འབུ་ཆ་ག་པའི་དཔུང་ཚོགས་ཀྱིས་རྒྱ་གར་ནང་གནོད་པ་ཆེན་པོ་བཟོ་ཉེན་འདུག

གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་འབུ་རིགས་ཀྱི་དུས་ཚིགས་རང་བཞིན་གྱི་ཁ་ཟས་ལ་འགྱུར་བ་ཐེབས་ནས་རྒྱ་གར་དང་པཱ་ཀི་སི་ཐན་སོགས་ཀྱི་ནང་འབུ་ཆ་ག་པའི་དཔུང་ཚོགས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་གནོད་སྐྱོན་ཆེན་པོ་གཏོང་གི་ཡོད་པར་བཤད།དེ་རིང་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། འབུ་ཆ་ག་པའི་དཔུང་ཚོགས་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་བསླེབས་ཏེ་ཞིང་ལས་ཐོན་སྐྱེད་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། མུ་མཐུད་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་བསླེབ་ཉེན་ཡོད་པས་ཆར་དུས་ཀྱི་ལོ་ཏོག་ལའང་གནོད་སྐྱོན་ཆེན་པོ་ཐེབས་ངེས་པའི་ཚོད་དཔག་བྱེད་ཀྱི་འདུག

འདས་པའི་ཉིན་ཤས་རིང་ར་ཇི་སི་ཐན་མངའ་སྡེའི་ནང་འབུ་ཆ་ག་པ་ས་ཡ་མང་པོ་སྡེབ་གཅིག་ཏུ་བསླེབས་ནས་ས་གནས་ཀྱི་ལོ་ཏོག་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ཉེ་འཁོར་ཀྱི་མངའ་སྡེ་གཞན་ལའང་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་དང་། རླུང་བུ་གཡུག་ཕྱོགས་དང་བསྟུན་འབུ་ཆ་ག་པ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་གི་ཕྱོགས་སུ་འཕུར་བཞིན་ཡོད་འདུག་ལ། ཉེན་ཁ་ཆེ་བའི་མངའ་སྡེ་སོ་སོས་འབུ་སྨན་སོགས་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

རྒྱ་གར་ཧིན་རྡུ་དུས་བབ་ཀྱི་གནས་ཚུལ་ནང་། ཕྱི་ཟླ་ ༤ ཚེས་ ༡༡ ཉིན་ཐོག་མར་འབུ་ཆ་ག་པ་དེ་དག་པ་ཀི་སི་ཐན་ཕྱོགས་ནས་རྒྱ་གར་གྱི་ར་ཇི་སི་ཐན་ (Rajasthan) མངའ་སྡེའི་ནང་འཛུལ་ཡོད་པ་དང་། ཇའེ་པུར་ (Jaipur) གྲོང་ཁྱེར་གྱི་ཕྱོགས་སུ་ཕྱིན་ཡོད་པ་དང་། མ་ཧཱ་རཱ་ཤི་ཊ་ར་ (Maharashtra) མངའ་སྡེ་ཡིས་ (Amravati) དང་ (Wardha) རྫོང་སོགས་ནང་བསླེབས་ཡོད་པ་དང་། ད་ལྟ་ (Nagpur) རྫོང་སོགས་ཀྱི་ཞིང་ནང་དུ་བསླེབས་ཡོད་འདུགད་ལྟ་མ་ཧཱ་རཱ་ཤི་ཊ་ར་མངའ་སྡེའི་ནང་འབུ་ཆ་ག་པས་ལོ་ཏོག་ལ་གནོད་སྐྱོན་བཟོ་བར་སྔོན་འགོག་ཆེད་མངའ་སྡེ་རིམ་པའི་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང་། རྒྱ་གར་ལྡི་ལི་ཞིང་ལས་ཞིབ་འཇུག་ཚན་པའི་བརྗོད་པའི་གནས་ཚུལ་ནང་འབུ་སྨན་རླངས་འཁོར་གྲངས་ ༧༠༠ དང་མེ་གསོད་རླངས་འཁོར་གྲངས་ ༧༥། གཞན་རླངས་འཁོར་གྲངས་ ༥༠ ཙམ་གྲ་སྒྲིག་བྱས་ཏེ་ཞིང་ཁར་འབུ་སྨན་གཏོར་ཡོད་འདུག  ཚོད་རྩིས་བྱས་པ་ལྟར་ན་ར་ཇི་སི་ཐན་ (Rajasthan) གྱི་གཙོས་མངའ་སྡེ་དྲུག་གི་ནང་སྤྲིན་བལ་དང་འབྲུ་རིགས། དེ་བཞིན་སྔོ་ཚལ་སོགས་ས་ཞིང་ཚད་གཞི་ཨེ་ཁར་ (acres) ཁྲི་ ༡༠ ལྷག་ལ་གནོད་སྐྱོན་འབྱུང་ངེས་པ་དང་། ད་དུང་མུ་མཐུད་འབུ་ཆ་ག་པ་རྒྱ་གར་ནང་གནས་ཚེ་ཆར་དུས་སྐབས་ཀྱི་ཞིང་ལས་ཐོན་སྐྱེད་ལའང་གནོད་སྐྱོན་ཆེན་པོ་ཐེབས་ངེས་ནའང་། འབུ་སྨན་གཏོར་བ་སོགས་གྲ་སྒྲིག་གང་ལེགས་བྱས་ཚེ་འབུའི་གནོད་སྐྱོན་ཆུང་དུ་གཏོང་ཐུབ་ཀྱི་ཡོད་འདུག

