རྒྱ་གར་བའི་མིག་འགྲིབ་འབྱེད་དགོས།

ཚེ་རིང་རྒྱལ།

ཉེ་ཆར་འཕགས་བོད་མཐའ་འབྲེལ་ས་ཁུལ་དུ་རྒྱ་དཀར་ནག་དབར་ས་ཁོངས་བཅད་བཟུང་འཁྲུག་རྩོད་ཁྲོད།  ཕྱི་ཟླ་ ༨ ཚེས་ ༢༩ ཉིན་དགོང་མོར་བོད་མིའི་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་སྲོག་ཤོར་ཡོད་པ་དང་། འཐབ་གྲོགས་བོད་རིགས་གཞོན་ནུ་བསྟན་འཛིན་བློ་ལྡན་ལགས་ལ་རྨས་སྐྱོན་ཕོགས་ཏེ་སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་པའི་གནས་ཚུལ་ཐོན་ཡོད་པ་ལྟར།  བོད་མི་ཤ་གསེང་ན་རུས་པ་ཅན་ཞིག་ཡིན་ཕྱིན་རུས་ལ་ཟུག་པའི་གདུང་ཚོར་ཞིག་སྤྲད་ཡོད་ངེས། ཡིན་ནའང་། བོད་མི་མང་ཚོགས་ཚོས་གནས་ཚུལ་འདིའི་ཐད་གཟབ་ནན་གྱིས་དོ་སྣང་ག་ཙམ་ཞིག་གནང་གིན་ཡོད་མེད་ནི་ཧ་ཅང་ཐེ་ཚོམས་གྱི་གནས་རེད། རྒྱུ་མཚན་ནི་བོད་མི་ཚོས་ནམ་རྒྱུན་འདས་ཟིན་པའི་ལོ་རྒྱུས་ཀྱི་ཚིག་རིས་འཚོལ་ཞིང་རྩོད་པ་ཙམ་ལས། འདས་མ་ད་གསུམ་གྱི་ལོ་རྒྱུས་ཀྱི་ད་ལྟ་བ་འཚོལ་ཞིང་སྒྲུབ་མི་ཤེས་པས་སོ།།

ཉེ་སྔོན་དྭང་སློབ་བོད་དམག་སྟེ་བཙན་བྱོལ་བོད་མིའི་ཁ་རྒྱུན་དུ་དམག་སྡེ་ཨང་ ༢༢ པར་འབོད་པའི་བོད་དམག་རུ་ཤོག་ཁག་ཅིག་ལ་དྭགས་མཐའ་སྲུང་དུ་ཆེད་གཏོང་སྐབས།  ས་གནས་བོད་མི་མང་ཚོགས་ནས་བོད་དང་རྒྱ་གར་གྱི་རྒྱལ་དར་འཕྱར་ཏེ་ “བོད་རྒྱལ་ལོ” ཞེས་འབོད་ཚིག་སྒྲོག་བཞིན།  ལག་ལ་ཁ་བཏགས་བཟུང་ནས་བོད་དམག་གི་མདུན་བསུས་ཏེ་གནས་ཡུལ་རྒྱ་གར་གྱི་མཐའ་མཚམས་སྲུང་བར་རྒྱབ་སྐྱོར་གནང་ཡོད། དེ་རིང་བོད་རིགས་མཐའ་སྲུང་དམག་མི་སྐུ་གཤེགས་དཔའ་རྒོད་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས། བོད་མི་མང་ཚོགས་ཀྱིས་སྔར་བཞིན་བོད་དང་རྒྱ་གར་གྱི་རྒྱལ་དར་འཕྱར་ཏེ།  “དཔལ་བོ་ཉི་མ་བསྟན་འཛིན་རྒྱལ་གྱུར་ཅིག”  ཅེས་འབོད་ཚིག་སྒྲོག་བཞིན། ནང་ལ་མར་མེ་སྒྲོན་དང་ངག་ལ་མ་ཎི་བགྲང་སྟེ་དཔའ་བོ་ཁོང་གིས་གནས་ཡུལ་རྒྱ་གར་སྲུང་ཆེད་གཅེས་པའི་ཚེ་སྲོག་ཕུལ་བར་ཡི་རངས་གུས་འདུད་ཞུས་ཡོད། སྣང་ཚུལ་འདི་དག་གིས་རྒྱ་གར་མི་དམངས་ཡིད་འགུལ་ཐེབས་དགོས་ངེས་ཤིག་ཡོད།  ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་ད་ལྟའི་ཆར་རྒྱ་གར་མི་དམངས་ཁྲོད་གནས་ཚུལ་འདིའི་ཐད་ཡི་རངས་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་སོགས་ཀྱི་རྣམ་འགྱུར་གསལ་པོ་ཞིག་ཐོན་མེད།

