བོད་མི་གསུམ་གྱིས་མ་ན་ལི་ནས་ལྡི་ལིར་བོད་དོན་ཞི་བའི་གོམ་བགྲོད་གནང་གི་འདུག

བོད་མི་གསུམ་གྱིས་དགོས་འདུན་དོན་ཚན་གསུམ་བཏོན་ཏེ་མ་ན་ལི་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་བར་དུ་དུས་ཡུན་ཟླ་གཅིག་རིང་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་འདུགཁ་སང་ཀུ་ལུ་མ་ན་ལིར་གནས་སྡོད་བོད་མི་ཚེ་རིང་དབང་འདུས་ལགས་དང་ཚེ་རིང་དོན་འགྲུབ་ལགས། ཆུང་བདག་ལགས་བཅས་ནས་བོད་དོན་བདེན་མཐའ་གསལ་ཆེད། ཀུ་ལུ་མ་ན་ལི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་མགོ་འཛུགས་གནང་འདུག་ལ། ཀུ་ལུ་མ་ན་ལི་ས་གནས་གཞིས་ཆགས་ལས་ཁུངས་ནས་བོད་མི་ཞི་བའི་གོམ་བགྲོད་པ་གསུམ་ལ་འགྲོ་ལམ་དུ་ཁེལ་པའི་བོད་མི་དང་ས་གནས་མགོ་འཛིན་རྣམས་ནས་རྒྱབ་སྐྱོར་དང་སྣེ་ལེན་གང་ཡོང་གནང་བའི་རེ་སྐུལ་གནང་འདུག

བོད་དོན་ཞི་བའི་གོམ་བགྲོད་པ་རྣམས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ལས་འགུལ་བ་གསུམ་རྒྱལ་ས་ལྡི་ལིར་འབྱོར་འཆར་ཡོད་པ་དང་། ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བོད་སྤྱིའི་ལས་དོན་ལ་དམིགས་པ་ཞིག་ཡིན་སྟབས། ཞི་བའི་གོམ་བགྲོད་པ་རྣམས་ནས་སྤྱི་སྒེར་སུ་ལའང་རོགས་དངུལ་ཞལ་འདེབས་སོགས་གང་ཡང་མི་ཞུ་བར་འགྲོ་གྲོན་ཆ་ཚང་རང་ངོས་ནས་གཏོང་རྒྱུ་ཡིན་འདུག་ལ། ལྡི་ལིར་འབྱོར་རྗེས་དགོས་འདུན་དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞུ་ཡིག་དེ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ལ་སྤྲོད་འཆར་ཡོད་འདུགཞི་བའི་གོམ་བགྲོད་པ་རྣམས་ཀྱི་དགོས་འདུན་དོན་ཚན་གསུམ་ནི་གཅིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། གཉིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་གྲོས་མོལ་གང་མྱུར་གནང་དགོས་པ། དེ་བཞིན། མཐའ་མཇུག་ཏུ། ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོ་བྱས་པའི་བོད་ནང་དུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགྱོགས་མྱུར་ངང་གློད་གྲོལ་གཏོང་དགོས་པ་བཅས་རེད་འདུག

བོད་དོན་ཞི་བའི་གོམ་བགྲོད་པ་ཚེ་རིང་དབང་འདུས་ལགས་ནི་རང་ལོ་ ༤༣ དང་། ཚེ་རིང་དོན་འགྲུབ་ལགས་རང་ལོ་ ༤༧ ། དེ་བཞིན་ཆུང་བདག་ལགས་རང་ལོ་ ༦༥ ཡིན་བཅས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། 

བསྐྱར་བཅོས།: ༢༠༢༠/༠༩/༢༤

Leave a Reply