རིན་ཀྲི་ཆང་ལ་ལོ་ ༡༨ ཀྱི་ཁྲིམས་ཐག་བཅད།

ཞི་ཅིན་ཕིན་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོག་བཅོས་ཐད་འཐུས་ཤོར་ཆེན་པོ་བཏང་བའི་སྐྱོན་བརྗོད་གནང་མཁན་རིན་ཀྲི་ཆང་ལ་ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་རིང་པེ་ཅིན་གྲོང་ཁྱེར་ཆེས་མཐོའི་ཁྲིམས་ཁང་གིས། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པས་ཏོག་དབྱིབས་རིམས་ནད་སྔོན་འགོག་འཐུས་ཤོར་བཏང་ཡོད་པའི་སྐྱོན་བརྗོད་བྱེད་མཁན།  རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཕྱུག་བདག་རིན་ཀྲི་ཆིང་(Ren Zhiqiang)ལ་ཨ་སྒོར་ས་ཡ་  ༡༧ ལྷག་ལྐོག་ཟ་བྱས་པའི་ཉེས་མིང་འོག  ལོ་ངོ་ ༡༨  ཀྱི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ས་ཡ་ ༤།༢ ཉེས་ཆད་བཅད་ཡོད་འདུག
དེ་འབྲེལ་གནས་ཚུལ་སྐོར་ལ་པེ་ཅིན་ཁྲིམས་ཁང་དེས་རིན་ཀྲི་ཆིང་གིས་དེ་སྔ་ལས་གནས་ཐོག་ཡོད་སྐབས།  གོ་དབང་ལོག་སྤྱོད་ཀྱིས་ལྐོག་རྔན་བླངས་བ་དང་།  ཁོ་རང་གི་ཁེ་གཉེར་བཟོ་གྲྭ་བརྒྱུད་ཨ་སྒོར་ས་ཡ་ ༡༧།༢ ལྷག་ལྐོག་ཟ་རུལ་སུངས་བྱས་ཡོད་པ་དང་། ཁོས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ངོས་ལེན་བྱས་ཏེ། ཁྲིམས་ཁང་གི་བཅད་ཁྲ་དྭང་ལེན་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
ཐེངས་འདིར་རིན་ལ་ཁྲིམས་ཐག་བཅད་པ་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁྲིམས་ཞིབ་གོ་རིམ་ལ་དྲང་བདེན་མེད་པའི་སྐྱོན་བརྗོད་དང་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་པ་དང་།  ཨ་རིའི་སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་ཁྲིམས་ཞིབ་གོ་རིམ་བརྒྱ་ཆ་ ༩༩ དྲང་བདེན་མིན་པའི་ཉེས་འཛུགས་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་།  དེ་བཞིན་རྒྱ་ནག་ནང་ཁུལ་གྱི་ཁྲིམས་རྩོད་པ་མང་པོས་རྒྱ་ནག་གཞུང་གིས་སྲིད་གཞུང་དང་ལྟ་ཚུལ་མི་མཐུན་མཁན་ཚོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་གཡོགས་ཀྱི་ཡོད་པ་དེ་དམར་ཤོག་ཚོགས་པའི་ལུགས་སྲོལ་ཞིག་ཆགས་ཡོད་སྐོར་བརྗོད་འདུག
རིན་ཀྲི་ཆང་ནི་ནམ་རྒྱུན་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་། ལྷག་པར་འདི་ལོའི་ཏོག་ནད་དང་འབྲེལ་ཁོས། རྒྱ་ནག་གཞུང་གིས་འཐུས་ཤོར་དང་ཞི་ཅིན་ཕིན་གྱི་ལས་དོན་བྱེད་ཕྱོགས་སྐོར་ནས་དགག་རྩོམ་ཞིག་བྲིས་རྗེས། ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྗེས་སུ་ཕྱི་ཟླ་ ༤  ནང་རྒྱ་ནག་གཞུང་གིས་ཁོ་ཁྲིམས་སྒྲིག་དང་འགལ་ཡོད་པའི་ནག་ཉེས་འོག་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་།  རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་པོས་ཐེངས་འདིར་ཁོང་ལ་ཁྲིམས་ཐག་ཉེས་ཆད་བཅད་པ་དེས་དམར་ཤོག་ཚོགས་པའི་ཚོགས་མི་གཞན་ཚོར་ཡང་ཉེན་བརྡ་ཞིག་ཀྱང་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
ཁོས་དེ་སྔ་བྲིས་པའི་རྩོམ་ཡིག་ནང་རྒྱ་ནག་གི་མགོ་ཁྲིད་མཐོ་ཤོས་དེ་ནི་འཇོན་ཐང་མེད་པའི་གླེན་པ་ཞིག་ཡིན་པ་དང་།  རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་མུ་མཐུད་འཛིན་ཆེད་དུ་མི་མང་གི་བདེ་འཇགས་ལས་ཚོགས་པའི་ཁེ་དབང་གལ་ཆེན་བར་འཛིན་བཞིན་ཡོད་པ་དང་། རྒྱ་ནག་ནང་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་གསར་འགྱུར་བརྒྱུད་ལམ་མེད་རྐྱེན། མི་མང་གི་ཚེ་སྲོག་ལ་ནད་འབུ་དང་དམར་ཤོག་ཚོགས་པའི་ལམ་ལུགས་གཉིས་ཀྱིས་གཏོར་བཅོམ་བྱེད་ཀྱི་ཡོད་སྐོར་བརྗོད་སོགས་བརྗོད་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༨ ཉིན། ཁོས་སྒེར་གྱི་སྤྱི་ཚོགས་དྲ་ལམ་པོད་འཕྲིན་སྟེང་། ཞི་ཅིན་ཕིན་ནི་དབང་ཆ་ལ་རྔམ་མཁན་ཞིག་ཡིན་པ་དང་། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་བྱུང་སྐབས་དམར་ཤོག་ཚོགས་པས་སྨྲ་བརྗོད་རང་དབང་ཚོད་འཛིན་བྱས་པ་ལ་བརྟེན་ཁྱབ་བརྡལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟ་འཛམ་གླིང་ཡོངས་ཛ་དྲག་ཅན་ཏུ་བསྒྱུར་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།
འདི་ལོ་རྒྱ་ནག་ནང་ཏོག་ནད་ཁྱབ་གདལ་ཕྱིན་པ་ནས་བཟུང་། རྒྱ་ནག་ནང་སྔ་རྗེས་སུ་ཞི་ཅིན་ཕིན་གཞུང་ལ་སྐྱོན་བརྗོད་དང་ཞི་ཅིན་ཕིན་སྲིད་སྟེགས་ནས་མར་འབབ་དགོས་པའི་རྩོམ་ཡིག་དང་། དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་བྱུས་ཐད་མིང་རྟགས་བཀོད་པའི་ཞུ་ཡིག་སོགས་རིམ་པར་བསླེབས་ཡོད་པ་དང་། དེ་དག་གི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་དང་། རྒྱ་ནག་ཕྱི་ནང་གཉིས་ཀྱི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ། ལས་འགུལ་བ་སོགས་ཡོད་པ་དང་།  མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད། ཁ་ཤས་ལ་ཉེན་བརྡ་གཏོང་བ་སོགས་བྱས་ཡོད་པ་རེད།
རིན་ཀྲི་ཆིང་ནི་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་ཤིང་ད་ལོ་ལོ་ན་ ༦༩ ཡིན་པ་དང་། ཁོང་གི་ཨ་ཕ་རིན་ཆཱན་ཧྲིན(Ren Quansheng)ནི་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོང་ལས་བློན་ཆེན་བྱས་མྱོང་ཡོད་འདུག ཕྱི་ལོ་ ༡༩༦༨ ལོར་རིན་ཀྲི་ཆིང་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་བཅིངས་གྲོལ་དམག་ཁུངས་སུ་འཛུལ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༡ ལོ་ནས་དམག་ཁུངས་ནས་བུད་དེ་དམར་ཤོག་ཚོགས་པའི་ལས་གཉེར་ཁྲོད་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༥ ཁོང་ལ་ནག་ཉེས་གང་ཡང་མེད་པར་ལས་ཁུངས་ཀྱི་སྒྲིག་ཁྲིམས་མ་རྩིས་སྐོར་བརྗོད་ནས་ཟླ་བ་ ༡༤ རིང་བཙོན་འཇུག་བྱས་ཡོད་འདུག ཁོང་ནི་ནམ་རྒྱུན་རྒྱ་ནག་གཞུང་གི་གསར་འགོད་རང་དབང་དང་དབང་སྒྱུར་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་དང་། རྒྱ་ནག་གི་ཕྱུག་བདག་དང་ཚོང་གཉེར་བ་གྲགས་ཆེན་ཞིག་ཀྱང་ཡིན་འདུག ཁོང་གི་ཝེ་པོ་སྤྱི་ཚོགས་དྲ་རྒྱའི་ནང་རྗེས་འཇུག་མཁན་མི་གྲངས་ས་ཡ་ ༣༧ ལྷག་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག 

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply