དམག་འཐབ་ལ་གྲ་སྒྲིག་ཨང་གསར་བྱོས།

ཞི་ཅིན་ཕིན་གྱིས་རྒྱ་ནག་གི་མཚོ་དམག་ལ་དམག་འཐབ་གྲ་སྒྲིག་དགོས་པའི་གཏམ་བཤད་དང་འབྲེལ་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་སྔ་ཕྱི་མ་གཏོགས་ལྷོ་རྒྱ་མཚོའི་ཁུལ་དུ་དམག་འཐབ་ཆེན་པོ་ལངས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་རྒྱ་ནག་ལྷོ་བརྒྱུད་གྲོང་ཁྱེར་ཁག་ཅིག་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༣ ཉིན་ཀོང་ཏུང་ཞིང་ཆེན་གྱི་ཁྲའོ་ཀྲོའུ་(Chaozhou)གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་མཚོ་དམག་གི་རུ་ཁག་གཙོ་གྲས་ཤིག་གི་རྟེན་གཞིར་བསྐྱོད་དེ། མཚོ་དམག་རྣམས་ཀྱིས་དམག་འཐབ་ནང་ཞུགས་རྒྱུར་གྲ་སྒྲིག་ཨང་གསར་དགོས་པ་མ་ཟད། རྒྱལ་སྲུང་ཙམ་དུ་མ་ཟད་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བའི་མཚོ་ཁུལ་བདག་དབང་སྲུང་སྐྱོབ་བྱེད་དགོས་སྐོར་བསྒྲགས་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་ཞི་ཡི་གཏམ་བཤད་དེས་ཐའེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ལ་དམིགས་པ་ཞིག་ཡིན་པ་དང་། སྔ་ཕྱི་མ་གཏོགས་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་འཐབ་ཆེན་པོ་ལངས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཞི་ཅིན་ཕིན་གྱིས་མཚོ་དམག་རྣམས་ལ་གཏམ་བཤད་སྤེལ་སྐབས། མཚོ་དམག་ལ་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་། གཅིག་སྒྲིལ། མཚོ་ཁུལ་ཁེ་དབང་བཅས་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཡོད་པ་དང་། མི་མང་བཅིངས་གྲོལ་དམག་གི་མཚོ་དམག་རུ་ཁག་ངོས་ནས་རང་གི་དམག་འཐབ་ནུས་པ་རྒྱ་བསྐྱེད་ཀྱི་ལས་གཞི་མྱུར་དུ་བཏང་སྟེ་སྟོབས་ཤུགས་ལྡན་པའི་དམག་སྡེ་ཞིག་འཛུགས་སྐྲུན་དགོས་པ་མ་ཟད། དམག་སྡེ་དེར་གནས་སྟངས་འདྲ་མིན་ནང་མྱུར་ཚད་མཐོན་པོའི་སྒང་ནས་དམག་རྒྱག་ཐུབ་པའི་ཁྱད་ནུས་ལྡན་དགོས་སྐོར་བརྗོད་ཡོད་པ་མ་ཟད། ད་དུང་མཚོ་དམག་རུ་ཁག་དེས་གཙོ་བོ་དམག་འཐབ་ཆེད་གྲ་སྒྲིག་ཨང་གསར་ཡོང་རྒྱུ་དང་། དམག་འཐབ་ནང་དངོས་སུ་ཞུགས་རྒྱུའི་ནུས་པ་བསྐྱེད་དགོས་པ་དང་། དམག་སྦྱོང་ཡིན་ནའང་གཙོ་བོ་དམག་འཐབ་རང་གི་ཆེད་དུ་དམིགས་པ་ཞིག་ཡིན་དགོས་སྐོར་བརྗོད་ཡོད་འདུག

ཡང་རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་དྲ་བ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཞི་ཅིན་ཕིན་ཀོང་ཏུང་ཞིང་ཆེན་གྱི་ཧྲན་ཐོའུ་(Shantou)གྲོང་ཁྱེར་ལ་བསྐྱོད་དེ་ཁུལ་དེའི་མང་ཚོག་རྣམས་ལ་གཏམ་བཤད་སྤེལ་སྐབས། རྒྱ་ནག་དེ་མུ་མཐུད་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་མ་ཟད། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ལ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལམ་དུ་ཞུགས་རྒྱུ་ཡིན་སྐོར་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་མི་མང་རྣམས་ཀྱི་རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ལ་རམ་འདེགས་བྱས་པར་བསྔགས་བརྗོད་བྱས་ཡོད་སྐོར་བཀོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིར་ཞི་ཅིན་ཕིན་གྱིས་མཚོ་དམག་རུ་ཁག་ལ་རྒྱ་ནག་གི་མཚོ་ཁུལ་ཁེ་དབང་དང་རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོབ་དགོས་པའི་གཏམ་བཤད་སྤེལ་བ་དེ། ཐའེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ལ་དམིགས་པ་ཞིག་ཡིན་སྐོར་དང་། ཉེ་བའི་ཆར་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་བ་དང་ཆེས་མཐོའི་སྐུ་ཚབ་མངགས་གཏོང་བྱས་པ་དང་། ཡང་ཉེ་ཆར་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྟེང་ཡུལ་དེའི་སྲིད་འཛིན་ཚའེ་དབྱིན་ཝན་གྱིས་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་ཉེན་བརྡ་གཏོང་བཞིན་པར་ངོ་རྒོལ་ཤུགས་ཆེན་པོ་བྱས་ཡོད་སྟབས། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་དང་། དབྱེ་ཞིབ་པ་མི་ཉུང་བས་སྔ་ཕྱི་མ་གཏོགས་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་འཐབ་ཆེན་པོ་ལངས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཁ་སང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོའི་ལི་ཅན་ (Zhao Lijian) ཟེར་བ་དེས། ཨ་རིའི་གྲོས་ཚོགས་གྱིས་ཐའེ་ཝན་ལ་རིམ་པ་མཐོ་བའི་གོ་མཚོན་བཙོང་རྒྱུའི་གྲོས་ཆོད་གསུམ་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་དང་འབྲེལ། ཨ་རིའི་ངོས་ནས་འཕྲལ་དུ་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱས་ཏེ། ཐའེ་ཝན་དང་དམག་དོན་འབྲེལ་བ་འཛུགས་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག རྒྱ་ནག་གིས་ཨ་རིར་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེར་བྱས་མིན་ལ་མ་ལྟོས་པར། ཨ་རིས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༦༢༠ ལྷག་གི་རིན་འབབ་ཅན་གྱི་གོ་མཚོན་བཙོང་ཡོད་པ་དང་། གཞན་ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་སྒོར་ས་ཡ་ ༡༨༠ ཅན་གྱི་གོ་མཚོན་ཡང་བཙོང་ཡོད་པ་རེད།

དེ་རིང་ཞི་ཅིན་ཕིན་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀྱི་མཐུད་ཀའི་གྲོང་ཁྱེར་ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ཁུལ་(Shenzhen Special Economic Zone)ས་ཁུལ་བཙུགས་ནས་ལོ་ངོ་ ༤༠ འཁོར་བའི་མཛད་སྒོར་ཞུགས་ཏེ། རྒྱ་ནག་ངོས་ནས་འབྱུང་འགྱུར་གྱི་དཀའ་ངལ་ལ་གདོང་ལེན་ཆེད་འཕྲུལ་རིག་བཟོ་སྐྲུན་ཐད་རང་རྐྱ་འཕེར་བ་དགོས་སྐོར་དང་། ཧྲིན་ཀྲིན་གྱིས་འདས་པའི་ལོ་ངོ་ ༤༠ རིང་ལེགས་གྲུབ་བྱུང་བ་དག་རྒྱལ་ཁབ་གཞན་ལ་མཚོན་ན་དུས་རབས་གཅིག་འགོར་སྲིད་པ་དང་། ཧྲིན་ཀྲིན་གྱི་དམིགས་ཡུལ་གསར་བའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་ཚགས་ཚུད་ཡོང་རྒྱུ་དེ་ཡིན་སྐོར་བསྒྲགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply