ཚོགས་པ་མེད་པའི་ངག་མེད་ཀྱི་མགྲིན་ཚབ་ལས་འགུལ།

བོད་ནང་གི་བོད་མི་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་རྒོལ་གནང་སྟེ་ལོ་ངོ་ ༡༠ འཁོར་བ་དང་བསྟུན་བཙན་བྱོལ་ནང་གི་གཞོན་སྐྱེས་སྐོར་ཞིག་གིས་ངག་མེད་པའི་མགྲིན་ཚབ་ཅེས་པའི་ལས་འགུལ་ཞིག་མགོ་བརྩམས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་བཙན་བྱོལ་ནང་གི་གཞོན་སྐྱེས་སྐོར་ཞིག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་བཞུགས་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། སྐད་ཡིག་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད། ངག་མེད་པའི་མགྲིན་ཚབ་ཅེས་པའི་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་པའི་དྲ་ལམ་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་ངག་མེད་པའི་མགྲིན་ཚབ་ཅེས་པའི་བོད་ཡིག་དྲ་རྒྱ་ཞིག་དབུ་འབྱེད་དང་། ཕྱི་ལོ་ ༢༠༡༠ ལོར་བོད་ནང་སྐད་ཡིག་གི་ལས་འགུལ་སྤེལ་ནས་ལོ་ངོ་ ༡༠ འཁོར་བའི་དུས་དྲན་དང་བསྟུན་སྐད་ཡིག་རང་དབང་ཞེས་པའི་བརྙན་ཐུང་ཞིག་འགྲེམ་སྤེལ་གནང་སོང་བ་དང་། གཞོན་སྐྱེས་དེ་དག་གིས་བོད་ནང་གི་བོད་མིའི་མགྲིན་ཚབ་བྱས་ཏེ། ཁོང་ཚོའི་འབོད་སྒྲ་རྣམས་རྒྱལ་སྤྱིའི་སྡིངས་ཆ་ཐོག་འདོན་ཐབས་དང་གོ་རྟོགས་སྤེལ་ཐབས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བོད་དོན་འཐབ་རྩོད་དང་སྐད་ཡིག་གི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་ལ།  ལས་འགུལ་བ་དེ་དག་ནི་བསམ་པ་མཐུན་པའི་གཞོན་སྐྱེས་སྐོར་ཞིག་ཡིན་པ་ལས་ཚོགས་པ་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་མེད་སྐོར་བརྗོད་བྱུང་།དེ་རིང་དབུ་འབྱེད་གནང་བའི་དྲ་རྒྱའི་ནང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་དུ་གཏོང་ཐབས་བྱས་ཏེ། རྒྱ་ཡིག་བེད་སྤྱོད་ཤུགས་ཆེར་འགྲོ་ཐབས་ཀྱི་ལམ་སྟོན་བྱས་པར། སྙིང་སྟོབས་ལྡན་པའི་བོད་ནང་གི་སློབ་ཕྲུག་ཚོ་དང་དགེ་རྒན་ཚོས་བཙན་གནོན་གྱི་སྲིད་ཇུས་དེར་ངོ་རྒོལ་སྐད་འབོད་བྱས་ཏེ་ལོ་ངོ་ ༡༠ འཁོར་ཡོད། ངོ་རྒོལ་སྐད་འབོད་དེ་ནི་འཚེ་མེད་ཞི་བའི་ཐོག་བྱས་ཡོད་པ་དང་། སྐབས་དེར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དམིགས་བསལ་སློབ་ཁྲིད་བྱེད་ཡུལ་པེ་ཅིང་གི་གཙུག་ལག་སློབ་ཁང་དུའང་དེ་འདྲ་བའི་ངོ་རྒོལ་སྐད་འབོད་བྱུང་ཡོད་པ་རེད། ཆེས་ཐོག་མར་ངོ་རྒོལ་སྐད་འབོད་དེ་རེབ་གོང་འབྲིང་རིམ་སློབ་གྲྭ་ནས་ཉིན་ཤས་རིང་བྱས་པ་དང་། རིམ་གྱིས་དེ་ལ་བརྟེན་ནས་ཆབ་ཆ་གྲོང་ཁྱེར་གྱི་སློབ་གྲྭ་ཁ་ཤས་ནས་སློབ་ཕྲུག་གཞོན་སྐྱེས་སྟོང་ཕྲག་མང་པོས་མཉམ་ཞུགས་བྱས་ཡོད་པ་རེད། ཅེས་དང་། སྐད་ཡིག་ནི་རིག་གཞུང་གི་སྲོག་རྩ་ཡིན་པས། དེས་ཆོས་དང་གོམས་གཤིས་སོགས་སྤྱི་ཚོགས་ཀྱི་གལ་ཆེན་རང་བཞིན་གྱི་བྱེད་སྒོ་མང་པོར་འབྲེལ་མཐུད་ཡོད་པ་དང་། མི་རིགས་ཀྱི་མཐུན་སྒྲིལ་དང་ངོ་བོའང་མཚོན་པར་བྱེད་པ་མ་ཟད། སྐད་ཡིག་ནི་རིག་གཞུང་དང་གོམས་གཤིས་ཕྱི་གསལ་ནང་གསལ་ཐོག་སྲུང་སྐྱོབ་བྱེད་མཁན་གལ་འགངས་ཆེ་ཤོས་དེ་ཡིན། ཞེས་བཀོད་འདུག

ད་ཐེངས་ངག་མེད་ཀྱི་མགྲིན་ཚབ་ལས་འགུལ་ཁྲོད་རང་ལོ་ ༡༤ ནས་༡༧ བར་གྱི་བོད་ཕྲུག་རྣམས་ཀྱི་ཆེད་དུ། རང་གི་སྐད་ཡིག་གལ་ཆེན་པའི་སྐོར་ནས་རྩོམ་ཡིག་འགྲན་བསྡུར་ཞིག་གོ་སྒྲིག་གནང་འདུག་ལ། འགྲན་ཞུགས་རྩོམ་ཡིག་རྣམས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༥ བར་འབྱོར་ཟིན་པ་དགོས་ཀྱི་ཡོད་པ་དང་། རྩོམ་ཡིག་རྩེད་ཕུད་གསུམ་ལ་འཆར་ལོའི་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་གྱི་རྒྱལ་སྤྱིིའི་ཕ་སྐད་ཉིན་མོ་དང་བསྟུན་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་ཡིན་འདུག ལས་འགུལ་དེ་ནི་བོད་ནང་གི་སློབ་ཕྲུག་རྒྱལ་ཞེན་ཅན་རྣམས་ཀྱི་སྙིང་སྟོབས་ལ་ཆེ་མཐོང་གུས་བརྩི་ཞུ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ལ་དོ་སྣང་སྔར་ལྷག་ཡོང་ཆེད་སྤེལ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply