ཁ་སང་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་གྱི་བོད་མི་ཞིག་གི་གཡག་རྐུན་མས་འཁྱེར་ཡོད་པ་ཧ་གོ་ཡང་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་བྱས་ཏེ་རྒྱུ་བདག་ལ་མེ་མདའ་བརྒྱབ་འདུག
ཉེ་སྔོན་ཧོར་ཤུལ་ཡུལ་ཤོག་རི་ཁག་གཉིས་པའི་ཁྱིམ་ཚང་འགའ་ཞིག་གི་ནོར་ཕྱུགས་གཡག་ ༣༠ ཙམ་རྐུན་མས་འཁྱེར་ཡོད་པ་དང་། ཁ་སང་ཚེས་ ༣༠ ཉིན་ཁ་ཆེ་བ་ཞིག་གི་རླངས་འཁོར་ནང་གཡག་དེ་དག་འཁྱེར་ཡོད་པ་ཧ་གོ་ནས་གཡག་དེ་དག་བཙོང་མཁན་སུ་ཡིན་རྩད་གཅོད་བྱས་ཀྱང་ངོས་ལེན་བྱས་མེད་སྟབས། རྒྱུ་བདག་ཚོས་རླངས་འཁོར་དེ་ཚུར་བླངས་ཡོད་ཀྱང་། ཉིན་དེའི་ཕྱི་དྲོར་གསེར་རྟ་རྫོང་གི་ཉེན་རྟོག་པ་ཧོར་ཤུལ་ཡུལ་ཤོག་ལ་ཡོང་སྟེ་རླངས་འཁོར་དེ་ཕྱིར་བཙན་འཕྲོག་བྱས་སྐབས། རྒྱུ་བདག་ཚོས་ཇི་ལྟར་གསལ་བཤད་བྱས་ཀྱང་ཉན་འཇོག་མ་བྱས་པ་མ་ཟད། ཉེན་རྟོག་པ་དང་རླངས་འཁོར་བདག་པོ་ཁ་ཆེ་རྐུན་མ་དེ་དག་མཉམ་འབྲེལ་ཐོག བོད་མི་རྒྱུ་བདག་དེ་ཚོར་མེ་མདའ་བརྒྱབ་སྟེ་རྒྱུ་བདག་ལ་རྨས་སྐྱོན་བཟོས་ཏེ། གསེར་རྟ་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཡོད་ཀྱང་འགན་ལེན་མ་ཐུབ་སྟབས་ཁྲིན་ཏུའུ་སྨན་ཁང་དུ་འཁྱེར་ཡོད་འདུག
ཡིད་ཆེས་སྤུ་ཙམ་མེད། དེང་སང་གསེར་རྟ་ས་ཆར་བླ་མ་དང་། གྲྭ་བ་ཚོས་མང་ཚོགས་ཉམས་ཆུང་ཚོའི་མགོ་ལ་དགེ་་བཅུའི་ཁྲིམས་ཟེར་བ་ཞིག་བཙན་འཇོག་བྱས་ཏེ། འབྲོག་དམངས་ཀྱིས་རང་ཉིད་ཀྱི་འབྲི་གཡག་བཤའ་མི་ཆོག་པ་དང་། གཞན་ལ་བཙོང་ཡང་མི་ཆོག་པའི་ཁྲིམས་འདྲ་མིན་བཞག་ཡོད་པ་རེད།
གལ་སྲིད་རང་ཉིད་ཀྱི་འབྲི་གཡག་བཙོང་དགོས་བྱུང་ན་སུས་ཀྱང་མ་མཐོང་པ་བྱས་ནས་བཙོང་གི་ཡོད་པ་རེད། སུས་ཀྱང་མ་མཐོང་ས་ནས་བཙོང་ཡང་འབྲི་གཡག་དེ་རིགས་ལམ་བར་ན་རླངས་འཁོར་སོགས་ཀྱི་ནང་དུ་ཁྱེར་ནས་འགྲོ་བཞིན་པ་དགེ་བཅུ་དོ་དམ་ཚོགས་པ་དང་། དེ་དག་གི་རྒྱུགས་ཁྱི་ཚོས་མཐོང་སོང་ན་ཚོང་པ་ཚོའི་ལག་ནས་བཙན་ཕྲོགས་བྱེད་བཞིན་ཡོད་པ་རེད། ད་བར་གསེར་རྟ་ས་ཆར་དེ་འདྲའི་དོན་དག་གང་མང་བྱུང་པ་རེད།
དེ་སྔོན་རྔ་བའི་ཚོང་པ་རེ་ཟུང་གིས་གསེར་རྟ་ནས་འབྲི་གཡག་ཉོས་ནས་རང་གི་ཕ་ཡུལ་དུ་ཡོང་སྐབས་ཀྱང་གསེར་རྟ་དགེ་བཅུ་དོ་དམ་ཚོགས་པའི་བླ་གྲྭ་ཚོས་བཙན་ཕྲོགས་བྱས་པ་དང་། རྔ་པའི་ཚོང་པ་ཚོས་སྒོ་ཕྱུག་འདི་ཚོ་ང་ཚོས་བརྐུས་པ་མིན། ཉོས་ཡོང་པ་ཡིན། ང་ཚོ་ལ་འབྲི་གཡག་ཉོ་ཆོག་པའི་རྒྱལ་ཁབ་ཀྱི་ཡིག་ཆ་ཡོད་ཅེས་ཡིག་ཆ་དངོས་སུ་བསྟན་ཀྱང་། གསེར་རྟའི་དགེ་བཅུ་དོ་དམ་ཚོགས་པ་དང་། དེ་དག་གི་རྒྱུགས་ཁྱི་ཚོས་རྔ་པའི་ཚོང་པ་རྣམས་ལ་ཉེས་རྡུང་བཏང་ནས་འབྲི་གཡག་རྣམས་བཙན་ཕྲོགས་བྱས་མཐར། གསེར་རྟ་རྫོང་གི་ཉེན་རྟོག་པས་རྒྱབ་སྐྱོར་བྱས་ཏེ། ཚོང་པ་རྣམས་ལ་ཉོས་ཟོག་རྣམས་ཕྱིར་སྤྲད་ཡོད་པ་ཡོངས་གྲགས་རེད། ད་ཐེངས་ཡང་སྒེར་གཅོད་པ་གསེར་རྟའི་དགེ་བཅུ་དོ་དམ་ཚོགས་པའམ། ཡང་ན་གསེར་རྟའི་དགེ་འདུན་མཐུན་ཚོགས་ཟེར་བ་དེ་དང་། དེའི་རྒྱུགས་ཁྱི་རྣམས་ཀྱིས་ཚོང་པ་རྣམས་ལམ་ལ་འགྲོ་མ་བཅུག་པར་བརྟེན། ཉེན་རྟོག་པས་ཚོང་པ་ཚོ་ལ་རྒྱབ་སྐྱོར་བྱས་པ་ཡིན་ངེས་རེད། དྲང་མོ་བཤད་དགོས་པ་རེད། ཚང་མ་རྒྱའི་ཉེན་རྟོག་པའི་མགོ་ལ་འཇོག་ཐབས་ཡོད་པ་མ་་རེད། དེང་སང་གསེར་རྟའི་བླ་གྲྭ་སྐོར་ཞིག་དང་། དེ་དག་གི་རྒྱུགས་ཁྱི་སྒེར་གཅོད་པའི་ཤོག་ཁག་ཅིག་གིས་ས་གནས་ཀྱི་ཉམ་ཆུང་མང་ཚོགས་ཀྱི་དཔལ་འབྱོར་ལ་བསམ་བློ་གཏན་ནས་མ་བཏང་བའི་བཙན་ཁྲིམས་འདྲ་མིན་བཞག་ནས་ཐུབ་ཚོད་གཏོང་བཞིན་པར་མ་ཟད། ཐ་ན་ས་ཆ་གཞན་ནས་ཡིན་པའི་ཚོང་པ་ལམ་འགྲོ་པ་རྣམས་ཀྱི་ལག་ནས་ཀྱང་འབྲི་གཡག་བཙན་འཕྲོག་བྱེད་བཞིན་ཡོད་པ་རེད། ཚང་མས་བསམ་བློ་ཡག་པོ་ཐོངས།