དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ པའི་སྐུའི་འཁྲུངས་སྐར་ཉིན་བོད་གཞུང་མང་གཉིས་ནས་མ་ཎི་གསོག་སྒྲུབ་དང་ཕྱག་མཆོད་འབུལ་སོགས་བྱས་ཏེ་འཁྲུངས་སྐར་སྲུང་གཙི་ཞུས།དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པས། དུས་རྒྱུན་ཡིན་ན་བཞུགས་སྒར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྤྱི་ཚོགས་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་འཁྲུངས་སྐར་སྲུང་གཙི་ཞུ་སྲོལ་ཡོད་ཀྱང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འདི་ལོ་སྔར་རྒྱུན་དང་མི་འདྲ་བར་གཞུང་མང་གཉིས་ནས་སྟབས་བདེའི་ངང་དྲ་ལམ་དང་རང་ཁྱིམ་ནས་སྲུང་གཙི་ཞུ་དགོས་ཁེལ་ཡོད་པ་ལྟར། དེ་རིང་ཞོགས་པ་ནས་ཕྱག་མཆོད་འབུལ་དང་སྐོར་བ། མ་ཎི་གསོག་སྒྲུབ་བྱེད་མཁན་སྔར་རྒྱུན་ལས་རྦད་དེ་མང་བ་འདུག

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འཛོམས་ནས་འཁྲུངས་སྐར་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་རྒྱ་གར་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་བརྙན་ཐུང་གཟིགས་འབུལ་ཞུས་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་ཁག་ཅིག་ལ་ལས་བྱེད་འདེམས་ལྷན་ནས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ལས་དོན་གཟེངས་རྟགས་གནང་སོང་།

ཕྱི་ཚེས་ ༥ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁུངས་སྐར་དང་བསྟུན་མ་ཎི་གསོག་སྒྲུབ་ཡོང་བའི་བཀའ་སློབ་ཕེབས་ཡོད་པའི་ནང་། ཕྱི་ཟླ་༧ ཚེས་ ༦ དེ་ངོས་ཀྱི་སྐྱེས་སྐར་ཡིན་ན་ཡང་། ད་ལྟའི་ཆར་ནད་ཡམས་ཀྱི་རྙོག་དྲ་འདུག་པས་སྐྱེས་སྐར་དུས་ཆེན་གྱི་མཛད་སྒོ་འཚོག་རྒྱུ་དེ་མི་དགོས་པ་བྱོས། གང་ལྟར་ངའི་སྐྱེས་སྐར་ལ་ཁྱོད་ཚོས་མ་ཎི་བགྲང་ཐུབ་ན་ཡག་པོ་ཡོད་པ་རེད། དེ་བཞིན་ཁོང་ཉིད་ཀྱིས་མ་ཎིའི་འགྲེལ་བཤད་གསུངས་བ་དང་འབྲེལ། ། མ་ཎི་བགྲང་བའི་སྐབས་སུ་ད་ལྟ་ངས་འགྲེལ་བཤད་བརྒྱབ་པའི་གླང་ཐང་ཚིག་བརྒྱད་ཀྱི་དོན་དག་ལ་བསམ་བློ་གཏང་ན། ཁྱེད་རང་ཚོར་ཡང་ཕན་ཡོན་ཡོད་པར་མ་ཟད། དགེ་བ་དེ་རྒྱལ་བ་རིན་པོ་ཆེ་ལོ་བརྒྱ་ཕྲག་ལྷག ལོ་བརྒྱ་དང་བརྒྱད། ལོ་བརྒྱ་དང་བཅུ་སྡོད་ཐུབ་པར་བསྔོ་བ་དང་སྨོན་ལམ་རྒྱོབས། ཤེས་སོང་ངམ། དེ་ལྟར་བྱོས་ཨ། ཞེས་གསུངས་འདུག

མུ་མཐུད་ཁོང་གིས། མ་ཎི་བགྲང་བ་དེར་ངོས་ལ་རྒྱུ་མཚན་ཡོད། སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་དང་། ཝ་ཏི་བཟང་པོའི་སྐུ་བརྙན་འདི་ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ལ་སྟོད་ནས་ཚུར་ཕེབས། དེ་དུས་རྫོང་གསར་ཆོས་སྡེ་རྒྱ་གར་ལྷོ་ཕྱོགས་ལ་གཞིས་ཆགས་སུ་ཕེབས་ཟིན་པས། སྐུ་བརྙན་དེ་འདིར་བཞུགས་སམ། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་ཀྱི་མཉམ་དུ་ཕེབས་ན་ཅི་ལེགས་ཝ་ཏི་བཟང་པོའི་སྐུ་མདུན་ནས་གཟན་རྟགས་སྒྲིལ་བར། ཝ་ཏི་བཟང་པོའི་སྣང་བརྙན་འདི་གར་བཞུགས་རྒྱུ་ཡིན་ཞེས་གཟན་རྟགས་ལ་བབ་པ་རེད། ང་འདིར་ཝ་ཏི་བཟང་པོའི་དཀོར་གཉེར་ལྟ་བུ་བྱས་ནས་བསྡད་ཡོད་ལ། ཝ་ཏི་བཟང་པོ་མཚམས་རེར་བཞད་མོ་བཞད་ཀྱི་ཡོད་པ་ལྟ་བུ་བཅས་གང་ལྟར་མི་འདྲ་བ་ཞིག་འདུག ངས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡོད་པས། ཝ་ཏི་བཟང་པོ་ངའི་སྐྱབས་དང་མགོན་དང་དཔུང་གཉེན་གྱི་ཚོད་ལྟ་བུ་དེ་ཡིན་པར་བརྟེན། ངས་མཚམས་མཚམས་ཡོངས་གྲགས་བྱས་ནས། སྤྱན་རས་གཟིགས་ངའི་དཔོན་པོའི་ཚོད་ལྟ་བུ་དང་། ང་སྤྱན་རས་གཟིགས་ཀྱི་བང་ཆེན་ནམ་ཕྱག་མཛོད་ལྟ་བུ་ཞིག་ཡིན་ཞེས་བཤད་ཀྱི་ཡོད། དེར་བརྟེན་ངོས་ཀྱི་སྐྱེས་སྐར་གྱི་དུས་ཚེས་དང་བསྟུན་ངའི་སྐྱེས་སྐར་ལ་ཕྱག་རྟགས་འབུལ་རྒྱུ་ཡག་ཤོས་དེ་མ་ཎི་ཏོག་ཙམ་བགྲང་ཐུབ་ན་ཡག་པོ་ཡོད། ཅེས་གསུངས་ཡོད་པ་རེད།དེ་བཞིན་དེ་རིང་༧སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་།  ༸མགོན་པོ་མཆོག་གིས་བོད་ཀྱི་བདེན་དོན་སླད་དུ་དུས་གསུམ་གསལ་གཟིགས་ཀྱིས་མཛད་འཕྲིན་བསྐྱངས་པར་འཛམ་གླིང་ནང་གཟུར་གནས་སྐྱེ་བོ་དུ་མ་མ་ཟད། རྒྱ་ནག་གི་མཁས་པ་མང་པོ་ནས་ཀྱང་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་པའི་ཐོག བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ ༡༩༧༠ འགོ་སྟོད་ནས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་བོད་རྒྱ་མི་རིགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་གནང་མཛད་དེ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཆེད་༸མགོན་པོ་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་གྲོས་མོལ་རིམ་པ་གནང་ཡོད་པ་མ་ཟད། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འགྲེལ་བརྗོད་བཅས་པ་ཕུལ་ཐུབ་པ་བྱུང་ཡོད་ལ། ༸གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གནང་རྒྱུར་དུས་རྟག་ཏུ་སྒོ་ཕྱེ་ཡོད། དེ་བཞིན་དུས་རྒྱུན་དུ་འཛམ་གླིང་ནང་མིས་བཟོས་པའི་རྩོད་རྙོག་དང་གནད་དོན་ཆེ་ཆུང་གང་དང་གང་ཡིན་ཡང་འགྲོ་བ་མི་ཁོ་ནས་སེལ་ཐབས་བྱེད་དགོས་པ་དང་། དེ་ཡང་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་དགོས་པའི་རླབས་ཆེན་མཛད་བྱུས་དང་ལམ་སྟོན་མཛད་པར་འཛམ་གླིང་གང་སར་གནས་པའི་གཟུར་གནས་ཤེས་ལྡན་ཀུན་གྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ད་ཆ་འཛམ་གླིང་ཡོངས་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྒྱ་ཁྱབ་ནད་ཡམས་ཀྱི་རྐྱེན་པས་འགྲོ་བ་མིའི་སེམས་ཁམས་ལ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཕྱོགས་གཞན་ནས་བརྡ་འཕྲིན་འཕྲུལ་ལས་ཡར་རྒྱས་རྩེ་མོར་སོན་པའི་བཟང་ཕྱོགས་ཀྱི་ཁྱད་ཆོས་དེ་ཉིད་བཀོལ་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་འཕྲལ་ཕུགས་ཀྱི་དཀའ་སྡུག་ལས་ཐར་ཕྱིར་དྲྭ་ཐོག་ནས་བཀའ་དབང་དང་། གསུང་ཆོས། བཀའ་སློབ་བཅས་སྩལ་གནང་མཛད་དང་མཛད་བཞིན་པ་ནི་འགྲོ་བའི་སྡུག་བསྔལ་སེལ་བའི་དུས་ཐོག་སྦྲང་ཆར་ཁོ་ན་ཡིན། ང་ཚོས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་སྤྱི་དང་། ལྷག་པར་དུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་གངས་ཅན་པ་རྣམས་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་འཇལ་ཐབས་བྲལ་ཡང་། ༸མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དེ་དག་གིས་འཛམ་གླིང་ཡོངས་ལ་ཕན་བདེ་དངོས་སུ་བསྒྲུབ་པར་བོད་རིགས་རྒན་གཞོན་དར་གསུམ་གྱིས་ནང་པའི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་གཙོ་བོར་གྱུར་པའི་ནང་པའི་ཚན་རིག་ཐོག་ལ་སློབ་གཉེར་ངེས་པར་དུ་བྱེད་དགོས། ལྷག་པར་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ལོ་ཡིན་པ་བཞིན། ༸མགོན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་ཁག་གཙོ་བོར་གྱུར་པའི་ལས་གཞི་སྣ་ཚོགས་ཡོད་པ་རྣམས་རྒྱ་གང་ཆེར་སྤེལ་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ནང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཕྱི་ལོ་ ༡༩༧༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མི་གནང་རྒྱུའི་ནང་དོན་སྲིད་བྱུས་རོབ་ཙམ་གཏན་འཁེལ་མཛད་པ་དང་། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་དམར་གྱི་དབུ་འཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་ཕུད་དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་ཅེས་གྲོས་མགོ་བཏོན་པ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་སྔ་རྗེས་བཏང་གནང་མཛད། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ཡང་དག་སྲིད་བྱུས་ཤིག་ཏུ་གྱུར་བར། འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་གང་ལེགས་འཐོབ་བཞིན་པ་མ་ཟད། རྒྱ་ནག་ནང་གི་ཤེས་ཡོན་ཅན་གྱི་མི་སྣ་མང་པོས་དགའ་མོས་རྒྱབ་སྐྱོར་ཐོབ་དང་འཐོབ་བཞིན་ཡོད་པ་སོགས་ནི་མགོན་པོ་གང་ཉིད་ཀྱིས་དེང་གི་དངོས་ཡོད་གནས་སྟངས་དང་བསྟུན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་པ་གཙོར་བཟུང་གནང་བའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད། ཅེས་གསུངས་འདུག

གསུང་འཕྲིན་ནང་མུ་མཐུད། དེ་རིང་གོ་སྐབས་འདི་བརྒྱུད་ནས་གཞན་གནད་དོན་ཁག་ཅིག་ཞུ་འདོད་པ་ནི། རིང་མིན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ཉེར་ཡོད་པའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ། སྒེར་ནད་སྤྱི་སྤུངས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་བ་བརྩམ་མི་རུང་བས་ཚང་མས་བླང་དོར་འགལ་འཛོལ་མེད་པ་དགོས་གལ་མ་ཟད། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོའི་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་། ཆོལ་གསུམ་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་གོང་བུའི་ནུས་པ་ངོམས་སུ་ཆོག་པ་ཞིག་ཡོད་པ་དེ་དཀྲུག་གཏོར་གཏོང་རྒྱུར་དམིགས་ཏེ་ཆེད་གཉེར་ལས་འགན་ཡོད་མཁན་ཉུང་ཤས་ཡོད་པ་དེ་དག་ལ་ཁ་གཏད་གཅོག་རྒྱུ་དང་། དེ་རིགས་ཀྱི་ལྷན་དུ་བསམ་མེད་བོད་མི་འགའ་ཤས་མགོ་སྐོར་སླུ་བྲིད་འོག་སྐབས་རེར་ཚུད་ཉེན་ཆེ་བས་དོགས་ཟོན་ཆེ་བསྐྱེད་ཀྱིས་ཡིད་གཟབ་བྱ་རྒྱུ་ཚང་མར་འོས་འགན་ཡོད། སྔ་ལོའི་ཕྱི་ཟླ་ ༡༢ ཟླ་མཇུག་ཙམ་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་སོང་སྟེ་ད་ལྟ་ཟླ་ངོ་བདུན་ལྷག་འགྲོ་བཞིན་པའི་དུས་ཡུན་རིང་པོ་དེའི་རིང་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་མི་རྒྱུ་གཉིས་ཀྱི་དཀའ་ངལ་མང་དག་ཅིག་ཕྲད་དང་འཕྲད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བློ་འཚབ་ཆེན་པོས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ནད་ཡམས་ཀྱིས་སྒོ་རྒྱ་བསྡམས་པའི་དུས་ཡུན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་ཁག་བཅས་ནས་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་རྣམས་ལ་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱ་སྟངས་སོགས་ཀྱི་སྐོར་དྲྭ་ལམ་བརྒྱུད་ནས་བཀའ་དབང་གསུང་ཆོས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གཞན་ཡང་འདི་ལོའི་ཕྱི་ཟླ་ ༦་ནང་རྒྱ་ནག་ཕྱུག་བདག་ཀོ་ཝིན་ཀུ་ཡིས་བོད་མི་ཚོར་ཚིག་རྩུབ་གྱིས་སྡུག་དམོད་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་ (Scott Perry) ལགས་ཀྱིས་གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་དགོས་སྐོར་གྱི་ཁྲིམས་འཆར་བཏོན་པའི་སྐོར་ལ་གསུངས་འཕྲིན་ནང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྐང་སྤོལ་བ་ཟུར་པ་ཧོ་ཧེ་ཏུང་དང་ཕྱུག་བདག་ཀོ་ཝིན་ཀུའི་སོགས་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གཙོས་པའི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་བཏང་བ་སོགས་ཚད་ལས་བརྒལ་བའི་བྱས་ཉེས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། དྲུག་བཞིའི་དུས་དྲན་ཉིན་མོར་རྒྱ་ནག་གསར་པ་ཞེས་པ་མགོ་བཙུགས་ཏེ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ་ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་ཞེས་པའི་ནང་བོད་རྒྱལ་ཁབ་ཆེན་པོའི་མིང་བཙན་གྱིས་བཅུག་པ་དང་། ཁོ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གུས་པའི་ཚིག་བེད་སྤྱོད་བྱས་པ་དང་། བཙན་བྱོལ་བོད་མིར་ངན་སྨྲས་མང་དག་བྱས་པ་བཅས་རྩ་བ་ནས་འགྲིག་ཐབས་མེད་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མོས་མཐུན་རྩ་བ་ནས་མེད་ཅེས་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད། བོད་ཀྱི་གནད་དོན་ཆེ་ཆུང་ཇི་འདྲ་ཞིག་གི་ཐོག་ཐག་གཅོད་བྱ་དགོས་བྱུང་ཚེ་དེའི་འགན་དབང་ཆ་ཚང་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁོ་ནར་ཡོད། དེར་གོ་བསྡུར་གང་ཡང་མེད་པར་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་བཅས་སུས་ཀྱང་བོད་དོན་དང་འབྲེལ་བའི་ཐག་གཅོད་རིགས་མི་ཆོག  ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་ (Scott Perry) ལགས་ཀྱིས་གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་དགོས་སྐོར་གྱི་ཁྲིམས་འཆར་བཏོན་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འོན་ཀྱང་བོད་ཅེས་པ་དེ་བོད་ཆོལ་ཁ་གསུམ་ཡོངས་སུ་ཚུད་པ་ཞིག་ལ་གོ་དགོས་པ་ལས་རང་སྐྱོང་ལྗོངས་གཅིག་པུས་བོད་རྒྱལ་ཁབ་ཆ་ཚང་མཚོན་མི་ཐུབ། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཏུ་བོད་ཆོལ་ཁ་གསུམ་ཞེས་བསྒྱུར་བཅོས་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

འདི་ལོར་བོད་མི་ཚོས་མཛད་སྒོ་སོགས་ཚོགས་ཏེ་སྐུའི་འཁུངས་སྐར་གཟབ་རྒྱས་ངང་ཚོགས་ཐུབ་ཀྱི་མེད་ཀྱང་། དྲ་ལམ་ཁག་ཏུ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་མ་ཟད། བོད་མི་ཁག་ཅིག་ནས་ཆེད་དམིགས་བོད་དོན་ཆེད་ཞི་བའི་གོམ་བགྲོད་དང་བོད་དོན་ཞུ་གཏུག བོད་དོན་ཁྱབ་བསྒྲགས་སོགས་ཀྱི་ལས་འགུལ་སྤེལ་ནས་དེ་རིང་གི་ཉིན་མོ་དང་བསྟུན་མཚམས་འཇོག་གནང་གི་ཡོད་པ་དང་། འདི་ལོར་བལ་ཡུལ་ནང་འཁྲུངས་སྐར་སྲུང་གཙི་ཞུ་ཐུབ་མེད་པ་ལས། རྒྱ་གར་ནང་གི་བོད་མི་འདུས་སྡོད་ཁུལ་གྱི་གཞིས་ཆགས་དང་དགོན་སྡེ། དེ་བཞིན་ཚོགས་སྡེ་ཁག་སོགས་ནས་མ་ཎི་གསོག་སྒྲུབ་དང་བསང་གསོལ་གཏོང་བ་སོགས་སྐུའི་འཁྲུངས་སྐར་སྲུང་གཙོ་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༧

Leave a Reply