མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་རྩོད་རྙོག ལོ་རྒྱུས་ཀྱི་ཐག་གཅོད་ལེན་དགོས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་པ་སངས། ལུང་རིགས་རྒྱལ་གྱིས་བསྒྱུར།

པེ་ཅིན་དང་ངྷ་ས་ཕྱོགས་གཉིས་ཀ་ནས་བོད་རྒྱའི་རྩོད་རྙོག་ལ་ཐག་གཅོད་ཅིག་འཚོལ་སྐབས་ནམ་རྒྱུན་ཁོང་ཚོའི་ལྷག་བསམ་བཤད་ཀྱིན་ཡོད་པ་རེད། ང་རང་བོད་མི་དཀྱུས་མ་ཞིག་ཡིན་པའི་ངོས་ནས། ཕྱོགས་གཉིས་ཀའི་སུ་རུང་ནས་བཟང་ཕྱོགས་ཀྱི་གོམ་པ་རེ་སྤོ་བར་དགའ་བསུ་ཞུ་གི་ཡོད།

པེ་ཅིན་དང་ངྷ་ས། ལྷ་ས་བཅས་ཀྱི་གཞུང་འབྲེལ་མི་སྣ་སུ་ཡིན་ནའང་གཞིས་བྱེས་བོད་མི་དཀྱུས་མ་རྣམས་ཀྱི་མངོན་འདོད་ལྟར་ཕྱག་ལས་གནང་གི་ཡོད་ཅེས་བརྗོད་ཀྱི་ཡོད་སྟབས། ཕྱོགས་གཉིས་ཀྱི་དབུ་ཁྲིད་སུ་ཡིན་ནའང་ལྷག་བསམ་ངོ་མ་དེ་བསྟན་ཏེ་བློ་ཁོག་ཡོད་པའི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་བྱས་ན་བོད་ཀྱི་དཀའ་རྙོག་འདི་གཙང་སེལ་བྱེད་ཐུབ་སྲིད་པ་རེད།

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྣམ་པ་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་ཏུའུ་ཆིན་ལིན་ལ་ཐུག་འཕྲད་གནང་རྗེས། བོད་མིའི་སྐུ་ཚབ་ཀྱི་སྣེ་ཁྲིད་པ་ཁོང་གིས། འབྲེལ་མོལ་མཐའ་མ་དེ་ནི་དཀའ་ལས་ཁག་ཤོས་དེ་ཆགས་ཚུལ་གསུངས་ཡོད་པ་རེད། ཁོང་གི་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་ཁོང་གིས་ད་དུང་། ༼གྲོས་བསྡུར་གྱི་སྐབས་ང་ཚོས་རྒྱ་ཕྱོགས་ནས་ལྷག་བསམ་རྣམ་དག་མ་བྱས་ན་ད་ཡོད་འབྲེལ་མོལ་གྱི་ལས་རིམ་འདི་མུ་མཐུར་ཉར་རྒྱུའི་དགོས་མཁོ་མེད་སྐོར་ཐད་ཀར་འགྲེལ་བརྗོད་མ་བྱེད་ཐབས་མེད་བྱུང་།༽ཅེས་གསུངས་ཡོད་པ་རེད།

ཉེ་བའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པེ་ཅིན་གྱི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲད་པ་དེས་འབྲེལ་མོལ་མཐའ་མའི་སྐབས་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཡོང་བར་བོད་མི་ཚོར་རེ་བ་ཞིག་སྤྲད་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་གསར་འགོད་གསལ་བསྒྲགས་དེ་ནི་སྐུ་ཚབ་རྣམ་པས་ཕྱག་ལས་ལམ་ལྷོང་མ་བྱུང་བའི་ཐད་ངོས་ལེན་གནང་བའི་དམིགས་བསལ་གྱི་དོན་གཏམ་ཞིག་རེད་ལ། པེ་ཅིན་ལ་ལྷག་བསམ་རྣམ་དག་མེད་པའི་ཐད་ངྷ་ས་ནས་བློ་འགྱོད་སྐྱེས་བཞིན་པའི་རྣམ་འགྱུར་བསྟན་པ་རེད། རྒྱ་ནག་གི་ཕྱོགས་ནས་ནམ་རྒྱུན་ཡིན་ན་བོད་མི་ཚོར་ལྷག་བསམ་རྣམ་དག་མི་འདུག་ཅེས་ལམ་སེང་བོད་ཕྱོགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་། ད་ནི་འཛམ་གླིང་ཁྱོན་ཡོངས་ཀྱིས་བདེན་པ་དེ་གོ་ལྡོག་ནས་ཡོད་པ་གསལ་བོར་མཐོང་ཐུབ་ཡོད་པ་རེད། ལྷག་བསམ་མེད་མཁན་དེ་ནི་རྒྱ་ནག་ཡིན་ལ། རྒྱ་ནག་གིས་གནད་དོན་འདི་སེལ་རྒྱུར་འདོད་པ་བསྟན་ཡོད་པ་མ་རེད། ད་དུང་དོ་སྣང་བྱེད་དགོས་པ་ཞིག་ལ་ལོ་འདི་དག་གི་རིང་ལ་བོད་མིའི་ཕྱོགས་ནས་ཐོག་མའི་རང་བཙན་གྱི་དགོས་འདུན་ནས་གཅོག་ཆ་དང་བློས་གཏོང་མང་པོ་ཞིག་བྱས་པ་རེད། འདིས་ད་དུང་འདང་གི་མེད་པར། ད་ཆ་རྒྱ་ནག་ལ་དགོས་པ་ནི་བོད་མི་ཚོས་ཡོངས་སུ་མགོ་འདོགས་བྱེད་དགོས་པ་དེ་རེད།

ང་རང་བོད་མི་སེམས་ཁྲལ་ཡོད་མཁན་ཞིག་གི་ངོས་ནས། ངས་དོན་དངོས་ཀྱི་གྲུབ་འབྲས་ཤིག་འབྱུང་ཐབས་སུ་ཕྱོགས་གཉིས་ཀར་ང་རང་གི་བསམ་ཚུལ་འབུལ་གྱི་ཡིན། ངྷ་རམ་ས་ལའི་དབུ་ཁྲིད་དག་གིས་ད་ནི་པེ་ཅིན་གྱི་ཕྱོགས་ནས་བཏོན་པའི་བརྡ་ལན་བཙན་པོ་འདིར་དོན་དངོས་ཀྱི་བསམ་ཞིབ་བྱེད་དགོས་ཀྱི་འདུག་ལ། བཙན་བྱོལ་བོད་གཞུང་གི་ངོས་ནས་ཐག་གཅོད་གནང་བར་བློ་རྒྱ་ཆེན་པོ་ཞིག་དགོས་ཀྱི་འདུག

དོན་ཕན་གྱི་གྲུབ་འབྲས་འབྱུང་བའི་ལས་དོན་དགོངས་འཆར།

ང་ཚོས་ཐུག་འཕྲད་བརྒྱུད་བོད་རྒྱའི་རྩོད་རྙོག་འདི་སེལ་བར་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ལེན་གྱི་ཡིན་ན། ངའི་བསམ་ཚུལ་ལ་གཤམ་གསལ་དོན་ཚན་ཁག་ཚུད་པའི་ལས་དོན་རིགས་རྩོམ་དགོས་ཀྱི་འདུག

༡། ངྷ་རམ་ས་ལའི་ཕྱོགས་ནས་རྒྱ་ནག་གི་སེམས་ཁྲལ་ངོ་མ་སྟེ། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་གོ་ཤེས་བྱེད་པ་དང་། འདི་རྒྱལ་སྤྱིའི་གནད་དོན་ཞིག་ལ་ཁ་བསྒྱུར་རྒྱུ་མི་འདུག རྒྱལ་བ་རིན་པོ་ཆེ་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བཞུགས་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱང་པ་ཡིན་ན་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་ཤུགས་ཆེར་སླེབས་ཀྱི་ཡོད་སྟབས། ཆིབས་བསྒྱུར་འདི་དག་མཚམས་འཇོག་དགོས་པ་རེད། ངྷ་རམ་ས་ལའི་ཕྱོགས་ནས་འདི་ལ་ལྟ་སྟངས་གཞན་པ་ཡོད་ཀྱང་པེ་ཅིན་གྱི་ཕྱོགས་ནས་འདི་ནི་ཆབ་སྲིད་རྐྱང་བར་མཐོང་གི་ཡོད་པ་རེད།
༢།  བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནང་ཡོད་ཅིང་འཛམ་གླིང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མར་འབྲེལ་མཐུད་བྱེད་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་དེ་སྒོ་རྒྱག་དགོས་པ་རེད། ངྷ་རམ་ས་ལས་པེ་ཅིན་གྱི་དབུས་མགོ་ཁྲིད་རྣམས་ལ་གྲོས་མོལ་བྱེད་བཞིན་པའི་སྐབས་སུ་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་དོན་ཆེད་བཙུགས་པའི་འཛམ་གླིང་གྲོས་ཚོགས་ཀྱི་ཚོགས་པ་ཁག་ལ་འབྲེལ་བ་མཚམས་འཇོག་གནང་དགོས་པ་རེད།
༣།  ངྷ་རམ་ས་ལ་དང་པེ་ཅིན་གཉིས་ཐད་ཀའི་གྲོས་མོལ་ལ་ཞུགས་སྐབས་སུ། ད་ཆར་འཛམ་གླིང་ཡུལ་གྲུ་ཁག་ན་ཆབ་སྲིད་ཀྱི་དམིགས་ཡུལ་འཁྱེར་བཞིན་གཞུང་འབྲེལ་གྱི་ལས་དོན་གཉེར་གྱིན་པ་ལྟ་བུའི་སྒྲིག་འཛུགས་ཁག་གི་དམིགས་ཡུལ་ལ་བསྐྱར་ཞིབ་འཐུས་ཚང་ཞིག་བྱེད་དགོས་ཀྱི་འདུག འདི་ལྟའི་ལས་ཁུངས་ཁག་ནི་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་དང་བྷེལ་རྗེམ། རྒྱ་གར། ཉི་ཧོང་། ར་ཤི་ཡ། ལྷོ་ཨབ་རི་ཁ། སུད་སི། དབྱིན་ཡུལ། ཨ་རི་བཅས་སུ་བཙུགས་ཡོད།

གོང་གསལ་གོམ་པ་དག་སྤོས་རྗེས། པེ་ཅིན་གྱི་དབུས་མགོ་ཁྲིད་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་མཉམ་དུ་མོས་མཐུན་ཡོད་པའི་ཐོག་ནས་ཕྱག་ལས་བསྟར་དགོས་པ་ནི།

༡། རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་མཚོན་པའི་འབྲེལ་མཐུད་ལས་དོན་ཁང་ཞིག་པེ་ཅིན་དུ་འཛུགས་རྒྱུ།
༢། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མཚོན་པའི་འབྲེལ་མཐུད་ལས་དོན་ཁང་ཞིག་ངྷ་རམ་ས་ལར་འཛུགས་རྒྱུ།
༣། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱལ་བ་རིན་པོ་ཆེ་མཆོག བཙན་བྱོལ་བོད་གཞུང་བཅས་ཕྱོགས་གཉིས་ཀའི་སྐུ་ཚབ་མཚོན་པའི་མཉམ་འབྲེལ་འབྲེལ་མཐུད་ལས་ཁུངས་ཤིག་ལྷ་སར་འཛུགས་རྒྱུ།
༤། འབྲེལ་མཐུད་ལས་ཁུངས་དེ་དག་བརྒྱུད་དེ་ཕྱོགས་གཉིས་ཀ་མཉམ་འབྲེལ་གྱིས་བོད་ནང་དང་ཁ་འཐོར་བོད་མི་རྣམས་ཀྱི་ཆེད་རོགས་སྐྱོར་དང་། ཤེས་ཡོན། སྤྱི་ཚོགས། དཔལ་འབྱོར་འཛུགས་སྐྲུན་བཅས་ཀྱི་ཐོག་ལེགས་སྐྱེས་འབུལ་དགོས་པ་རེད།
༥། པེ་ཅིན་དང་ངྷ་རམ་ས་ལ་གཉིས་ཀྱི་བར་དུ་གཞུང་འབྲེལ་གྱི་རིག་གནས་བརྗེ་རེས་ཏེ། བོད་བརྒྱུད་ནང་བསྟན་དང་བོན་པོ། ལོ་རྒྱུས་དང་གསོ་རིག་སོགས་ཚུད་པའི་ཆེད་ལས་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱི་བར་བགྲོ་གླེང་ཚོགས་འདུ་སོགས་ཚུགས་དགོས་པ་རེད། ཕྱོགས་གཉིས་ཀའི་ངོས་ནས་ལོ་རྒྱུས་ཤིན་ཏུ་ཕྱུག་པའི་བོད་ཀྱི་རིག་གཞུང་ཁྲོད་ཀྱི་རིན་ཐང་ཆེ་ཞིང་མཁས་པའི་གསུང་རྩོམ་འདི་དག་ལ་མཉམ་དུ་དོ་འཁུར་དང་སློབ་སྦྱོང་བྱེད་པར་མཐུན་རྐྱེན་སྐྲུན་རྒྱུའི་ཐད་དོན་དམ་གྱི་དགོངས་བཞེས་གནང་དགོས་པ་རེད།
༦། བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་དཀྱུས་མ་རྣམས་ཀྱི་བར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འབྲེལ་བ་འཛུགས་རྒྱུར་ཤུགས་སྣོན་དང་། འདིའི་ཁྲོད་དུ་རིག་དངོས་འགྲེམ་སྟོན་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་འཁྲབ་སྟོན་སྒྱུ་རྩལ་བ་རྣམས་དང་། ཐང་ཀ་འབྲི་མཁན་སོགས་ཚུད་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་བ་བཅས་ཕན་ཚུན་འགྲོ་རེས་བྱས་ཏེ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་སྤེལ་རྒྱུ།
གོང་གསལ་གོམ་སྟབས་དག་བརྒྱུད་ན་རྒྱ་རིགས་དང་བོད་རིགས་གཉིས་ཐུན་མོང་གིས་སེམས་ཁྲལ་བྱེད་ཀྱིན་པའི་ས་ཁོད་དག་ནས་ལག་ལེན་དང་དོན་ཕན་ཡོད་པའི་ཡར་རྒྱས་ཀྱི་འབྲས་བུ་ཞིག་འཐོབ་སྲིད། ཆབ་སྲིད་ཀྱི་ཐག་གཅོད་ལ་དུས་ཡུན་འགོར་སྲིད། འདི་ལྟའི་གོམ་སྟབས་སྤོས་པ་ཡིན་ན་ངྷ་རམ་ས་ལ་ནས་འབོད་སྐུལ་ཞུ་བཞིན་པ་ལྟར་འབྲེལ་མོལ་ལ་ཡར་རྒྱས་ཡོང་ཐབས་སུ་བཟང་ཕྱོགས་ཀྱི་ཁོར་ཡུག་དང་མཐུན་ལམ་སྐྲུན་པ་དང་མཉམ་དུ། ཕན་ཚུན་བར་ཡིད་ཆེས་དང་གདེང་ཚོད་སྐྲུན་པར་ཡང་ཕན་ཐོགས་འབྱུང་ངེས། ཞི་མོལ་དངོས་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཏེ། བོད་ཆོལ་ཁ་གསུམ་དེ་ཆབ་སྲིད་ཀྱི་འཛིན་སྐྱོང་གཅིག་གི་འོག་འདུ་དགོས་པའི་རྩ་དོན་ལ་གཞི་བཟུང་ནས་མགོ་འཛུགས་དགོས། འདིས་བོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྟེ། མེས་རྒྱལ་ཁྱིམ་ཚང་ཆེན་མོ་ནས་ཁ་བྲལ་ཏུ་གཏོང་གི་མེད།

ཆབ་སྲིད་ཀྱི་ཞི་མོལ་མཇུག་སྐྱོང་བ་དང་ཆབས་ཅིག ཕྱོགས་གཉིས་ཀྱི་དབུ་ཁྲིད་ཚོས་བོད་མི་ཡོངས་ལ་ཞབས་ཞུ་སྒྲུབ་སའི་འབྲེལ་མཐུད་ལས་ཁུངས་དག་འཛུགས་རྒྱུར་དོ་གལ་ཆེན་པོ་དང་ལྷག་བསམ་རྣམ་དག་གི་དགོངས་པ་བཞེས་དགོས་པ་རེད། གོང་གསལ་གྱི་བསམ་ཚུལ་དང་འདི་དང་འདྲ་བའི་བསམ་ཚུལ་ཐོག་ཕྱོགས་གཉིས་ཀའི་ངོས་ནས་མོས་མཐུན་མེད་ཚེ། ངྷ་རམ་ས་ལ་དང་པེ་ཅིན་གཉིས་ཀྱིས་བོད་རྒྱའི་རྩོད་རྙོག་ཐོག་༼སྐད་ཆ་བཤད་རྒྱུར་སྐད་ཆ་བཤད་ནས་བསྡད་༽ན་རྒྱུ་མཚན་ཞིག་ཡོད་མེད་ཐད་ང་རང་ཡིན་ན་ངོ་མ་ཡ་མཚན་སྐྱེ་གཞི་ཞིག་རེད།

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་བློ་མི་ཕམ་པའི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཚོེར་ཡིད་ཆེས་བསྐྲུན་པ།

མཚམས་རེར་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་རྒྱ་ནག་གི་མཐོ་རིམ་མི་སྣ་ཚོ་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས་ངོ་རྒོལ་ཁྲོམ་སྐོར་མི་བྱེད་རྒྱུའི་ཞུ་སྐུལ་རེ་དང་བརྡ་ཁྱབ་ཙམ་རེ་སྤེལ་བའམ། ཡང་ན། ཉེ་ཆར་གཞོན་ནུའི་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་བ་དག་གིས་པེ་ཅིན་གྱི་དབུ་ཁྲིད་ཚོའི་ཡིད་ཆེས་འགུག་མ་ཐུབ་པའི་ཐད་ཁ་རྡུང་དྲག་པོ་གཏོང་བ་སོགས་བྱེད་མི་འོས། འདིས་ད་དུང་འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་མིའི་རང་དབང་འཐབ་རྩོད་ཐོག་བློ་ཐག་ཆོད་པོའི་སྒོ་ནས་ལས་འགུལ་སྤེལ་མཁན་དང་མཉམ་ཞུགས་བྱེད་མཁན་ཚོ་ཁེར་རྐྱང་དུ་འཕུད་དགོས་པའི་བརྡ་ལན་རབ་རིབ་ཅིག་ཀྱང་སྤྲད་ཡོད་པ་རེད། དེ་བས་ཞུ་སྐུལ་དང་བརྡ་ཁྱབ་སྤེལ་བའི་ལས་ཀ་འདི་མི་གནང་བར་མིག་མཐོང་ལག་ཟིན་གྱི་ལས་ཀ་སྟོན་དགོས་པ་རེད།

ཁ་ཕྱོགས་གསར་པ་འཚོལ་བ་དང་ཐག་གཅོད་ནན་པོ་ལེན་རྒྱུའི་དུས་ཚོད་རེད།

ཡར་རྒྱས་མེད་པ་དང་ཕྱིར་འཐེན་གྱི་གནས་སྐབས་འདིར་ངའི་བསམ་ཚུལ་ཡིན་ན་ངྷ་རམ་ས་ལས་ད་ཡོད་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་བསྐྱར་དུ་འགྱུར་བ་བཏང་སྟེ། ཕལ་ཆེར་ཁ་ཕྱོགས་གསར་པ་ཞིག་སྐྲུན་ཞིང་དེར་མི་རྣམས་ཀྱིས་རང་རང་གིས་མཁྲེགས་པོར་བཟུང་བསྡད་པའི་ལྟ་ཚུལ་བཤད་ས་ཡོད་པ་ཞིག་བཟོ་དགོས་པར་འདོད། འདིའི་གོ་དོན་ནི་ཁོང་ཚོས་ཅི་བཤད་ཚང་མ་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དང་འགལ་ཡོད་མེད་ཀྱི་ཆ་རྐྱེན་ལ་ངོས་ལེན་བྱེད་མི་དགོས་པ་དེ་ཡིན། འདི་ལྟའི་གཞན་བསྟུན་བསམ་བློའི་གནོད་སྐྱོན་འདིས་དམངས་གཙོ་རང་བཞིན་གྱི་བོད་མིའི་སྤྱི་ཚོགས་འདི་ཉམས་རྒུད་དང་སྲིད་དོན་གྱི་བློ་སྐྱེད་ལ་འགོག་རྐྱེན་བཟོ་གི་ཡོད། རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དང་མི་མཐུན་པའི་ལྟ་ཚུལ་འཛིན་མཁན་རྣམས་ལ་སྐྱོན་བརྗོད་དང་མི་རིགས་ཀྱི་ལ་ཞེན་མེད་པའི་ཁྱད་གསོད་བྱེད་མི་རུང་། བོད་མི་རྣམས་སྲིད་དོན་གྱི་ལམ་ནས་ནར་སོན་དགོས་པ་རེད། ང་ཚོས་བཅའ་ཁྲིམས་ལ་བསྐྱར་བཅོས་དང་ཆོས་སྲིད་གཉིས་ཁ་ཁར་ཕྱེ་དགོས་པ་རེད།

བོད་མི་རྣམས་ནི་དུས་གཏན་དུ་རེ་བ་ཙམ་ལ་འཇུས་ནས་སྡོད་ཐབས་མེད། ང་ཚོ་བཙན་བྱོལ་ལ་ཕེབས་ནས་མི་ལོ་ལྔ་བཅུ་འགོར་གྱིན་པའི་སྐབས་འདིར་ང་ཚོས་དཀའ་ལས་ཁག་ཤོས་ཀྱི་གནད་དོན་རིགས་ཐག་གཅོད་བྱེད་དགོས་པ་རེད། འདིའང་ད་ལྟའི་མི་ཐོག་འདིའི་ཆེད་ཙམ་མ་ཡིན་པར་མ་འོངས་པའི་མི་རབས་ལ་བསམ་བློ་གཏོང་དགོས་པ་རེད། དེ་ལྟར་ཡང་། ང་ཚོས་གཅིག་བྱས་ན་བོད་ཀྱི་དཀའ་རྙོག་འདིར་སྲིད་དོན་གྱི་མཐའ་མའི་ཐག་གཅོད་ཅིག་རྙེད་པར་ད་དུང་མི་ལོ་ ༥༠ འགོར་ཡང་སྲིད་པ་རེད།

༢༠༠༥ ལོར་ངྷ་རམ་ས་ལ་ནས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཕེབས་ཏེ་བོད་མི་ཚོ་ལོན་ཌོན་ལ་འདུ་འཛོམས་བྱས་པའི་སྐབསས་ཤིག་ལ། ངས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་གཏན་འབེབས་བྱས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་ཅིག་ཞུས་པ་ཡིན། ད་ལམ་སླར་ཡང་། ད་ཆར་པེ་ཅིན་དང་ངྷ་རམ་ས་ལ་གཉིས་ཀྱི་འབྲེལ་མོལ་ལ་ཡར་རྒྱས་མི་འདུག་སྟབས་ངས་སྔོན་མའི་འབོད་སྐུལ་དེ་བསྐྱར་དུ་ཞུ་གིན་ཡོད།