མ་གཞི་འདས་པའི་ལོ་རྒྱུས་ཁྲོད་བོད་མི་རིགས་ཀྱིས་རྒྱ་གར་ལ་གློ་སྙིང་བྲང་གསུམ་གཏད་ཅིང་། སོ་སོའི་ལུས་སེམས་གཉིས་ཀྱིས་ལྕགས་རི་བསྐྲུན་ཏེ་རྒྱ་གར་སྲུང་པའི་ལོ་རྒྱུས་གནས་ཚུལ་ལུ་གུ་བརྒྱུད་དུ་བྱུང་ཡོད། ཉེ་བའི་ལོ་རྒྱུས་ཁྲོད་ལ་མཚོན་ནའང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དམར་གྱིས་རྒྱ་གར་ལ་བཙན་འཛུལ་གྱིས་དམར་གསོད་བདའ་འདེད་གཏོང་སྐབས། རྒྱ་གར་དམག་མི་དང་ཡུལ་མི་རྣམས་བྲོས་བྱོལ་གྱིས་རང་ཡུལ་སྟོངས་པར་ལྷག་ལ་ཉེ་དུས།  བོད་པའི་བུད་མེད་རྣམས་རྒྱ་གར་ཡུལ་དམག་ནང་ཞུགས་ཏེ་ས་གནས་རང་སྲུང་གིས་དཔའ་ངར་ངོམས་ཡོད། ཕྱི་ལོ་ ༡༩༧༢ ལོར་བྷང་ལའི་དམག་འཁྲུག་སྐབས།  དྭང་སློབ་རུ་ཤོག་གི་བོད་དམག་དཔའ་རྒོད་རྣམས་ཀྱིས་བྷང་ལ་རང་བཙན་ཆེད་མཛད་རྗེས་རླབས་ཆེན་བཞག་ཡོད། ཕྱི་ལོ་ ༡༩༧༥ ལོར་བོད་པའི་བུད་མེད་རྣམས་གདོང་མཆོངས་དམག་མིའི་གནམ་མཆོང་རུ་ཁག་ཏུ་ཞུགས་ཏེ་དཔལ་ངར་ངོམས་དུས། ལྕམ་སྐུ་ཨིན་ཏིར་གྷན་གྷི་མཆོག་ཀྱང་ཡིད་མགུ་ཐེབས་ཏེ་བོད་པའི་བུད་མེད་དཔའ་མོ་དག་ལ་ཆེ་མཐོང་མགྲོན་བསུ་གནང་པར་སྐད།  ༡༩༩༩ ལོར་ཕ་ཀི་སི་ཐན་གྱིས་རྒྱ་གར་ལ་བཙན་འཛུལ་གྱི་ཀར་གྷལ་དམག་འཁྲུག་སྐབས་དྭང་སློབ་བོད་དམག་དཔའ་རྒོད་ཚོས་ཡང་བསྐྱར་མཛད་རྗེས་ཆེན་པོ་བཞག་ཡོད།

