༼ མི་ཚེ་བྲོ་བ་མངར་སྐྱུར། ༽ བརྩམས་སྒྲུང་། སྤྱི་ལོ་ ༢༠༠༡ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། པད་མ་ཚེ་དབང་ཤྰསྟྲི་ཡིན།
དེབ་འདིའི་ནང་དོན་གཙོ་བོ། བཙན་བྱོལ་བོད་པའི་སྤྱི་ཚོགས་འཚོ་བ་མཚོན་པའི་བཅོས་སྒྲུང་འབྲིང་གྲས་ཤིག་ཡིན་ལ། བཅོས་སྒྲུང་འདིའི་གཏམ་བརྒྱུད་ཀྱི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་དང་། མི་སྣ་དང་ཁོར་ཡུག་འབྲི་བཞེངས། སྤྱི་ཚོགས་འཚོ་བར་ཟབ་གཞིགས་བྱས་པའི་སྒྱུ་རྩལ་མཚོན་ཐབས་སོགས་ལ། བོད་པའི་སྤྱི་ཚོགས་ནང་བསམ་ཚུལ་རིགས་གཉིས་ཡོང་གིན་ཡོད་ཀྱང་། རྩོམ་པ་པོ་ཁོང་རང་ཉིད་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ཏེ། སྔོན་བྱོན་སྐྱེས་ཆེན་དམ་པ་དང་། མཁས་པ་རྣམས་ཀྱི་ཡུལ་དུ་མ་གྱུར་བའི་གསར་གཏོད་ཤེས་བྱའི་དོན་གྱི་མཛེས་སྡུག་དང་། ཚིག་སྦྱོར་གྱི་ཉམས་དང་རོ་བཅུད་ལྡན་པའི་ངག་རྩལ་གྱི་འགྱུར་ཁུག རོལ་དབྱངས་ཀྱི་སྟངས་སྟབས་སོགས་ཕྱི་ནང་གི་མཁས་པ་རྣམས་ཐུགས་འཕྲོག་པའི་བརྗིད་ཆགས་རྣམ་དཔྱོད་ཀྱི་ཟློས་གར་གང་ཡང་མ་མཆིས་ཀྱང་། ལྗང་གཞོན་རིགས་ཀྱི་མྱུ་གུ་རྣམས་རང་སྐད་ལ་སྤྲོ་སྣང་སྐྱེས་ཤིང་། ཡིད་ཀྱི་དང་བ་འདྲེན་པ། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་བྱེས་འབྱོར་བ་ཚོས་མི་ཡུལ་ལུང་པར་མི་ཚེ་ཇི་ལྟར་སྐྱེལ་གྱིན་ཡོད་པ་མཁྱེན་རྟོགས་ཡོང་ཆེད། བཅོས་སྒྲུང་རྡོག་སྒྲ་མི་མཉམ་པའི་ར་སྐྱེས་ཀྱི་གར་འཆམ་འདི་བཞིན་སྡིངས་ཆའི་སྟེང་དུ་སྤྱན་འབུལ་ཞུ་བའི་ངལ་བ་བསྟེན། ཞེས་གསུངས་པ་བཞིན། མི་རིགས་ཤིག་གི་སྐད་ཡིག་དང་། ལོ་རྒྱུས་ཤིག་གི་དཀྱོག་མཚམས་གསལ་བོར་མཚོན་པར་བྱས་ཡོད་པའི་འགན་འཁྲི་ཅན་གྱི་བརྩམས་སྒྲུང་ཞིག་ཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།