྱི་ཉེན་ཁ་སྤྲོད་པར་འགོག་ཐབས་དང་ཁྲིམས་ཆད་གཅོད་རྒྱུ་ཡིན་ལ། དེ་ནི་རྒྱ་ནག་དབུས་གཞུང་གི་ཁྲིམས་ལུགས་གྱི་དབང་ཚད་དང་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱིས་འཕྲལ་དུ་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཡིག་འོག་བསྐྱར་བཅོས་ཚར་བ་དགོས་སྐོར་དང་། དེ་བཞིན་དགོས་མཁོ་བྱུང་མཚམས་སུ་རྒྱལ་ཡོངས་ཀྱི་བདེ་སྲུང་ཡན་ལག་ཧོང་ཀོང་ནང་འཛུགས་རྒྱུ་ཡིན་པ་སོགས་བཀོད་ཡོད་འདུག

ཧོང་ཀོང་གི་དམངས་གཙོ་ལས་འགུལ་བ་དང་ཆབ་སྲིད་པ་སོགས་ཀྱིས་རྒྱལ་ཡོངས་བདེ་སྲུང་ཁྲིམས་སྲོལ་ཟེར་བ་ཡིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རང་དབང་གི་ཐོབ་ཐང་ཉམས་དམས་སུ་གཏོང་བར་བརྗོད་དེ་འདོད་མོས་མེད་པའི་རྣམ་འགྱུར་སྟོན་གྱི་ཀྱི་ཡོད་ལ། དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་ཉིན་གུང་ཙམ་ལ་ཧོང་ཀོང་གི་ལས་འགུལ་བ་ཚོས་ཧོང་ཀོང་ནང་གི་རྒྱ་ནག་གི་འབྲེལ་མཐུད་ལས་ཁུངས་ (China’s Liaison Office) མདུན་དུ་ཁྲོམ་སྐོར་བྱས་ཏེ་མུ་མཐུད་ཁྲོམ་སྐོར་རྒྱ་ཆེན་སྤེལ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་འདུག་ནའང་། དྲག་ཆས་ཉེན་རྟོག་པ་ཤུགས་ཆེན་འགྲེམས་འཇོག་བྱས་ཡོད་པར་བརྟེན། འཆར་གཞི་ལྟར་ཁྲོམ་སྐོར་བྱེད་ཐུབ་མི་འདུག

ཧོང་ཀོང་གི་སྤྱི་ཁྱབ་ལྕམ་ཀེ་རི་ལམ་ (Carrie Lam) གྱིས། ད་ལྟའི་ཧོང་ཀོང་གཞུང་གིས་མི་མང་འཐུས་མི་ཚོགས་ཆེན་གྱི་ཐག་གཅོད་ལ་ཡོངས་སུ་རྒྱབ་སྐྱོར་བྱ་རྒྱུ་དང་། ཐག་གཅོད་དེས་ཧོང་ཀོང་གི་ཐོབ་ཐང་དང་རང་དབང་། རང་དབང་གི་ཁྲིམས་ལུགས་དབང་འཛིན་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་ཚུལ་བརྗོད་འདུགགནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་སྲོལ་གསར་པའི་གྲོས་གཞི་བཏོན་པ་དེ་ཡིས། ཧོང་ཀོང་ནང་སླར་ཡང་ཁྲོམ་སྐོར་ལས་འགུལ་རྒྱ་ཆེན་ཞིག་གི་མགོ་སླངས་བ་ཡིན་ཚུལ་དང་། ཧོང་ཀོང་གི་རང་དབང་དང་དམངས་གཙོ་ལ་རྒྱ་ནག་གཞུང་གིས་ཚོད་འཛིན་བྱས་པར་ཨ་རིས་རྒོལ་ལན་སྤྲད་དེ། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཉམས་དམས་སུ་ཕྱིན་པ་སྔར་ལྷག་སྡུག་ཏུ་འགྲོ་ངེས་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་མངོན་ལྐོག་མེད་པར་སྔར་ལྷག་ཐེ་གཏོགས་བྱེད་མགོ་འཛུགས་ཀྱི་ཡོད་པས། ཧོང་ཀོང་ནང་ཁྲོམ་སྐོར་མུ་མཐུད་ནས་འབྱུང་རྒྱུ་ཡིན་སྟབས། ཨེ་ཤ་ཡའི་ཚོང་ལས་ཀྱི་ལྟེ་བ་སྟེ་ཧོང་ཀོང་ནང་མ་འཛུགས་བྱེད་མཁན་རྣམས་ཀྱི་གདེང་ཚོད་བརླག་ནས་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་དང་། དེ་ནི་ཧོང་ཀོང་ནང་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཡིན་པ་སོགས་ཀྱི་ཚོད་དཔག་བྱེད་ཀྱི་འདུག

དེ་དང་འབྲེལ་ཧོང་ཀོང་གི་དམངས་གཙོ་ལས་འགུལ་བ་ཅོ་ཧྲ་བོང་ (Joshua Wong) གིས་སྒེར་གྱི་ཊུའུ་ཝེ་ཊར་སྟེང་། པེ་ཅིན་གྱིས་དབང་ཤུགས་སྤྱད་དེ་སྐྲག་སྣང་གིས་ཧོང་ཀོང་བའི་འབོད་སྒྲ་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། ང་ཚོས་མུ་མཐུད་ཨུ་ཚུགས་ཀྱིས་ཁྲོམ་སྐོར་བྱེད་པ་ནི་ང་ཚོར་སྟོབས་ཤུགས་ཡོད་པས་མིན་པར། ང་ཚོ་ལ་གདམ་ཀ་གཞན་གང་ཡང་མེད་པས་ཡིན་པ་ཁྲོམ་སྐོར་བ་ཚོས་ཤེས་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་ཚན་པའི་སློབ་དཔོན་ (ERIC CHEUNG) གྱིས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཁྲིམས་ཐོག་ནས་ནུས་མེད་ཞིག་དང་ལམ་ལྷོངས་མ་བྱུང་བའི་སྲིད་བྱུས་ཤིག་ཡིན་པ་བསྒྲགས་པ་རེད་ལ། ཁོང་ཚོས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱིས་ད་ལྟའི་ཧོང་ཀོང་གི་གནད་དོན་སེལ་ཐུབ་གྱི་མེད་པར་བསམ་སྟེ་ཐབས་ལམ་གཞན་ཞིག་གིས་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཧོང་ཀོང་གི་ཡེ་ཤུ་གཙུག་ལག་སློབ་གྲྭའི་གསར་འགོད་ཚན་པའི་སློབ་དཔོན་ (BRUCE LUI) ཀྱིས། གལ་སྲིད་ཧོང་ཀོང་གི་ཁྲིམས་ལ་འགྱུར་བ་བཏང་ཚེ་ཧོང་ཀོང་མི་མང་གི་རང་དབང་དང་གསར་འགོད་རང་དབང་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་པ་རེད། ཁ་བྲལ་གྱི་མིང་ཐོག་ནས་ཧོང་ཀོང་རང་བཙན་འཐབ་རྩོད་པའི་གནས་ཚུལ་མཁོ་སྒྲུབ་བྱས་པ་སོགས་ལ་བརྟེན་ནས་གསར་ཁང་ཁག་ཁྲིམས་ལུགས་ལ་འགལ་འགྲོ་བ་དང་། སྲིད་དབང་མགོ་རྟིང་སློག་པའི་མིང་ཐོག་ནས་དམར་ཤོག་ཚོགས་པའི་བདེ་སྲུང་ཡང་གལ་ཆེན་ཏུ་གྱུར་ཏེ། རྒྱལ་ཡོངས་ཀྱི་བདེ་སྲུང་བཞིན་གཅིག་མཚུངས་ཀྱི་གལ་ཆེན་ཏུ་འགྱུར་འགྲོ་བ་རེད་ལ། ནང་སྲིད་ལ་ཐེ་བྱུས་བྱས་པའི་མིང་ཐོག་ནས་ཕྱི་མི་ཧོང་ཀོང་ནང་ཡོང་སྟེ་ལས་དོན་སྒྲུབ་མཁན་རྣམས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་ལ་ངོས་འཛིན་བྱེད་སྲིད་པ་ཞིག་རེད། ཅེས་བརྗོད་འདུག

དེ་བཞིན་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་མངོན་འདོད་ལ་ལྷག་བསམ་རྣམ་དག་གིས་བརྡ་ལན་སྤྲོད་དགོས་པ་དང་། ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཀྱིས་ཧོང་ཀོང་རྙོག་གླེང་ཅན་ཞིག་ཏུ་བསྒྱུར་ངེས་སྐོར་དང་། རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་ཧོང་ཀོང་མི་མང་གི་རང་དབང་དང་དམངས་གཙོ་ལ་ཚད་འཛིན་བྱེད་མི་འོས་པ། དཀའ་རྙོག་སེལ་ཐབས་ཀྱི་གཞི་རྩ་ནི་ཕན་ཚུན་བར་གང་མགྱོགས་ཕྱི་གསལ་ནང་གསལ་གྱི་གྲོས་མོལ་བྱ་རྒྱུ་དེཡིན་ཚུལ་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་དཔོན་རིགས་ཤིག་གིས་ཧོང་ཀོང་དང་འབྲེལ་བའི་བདེ་སྲུང་གྲོས་གཞི་ཞིག་མི་མང་ཚོགས་ཆེན་སྐབས་ཡོད་སྐོར་བརྗོད་པར། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། གལ་སྲིད་དེ་ལྟར་བྱུང་ཚེ་ང་ཚོས་གནད་དོན་དེར་གདོང་ལེན་ཧ་ཅང་ཤུགས་ཆེན་པོ་བྱ་རྒྱུ་ཡིན། ཞེས་དང་། ཨ་རིི་གྲོས་ཚོགས་གོང་མའི་འཐུས་མི་བན་ཧོ་ལན་ (Van Hollen) གྱིས། ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ཡིས་ཧོང་ཀོང་གི་རང་དབང་དང་འབྲེལ་ཏེ་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད་ལ། དེ་རིང་ཕྱི་ཚེས་ ༢༢ ཉིན་ཨ་རིར་ལན་འདེབས་ཀྱི་ཚུལ་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཧོང་ཀོང་ནང་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་བྱེད་པར་ངོ་རྒོལ་ཡོད་པ་དང་། པེ་ཅིན་གྱིས་ཨ་རི་དང་ལྷན་མཉམ་འབྲེལ་དང་གྲོས་མོལ་བྱ་འདོད་ཡོད་ནའང་། གལ་སྲིད་ཨ་རི་གཞུང་ནས་རྒྱ་ནག་ལ་བཙན་དབང་བྱས་ཚེ་རྒྱ་ནག་གིས་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༢

Leave a Reply

One thought on “ཧོང་ཀོང་དང་ཨོ་མིན་ནང་བཙན་གནོན་གྱི་ཁྲིམས་གཞི་ཁ་སྣོན་བྱས།

  1. བསོད་ནམས་རྒྱལ་མཚན།

    བུ་ཁྱེད་ཡིན་ད། 👍 Good News ཨ་རི་ལ་ཁ་གཏད་གཅོག་ཨ། བོད། མན་ཇུ། ཡུ་གུར། ནང་སོག ཧོང་ཀོང་། མ་ཀའོ་བཅས་ ང་ཚོ་ལྟད་མོ་ལྟས་ནས་སྡད་ཡོད་དོ། 😂 😂 😂 😅 Carrie Lam རྒྱལ་ཚོང་པ་ ཐུ་ ཐུ་ དབྱིན་ཇི་རྐུབ་ནང་ལ་འཛུལ་ཚར་ཡིན་ས་རེད། 😂 😂 😂 😅