སྤྱི་ལོ་ ༡༩༩༨ ལོར་བོད་ཀྱི་དུས་བབ་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་རྒྱལ་ལགས་གྱིས་རྩོམ་སྒྲིག་བྱས་པ་ཡིན།
དེབ་འདིའི་ནང་དོན་གཙོ་བོ་ནི། ཧོར་གཙང་འཇིགས་མེད་དང་རབ་གསལ། པད་མ་ཚེ་དབང་ཤྰསྟྲི། ཆབ་བྲག་ཕོ་ཉ་སོགས་བཙན་བྱོལ་གྱི་རྩོམ་པ་པོ་ཁག་ཅིག་གིས་བོད་དབྱིན་གཉིས་ནང་། གོ་ལ་ཟླུམ་པོའི་སྟེང་གི་བོད་རིགས་ཡོངས་ཀྱི་སེམས་ནས་ཅི་སྲིད་འཚོ་བའི་བར་ཡལ་བ་མེད་པའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་སྟེ། ཚེ་སྲོག་གི་མཆོད་མེ་སྒྲོན་པའི་དཔའ་བོའི་མཛད་རྗེས་ལ་བསྔགས་བརྗོད་དང་། ཡིད་གདུང་དྲག་པོའི་ཚོར་ཤུགས་སྐྱེན་པོ་སྨྱུག་ཁ་ནས་སྐྱུག་པའི་སྙན་རྩོམ་ཁག་ ༡༦ ཙམ་འདམས་སྒྲིག་བྱས་ཏེ་བཀོད་ཡོད།
དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནི ༡༩༣༨ ལོར་གཞིས་རྩེའི་རྫོང་ཁོངས་རྒྱ་མཚོ་ཤར་ཞེས་པར་འཁྲུངས་ཤིང་། ནར་སོན་སྐབས་བཀྲ་ཤིས་ལྷུན་པོའི་དགོན་པར་ཆོས་ཞུགས་མཛད། ༡༩༥༩ལོར་བཙན་བྱོལ་དུ་འབྱོར་རྗེས་འབུམ་སྡེ་ལར་ལམ་བཟོའི་ལས་ཀ་གཅིག་རིང་གནང་ཞིང་། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་མེ་སོར་བྷེལ་ཀོབ་བསམ་འགྲུབ་གླིང་གཞིས་ཆགས་ཁོངས་སུ་ཕེབས་ནས་གྲོང་སྡེ་གསུམ་པའི་ནང་ལོ་གསུམ་ཙམ་རིང་བཞུགས། དེའི་རྗེས་བཞུགས་སྒར་དྷ་རམ་ས་ལའི་ཚེ་མཆོག་གླིང་དགོན་པར་མ་བྱིན་གྱི་ལས་ཀ་བྱས། བོད་མིའི་ཞི་བའི་གོམ་བགྲོད་ཐེངས་དང་པོ་དང་གཉིས་པ་སོགས་སུ་འཛུལ་ཞུགས་བྱས་མྱོང་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གོ་སྒྲིག་བྱེད་སྐབས་དང་བླངས་ཞབས་ཞུ་བྱས་ཤིང་། ཐེངས་གཉིས་པའི་ཟས་བཅད་ངོ་རྒོལ་ཁྲོད་དུའང་མིང་ཐོ་བཀོད། སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་གར་ཉེན་རྟོག་པས་ཟས་བཅད་པ་དྲུག་སྨན་ཁང་ལ་བཙན་ཁྲིད་བྱེད་སྐབས་རང་ལུས་མེ་རུ་སྒྲོན་ཏེ། ཟླ་དེའི་ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༢ ཐོག་སྐུའི་འཕེན་པ་རྫོགས།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།