དེ་བཞིན།  གནའ་རབས་ཀྱི་ལོ་རྒྱུས་ལ་མཚོན་ནའང་། བོད་བཙན་པོས་རྟ་དམག་ཁྲི་ཕྲག་གི་རྨུག་པས་ས་གཞི་གཤེགས་ཏེ། རྒྱ་ནག་ཐང་བཙན་རྒྱལ་གྱི་རྒྱལ་ས་འཕྲོག་ཅིང་རྒྱལ་པོ་སྤྱུགས་པའི་ལོ་རྒྱུས་ཡོད་མོད། རྒྱ་གར་ལ་ཆེད་དུ་དམག་དྲངས་པའི་ལོ་རྒྱུས་བྱུང་མྱོང་མེད། ལྷག་པར་དུ་སངས་རྒྱས་ཆོས་ལུགས་བོད་དུ་གདན་དྲངས་པ་ནས་བཟུང་། དཔའ་སྙིང་ལྡན་པའི་བོད་བཙན་པོའི་བུ་རབས་ཚ་རྒྱུད་ཀྱིས་ད་ལྟའི་བར་དུ་རྒྱ་གར་ལ་ “འཕགས་པའི་ཡུལ”  ཞེས་བསྔགས་ཤིང་།  བོད་མི་སྤྱི་བོ་གནམ་བསྟན་ཚང་མས་རྒྱ་གར་ལ་གློ་སྙིང་བྲང་གསུམ་གཏད་དེ། ཐ་ན་སྐྱེ་བ་ཕྱི་མ་ཚུན་ཆད་རྒྱ་གར་འཕགས་པའི་ཡུལ་ནས་སྐྱེ་རྒྱུར་སྨོན་ལམ་བཏབས་ཏེ།  རྒྱ་གར་ཚ་བའི་ཡུལ་འདི་བསིལ་ལྡན་གངས་ཅན་བོད་མིའི་ལུས་སེམས་གཉིས་ཀྱི་ལྕགས་རིས་སྲུང་ཡོད། ཡིན་ནའང་། རྒྱ་གར་གཞི་རིམ་མང་ཚོགས་ཁྲོད་བོད་མིའི་བདེ་སྡུག་དང་བོད་དོན་འཐབ་རྩོད་སྐོར་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱ་གར་རྡ་རམ་ས་ལར་གནས་ཡོད་པ་གོ་ཐོས་མེད་མཁན་དང་། བོད་ཟེར་པ་གར་ཡོད་གང་ཡིན་གྱི་གནས་ཚུལ་ཙམ་ཡང་མི་ཤེས་མཁན་ཡང་མང་པོ་ཡོད། ཐ་ན། གོ་བ་ལོག་སྒྲུབ་ཀྱིས་བཙན་བྱོལ་བོད་མི་རྣམས་ནི་རྒྱ་གར་བའི་ཁུར་བོ་དང་དཀའ་རྙོག་ཅིག་ཏུ་བསམ་མཁན་ཡང་ཡོང་གི་ཡོད།

སོ་སོ་སྒེར་གྱི་རང་མྱོང་ཞིག་དཔེར་མཚོན་དུ་ཞུས་ན། ང་རང་རྒྱ་གར་དུ་སླེབས་ནས་མི་ལོ་ ༡༨ ལྷག་འདས་པའི་རིང་། ལོ་རེའི་བོད་མིའི་གསུམ་བཅུའི་སྒེར་ལངས་ཉིན་མོས་མཚོན་བཙན་བྱོལ་བོད་མིས་རྒྱ་གཞུང་ལ་ངོ་རྒོལ་གི་གོམ་བགྲོད་ལས་འགུལ་སྣ་ཚོགས་དང་། ཐ་ན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་དམར་གསོད་ཆེན་མོ་བྱུང་སྐབས་སུའང། ང་ཚོས་མི་རབས་རིམ་བརྒྱུད་ལ་གུས་བཀུར་དང་སྲུང་སྐྱོབ་བྱ་སའི་རྒྱ་གར་ཡུལ་མི་སྐོར་ཁག་གཅིག་ཙམ་ཡང་བོད་མིའི་གོམ་བགྲོད་ངོ་རྒོལ་ཁྲོད་མཉམ་ཞུགས་བྱས་པ་ཞིག་མཐོང་མྱོང་མེད། ཡིན་ནའང་། ང་ཚོ་བོད་མིའི་ལུས་སེམས་གང་ལའང་འབྲེལ་བ་སྤུ་ཙམ་མེད་པར་རྒྱང་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཕྱི་རྒྱལ་མགོ་སེར་པ་ཚོ་སྐོར་དང་སྐོར་བྱས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པས་མཉམ་ཞུགས་གནང་མཁན་མང་པོ་མཐོང་མྱོང་། སྣང་ཚུལ་འདི་དག་གིས་བོད་ཀྱི་མི་རབས་གསར་པའི་སེམས་སུ་རྨ་ཁ་ཡང་ཡང་བཟོ་བཞིན་ཡོད།

མ་གཞི་རྒྱ་གར་གཞུང་དམངས་གཉིས་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་དེ་བོད་ཕྱི་ནང་གཉིས་ཀྱིས་གསལ་པོ་ཤེས་ཀྱིན་ཡོད།  ཡིན་ནའང་། བོད་ཀྱང་རྒྱ་གར་ལ་བཀའ་དྲིན་ཆེན་པོ་ཡིན་པ་དེ་རྒྱ་གར་མང་ཚོགས་ཀྱིས་ད་དུང་ཚོར་ཐུབ་ཀྱིན་མེད།  རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གར་གཞུང་གིས་རྒྱ་དམར་ལ་བསྟུན་མཁས་ཀྱི་སྲིད་བྱུས་ནོར་འཁྲུལ་ཅན་དེར་ཐུག་ཡོད།  ད་ལྟའི་བར་དུ་རྒྱ་གར་གཞུང་གིས་བོད་ཐོག་སྲིད་བྱུས་ལངས་ཕྱོགས་ཁ་གསལ་ཞིག་བསྟན་མྱོང་མེད་ལ། རྒྱ་གར་བརྒྱུད་ལམ་ཁག་གིས་ཀྱང་བོད་དོན་གླེང་སློང་ཡང་དག་ཅིག་མ་བྱས་པའི་སྟབས་ཀྱིས། རྒྱ་གར་མང་ཚོགས་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ནི་རྒྱ་གར་གྱི་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་ཀྱིན་མེད། འདི་ནི་འཕགས་བོད་མི་རིགས་གཉིས་ཀྱི་འབྱུང་འགྱུར་ལ་གནོད་གཞིའི་ཉེན་ཁ་ཅན་གྱི་ཆབ་སྲིད་ཅིག་རེད།

ཉེ་སྔོན་ཕྱི་ཟླ་ ༦ པའི་ནང་འཕགས་བོད་མཐའ་མཚམས་ཁུལ་དུ་རྒྱ་གར་ནག་མཐའ་སྲུང་དམག་མིས་དབར་འཁྲུག་འཛིང་ཤོར་ཏེ་རྒྱ་གར་གྱི་དམག་མི་ ༢༠ ལྷག་གི་སྐུ་སྲོག་ཤོར་བའི་རྗེས།  རྒྱ་གར་གྱི་གསར་ལམ་ཁག་གིས་གཞི་ནས་བོད་དོན་དྲིལ་བསྒྲགས་བྱེད་མགོ་ཚུགས་ཡོད་ལ།  རྒྱ་གར་མཐའ་སྲུང་ཆེད་བོད་མི་དཔའ་རྒོད་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་སྲོག་ཤོར་རྗེས།  གཞི་ནས་དྭང་སློབ་བོད་དམག་གི་མཛད་རྗེས་ཡོངས་བསྒྲགས་བྱ་མགོ་བརྩམས་ཡོད། དེ་ནི་གཅིག་བྱས་ན་རྒྱ་གར་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་རྒྱ་དམར་ནག་ཚོགས་ལ་ངེས་ཤེས་གསལ་པོ་རྙེད་དེ།  ནོར་འཁྲུལ་ཅན་གྱི་བསྟུན་མཁས་སྲིད་ཇུས་ལ་བཅོས་བསྒྱུར་བྱས་ཐོག  རྒྱ་དམར་གཞུང་ལ་གདོང་ལེན་གྱི་སྲིད་ཇུས་ལངས་ཕྱོགས་གསར་པ་ཞིག་འཛིན་བཞིན་པ་ཡིན་སྲིད་དེ། དེང་སྐབས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་སྒྲོམ་གཞིར་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད།

གང་ལྟར། ང་ཚོ་བོད་མི་རྣམས་ཀྱིས་ཆབ་སྲིད་སློང་མོ་བའི་སྐད་ཆ་རྐྱང་བཤད་ནས་མི་འདུག་པར།  གོ་སྐབས་འདི་དམ་འཛིན་གྱིས་རྒྱ་གར་མི་དམངས་ལ་ངེས་པར་དོན་གནད་གཙོ་བོ་གསུམ་ངོ་སྤྲོད་དགོས།  གཅིག  བོད་མི་རིགས་ནི་བག་འཁུམས་ནུས་མེད་ཅིག་མ་ཡིན་པར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞིག་སྟེ།  འབོར་ཆེ་བའི་རྒྱ་གར་དམག་དཔུང་གིས་གླགས་མ་ཁེལ་བའི་ཕྱིའི་བཙན་འཛུལ་དག་ལ།  དྭང་སློབ་བོད་དམག་རུ་ཤོག་གཅིག་གིས་དཔའ་མཛངས་གདོང་ལེན་གནང་སྟེ་གནས་ཡུལ་རྒྱ་གར་ཅི་ལྟར་སྲུང་སྐྱོབ་བྱས་ཡོད་པ་གསལ་ར་སྤྲོད་དགོས། གཉིས། དཔའ་མཛངས་ལྡན་པའི་བོད་མི་རིགས་ཀྱིས་ད་ལྟའི་བར་དུ་རྒྱ་གར་ལ་གློ་སྙིང་བྲང་གསུམ་གཏད་དོན་ནི། རྒྱ་གར་ནས་དར་བའི་བོད་ཀྱི་ཆོས་དང་རིག་གཞུང་གིས་བསྐྱེད་པའི་ནང་སེམས་ཀྱི་འདུ་ཤེས་ཁོ་ནར་ཐུག་ཡོད་པ་གསལ་བཤད་བྱ་དགོས། གསུམ། རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ངོ་བོ་བཅས་རྩ་མེད་གཏོང་ཐབས་སུ། རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་དང་། ཐ་ན་བོད་ནང་བྱིས་གཉོར་ཁང་གི་བྱིས་པ་ཚོས་བོད་སྐད་བཤད་མ་ཤེས་སྔོན་ལ་རྒྱ་སྐད་ཤོད་བཅུག་སྟེ་བོད་མིའི་འདུ་ཤེས་རྒྱ་བསྒྱུར་བྱེད་ཀྱིན་ཡོད། དེར་བརྟེན། ནམ་ཞིག་གཞིས་བཞུགས་བོད་མི་རྣམས་རྒྱ་འགྱུར་བྱུང་ཚར་ཚེ། མ་འོངས་པར་རྒྱ་གར་གྱིས་ད་ལྟའི་དྭང་སློབ་བོད་དམག་ནང་བཞིན་དཔའ་ངར་ལྡན་པའི་རྒྱ་འགྱུར་བོད་མིའི་དམག་དཔུང་ཞིག་གི་བཙན་འཛུལ་ལ་གདོང་ལེན་བྱ་དགོས་ཐུག་སྲིད་པའི་ཉེན་བརྡ་གཏོང་དགོས།

མཐའ་དོན།  “དཔའ་བོ་ཉི་མ་བསྟན་འཛིན་རྒྱལ་གྱུར་ཅིག”  “བོད་རྒྱལ་ལོ།” འཕགས་བོད་མཛའ་འབྲེལ་རྒྱལ་ལོ།

བསྐྱར་བཅོས།: ༢༠༢༠/༠༩/༠༨

Leave a Reply

One thought on “རྒྱ་གར་བའི་མིག་འགྲིབ་འབྱེད་དགོས།

  1. པདྨ་གར་དབང་།

    ༄། སྐུ་ཞབས་ཚེ་རིང་རྒྱལ་ལགས་ནས་བོད་གཞིས་བྱེས་གཉིས་ཀྱི་ཕྱི་ནང་གཉིས་དང་། ལྷག་པར་བཙན་འབྱོལ་གནས་ཚང་རྒྱ་གར་གཞུང་དམངས་གཉིས་ཀྱི་ལོ་ངོ་ ༦༠ དངོས་ཡོད་གནས་ཚུལ་གཞིར་བཞག་་་་བོད་གངས་ཅན་པ་རྣམས་ཀྱིས་་་་མ་འོངས་བྱེད་ཕྱོགས་དོ་ཁུར་ཇི་འདྲ་དགོས་མིན་གྱི་ལར་ཞེན་ཅན་གྱི་རྩོམ་ཡིག་དུས་བབ་ཚགས་ཤོག་ཐོག་འཇོག་གནང་མཛད་པར། ཡི་རངས་ལེགས་གསོལ་སྔགས་བརྗོད་ཞུ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ།