ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་པ་ ༡༢ འོས་མིར་ལངས་བ་བཀག

དེ་རིང་ཉིན་རྒྱབ་ཙམ་ལ་ཧོང་ཀོང་གཞུང་གིས་ཇོ་ཧྲ་ཝོང་ཚུད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་གནད་ཡོད་ལས་འགུལ་བ་དང་མི་སྣ་ ༡༢ ཧོང་ཀོང་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་བ་རྩིས་མེད་བཏང་ཡོད་པའི་བཀའ་རྒྱ་བསྒྲགས།

ཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་འོས་བསྡུ་ལས་ཁང་གིས་འོས་བསྡུའི་ནང་ཞུགས་པའི་དམངས་གཙོ་དོན་གཉེར་བ་རྣམས་ལ་ཡིག་འབྲེལ་བརྒྱུད། ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྒྲིག་གཞི་ཆ་རྐྱེན་དང་འགལ་ཡོད་སྐོར་བརྗོད་དེ། འདི་ལོའི་ཕྱི་ཟླ་ ༩ པའི་ནང་བསྡུ་གཏན་ཁེལ་བའི་འོས་བསྡུའི་ཁྲོད་རྩིས་མེད་བཏང་ཡོད་སྐོར་བརྗོད་འདུག་པ་མ་ཟད། ཧོང་ཀོང་གཞུང་གིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འོས་བསྡུ་ལས་ཁང་གི་ཐག་གཅོད་དེར་རྒྱབ་སྐྱོར་ཡོད་པ་དང་། དེ་ནི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། དྲང་བདེན་དང་འདྲ་མཉམ་གྱི་འོས་བསྡུ་ཞིག་ཡོང་རྒྱུར་དམིགས་པ་ཞིག་ཡིན་སྐོར་དང་། ཐེངས་འདིའི་ཐག་གཅོད་ནི་ཆབ་སྲིད་ཀྱི་བཀག་སྡོམ་དང་། སྨྲ་བརྗོད་རང་དབང་དང་ཐོབ་ཐང་བཅས་ལ་རྡོག་རོལ་བཏང་བ་ཞིག་མིན་སྐོར་འགྲེལ་བརྗོད་བྱས་པ་དང་སྦྲགས། འོས་བསྡུའི་ལས་ཁང་ངོས་ནས་འོས་མི་གཞན་ཚོ་ཡང་རྩིས་མེད་གཏོང་དགོས་མིན་ཐད་ཞིབ་འཇུག་བྱེད་ཀྱིན་ཡོད་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

ཉེ་ཆར་ཧོང་ཀོང་གྲོས་ཚོགས་འཐུས་མིའི་སྔོན་འགྲོའི་འོས་བསྡུའི་ནང་འོས་ཤོག་ཕོན་ཆེན་ཐོབ་མཁན་དང་། ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱིས་མཚོན་པའི་དམངས་གཙོའི་ལས་འགུལ་གྱི་ན་གཞོན་སྣེ་ཁྲིད་པ་ཇོ་ཧྲ་ཝོང་གིས་སྒེར་གྱི་ཊུ་ཝི་ཝར་དྲ་ལམ་སྟེང་། པེ་ཅིན་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་འོས་མི་ཕལ་ཆེ་བ་རྩིས་མེད་བཏང་སྟེ། ཧོང་ཀོང་གི་འོས་བསྡུར་དྲག་གནོན་ཚབས་ཆེ་ཤོས་དེ་བྱས་ཡོད་པ་དང་། ང་ཚོས་མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་པས། འཛམ་གླིང་མི་མང་གིས་ཡོང་རྒྱུའི་འཐབ་རྩོད་ཁྲོད་ང་ཚོར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག འདས་ལོར་ཡང་ཇོ་ཧྲ་ཝོང་ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་ཞུགས་པ་བཀག་སྡོམ་བྱས་ཡོད་པ་རེད།

ད་ཐེངས་བཀག་སྡོམ་བྱས་པའི་འོས་དམིགས་ཁྲོད་དུ། ཧོང་ཀོང་གི་སྤྱི་དམངས་སྲིད་དོན་ཚོགས་པའི་ (Civic Party) ཚོགས་གཙོ་དང་ལས་ཐོག་གྲོས་ཚོགས་འཐུས་མི་ཨེལ་ཝིན་ཡུང་ (Alvin Yeung) དང་། གྲོས་ཚོགས་འཐུས་མི་ཌེ་ནི་སི་ཀོག་ (Dennis Kwok)། ཀོག་ཀཱ་ཀི་ (Kwok Ka-ki)། ཊ་ཊི་ཁྲེང་ (Tat Cheng)།  ཀེ་ནེ་ཐི་ལུང་(Kenneth Leung) བཅས་དང་། དེ་བཞིན་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་ཨེལ་ཝིན་ཁྲེང་ (Alvin Cheng) དང་། ཧྥེར་གུ་སི་ལུང་ (Fergus Leung)། ཝེན་ཊ་སི་ལའུ་ (Ventus Lau)། གྷུ་ཝེ་ནེ་ཐི་ཧོ་ (Gwyneth Ho) བཅས་ཡོད་འདུག

ཧོང་ཀོང་རང་དབང་གསར་ཤོག་གི་གནས་ཚུལ་ནང་། བདུན་ཕྲག་སྔོན་མར་ཧོང་ཀོང་གི་འོས་བསྡུ་ལས་ཁང་གིས། དམངས་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མིའི་འོས་མི་ ༡༠ ལས་མང་བར། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་དང་། ཨ་རིས་ཧོང་ཀོང་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་སོགས་ཚུད་པའི་སྒེར་གྱི་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་བའི་སྐོར་ལ་དྲི་བ་བཏང་སྟེ། ཆུ་ཚོད་ ༢༤ ནང་དྲིས་ལན་དགོས་པའི་བཀའ་བཏང་ཡོད་ཅིང་། ཧོང་ཀོང་གཞུང་གི་བྱེད་ཐབས་དེ་ནི་གྲོས་ཚོགས་ར་བའི་ནང་དམངས་གཙོ་དོན་གཉེར་བ་བསླེབ་རྒྱུར་བཀག་འགོག་བྱ་ཆེད་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།

འདས་ལོར་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པའི་སྐབས་དེར། ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུ་བྱས་ཏེ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་མ་ཟད། སྤྱི་དམངས་ཀྱིས་ཁེ་རི་ལེམ་གྱིས་སྣེ་ཁྲིད་པའི་ཧོང་ཀོང་གཞུང་ལ་དགའ་མོས་མེད་པ་དང་། རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་གནས་བབ་རྩིས་མེད་ཀྱིས་དྲག་གནོན་གྱི་སྲིད་བྱུས་སྤེལ་ཐབས་བྱེད་ཀྱིན་པར་སྐྱོན་བརྗོད་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཐུབ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་གཏན་འབེབ་ལག་བསྟར་བྱས་རྐྱེན། ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བ་ཚོ་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་ཁྲིམས་ཆད་ཕོག་རྒྱུའི་ཉེན་ཁའི་ནང་ལྷུང་ཡོད་པ་རེད། ཐེངས་འདིའི་ཐག་གཅོད་དེ་ཡང་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་གཞིར་བཟུང་། ཕྱིའི་རྩ་འཛུགས་དང་ལག་འབྲེལ་བྱས་པའམ། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་ངན་ཁག་གཡོགས་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༣༠

Leave a Reply