མངའ་སྡེའི་ཞིང་ལས་ཐོན་སྐྱེད་ཚན་པའི་འགན་འཛིན་ (Ravindra Bhosale) གྱིས་བརྗོད་པ་ལྟར་ན། ས་གནས་གཅིག་ནས་གཞན་དུ་གནས་སྤོ་བྱེད་པའི་འབུ་ཆ་ག་བ་ནི་ལོ་ཏོག་གི་རིགས་ཡོངས་ལ་གནོད་སྐྱོན་ཆེན་པོ་ཡོད་པ་དང་། འབུ་དེས་ལྗང་མདོག་ཅན་གྱི་ལོ་མ་ཐམས་ཅད་བཟའ་བ་དང་། མཚན་མོེར་གནས་སྤོ་མི་བྱེད་པར་ཉིན་མོར་རླུང་བུའི་རྒྱུ་ཕྱོགས་དང་ལྷན་འཕུར་འགྲོ་བ་ཞིག་ཡིན་འདུགའདས་པའི་བདུན་ཕྲག་ནང་རྒྱ་གར་ཁོར་ཡུག་ལྷན་ཁང་ནས་འབུ་ཆ་ག་པ་རྒྱ་གར་གྱི་ར་ཇི་སི་ཐན་དང་པན་ཇབ། ཧ་རེ་ཡ་ན་དང་མ་རྡེ་ཡ་པུར་སྡེ་ཤི་བཅས་ཀྱི་མངའ་སྡེ་ནང་བསླེབས་ཟིན་པ་མ་ཟད། རྒྱལ་ས་ལྡི་ལིར་ཀྱང་སླེབ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྒྱ་གར་ནང་འབུ་ཆ་ག་པ་བསླེབས་ངེས་པ་དང་དེས་འདི་ལོའི་རྒྱ་གར་གྱི་ཞིང་ལས་ཐོན་སྐྱེད་ལ་གནོད་སྐྱོན་ཤུགས་ཆེན་འབྱུང་ངེས་སྐོར་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

འབུ་ཆ་ག་པ་དེ་ལོ་རེ་བཞིན་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་འཕུར་སྐྱོད་བྱེད་བཞིན་ཡོད་པ་དང། དུས་རྒྱུན་འབུ་རིགས་དེ་དག་གིས་ཞིང་ཁ་དང་ལོ་ཏོག ཟ་མ་སོགས་ལ་གནོད་སྐྱོན་གཏོང་གི་ཡོད་ན་ཡང་། འབུ་ཚོགས་ཧ་ཅང་མང་པོ་འདུས་ཏེ་ཞིང་ཁ་དང་ཟས་རིགས་ལ་གཏོར་སྐྱོན་གཏོང་རྒྱུ་ཉུང་ཉུང་ཡིན་པ་དང་།  རྒྱལ་སྤྱིའི་ཆེད་མཁས་པ་མང་པོས་འབུ་རིགས་དེ་དག་གིས་ཞིང་ཁ་དང་ཟས་རིགས་ལ་གནོད་སྐྱོན་བཟོ་བཞིན་པ་དེ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་དང་། གནམ་གཤིས་ཚ་དྲོད་དོ་མི་སྙོམ་པ་སོགས་ཀྱིས་འབུ་རིགས་མང་པོ་ཞིག་གི་དུས་ཚིགས་རང་བཞིན་གྱི་ཁ་ཟས་ལ་འགྱུར་བ་ཐེབས་པས་ཡིན་སྐོར་བརྗོད་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༧

Leave a Reply