རྒྱལ་བ་རིན་པོ་ཆེ་མཆོག་བགྲེས་ཡོལ་ཞུ་རྒྱུ།

ད་ལྟའི་ཆར་ཕྱེད་བགྲེས་ཡོལ་ཡིན་ལ། ཉེ་ལམ་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ཉིད་བགྲེས་ཡོལ་གཙང་མ་ཞུ་ཆོག་རྒྱུར་སྒུག་བསྡད་ཡོད་ཅེས་ཡོངས་ཁྱབ་ཏུ་བསྒྲགས། ང་ཚོས་ཁོང་ཉིད་ནས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་ལས་གཡུར་དུ་ཟ་བ་གནང་བར་ཐུགས་རྗེ་ལེགས་འབུལ་དང་བཅས་ཁོང་གི་དགོངས་ཚུལ་དེར་བསམ་བློ་ཞིབ་ཏུ་གཏོང་དགོས་པ་རེད། ཁོང་ཉིད་ནས་ཐུགས་རེ་ཇི་བཞིན་འགྲུབ་མེད་པ་ནི་བོད་རྒྱའི་རྩོད་རྙོག་ཐད་སྲིད་དོན་གྱི་ཐག་གཅོད་ཅིག་གནང་མ་ཐུབ་པ་དེ་རེད། རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༦ ཙམ་ནས་བཟུང་བོད་རྒྱལ་ཁབ་ཀྱི་ཐུགས་འགན་བཞེས་པ་རེད། ཡིན་ནའང་རྒྱལ་ཁབ་སླར་གསོ་མ་ཐུབ་པ་དེ་ནི་ཐུགས་རེ་དང་ཐུགས་བརྩོན་གྱིས་མ་འདང་བ་གཏན་ནས་མིན། རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་སྐུ་ངལ་གསོ་དགོས་ལ། ད་ནི་དབུ་ཁྲིད་གཞན་པ་དག་ཕེབས་ཏེ་ཐབས་ལམ་མ་འདྲ་བ་འཁྱེར་ཡོང་དགོས་པ་རེད།

བོད་མི་རིགས་ཀྱི་མངོན་འདོད་དང་པོར་འཇོག་དགོས།

མདོར་སྒྲིལ་ན། ངས་ངྷ་རམ་ས་ལ་དང་པེ་ཅིན། ལྷ་ས་བཅས་ཀྱི་དབུ་ཁྲིད་རྣམས་ལ་བོད་མི་རྣམས་ཀྱིས་ང་ཚོའི་མངོན་འདོད་དང་བདེ་དོན་གྱི་ཆེད་དུ་ལས་ཀ་གནང་རོགས་ཞེས་ཞུ་བཞིན་པ་ལྟར། བོད་མི་རིགས་ཀྱི་མངོན་འདོད་དང་པོར་འཇོག་རྒྱུའི་འབོད་སྐུལ་ཞུ་གིན་ཡོད་ལ། གལ་སྲིད་ཁྱེད་ལ་ལྷག་བསམ་ཡོད་ན། ད་ལྟ་རང་སྟོན་རོགས། ད་ནི་མུ་མཐུད་ནས་ནར་འགྱངས་མེད་པ་ཞུ།

ཚེ་རིང་པ་སངས་ལགས་ནི་ ༢༠༠༥ ལོའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་འོས་བསྡུའི་སྐབས་ཡུ་རོབ་སྤྱི་འཐུས་ཀྱི་འོས་གཞིར་ལངས་མཁན་ཞིག་ཡིན་ལ། དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཞིག་ཏུ་བརྡ་འཕྲིན་གྱི་སློབ་མཐར་ཕྱིན་ཡོད་པ་རེད། ཚེ་རིང་པ་སངས་ལགས་ཀྱིས་ ༢༠༠༢ ལོ་ནས་ ༢༠༠༦ ལོའི་བར་དབྱིན་ཡུལ་བོད་རིགས་སྤྱི་ཚོགས་ཀྱི་རིག་གཞུང་དྲུང་ཆེའི་འགན་བཞེས་ཡོད་ལ། ༢༠༠༡ ལོ་ནས་ ༢༠༠༧ ལོ་བར་ལོན་ཌོན་དུ་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་དུ་ཕྱག་ལས་གནང་མྱོང་བ་དང་། ཐེབས་རྩ་འདིས་བོད་ནང་དང་རྒྱ་གར། བལ་ཡུལ་བཅས་ཀྱི་བོད་མི་རྣམས་ལ་རགས་སྐྱོར་གནང་གི་ཡོད། ཁོང་གིས་ད་ཆར་དབྱིན་ཡུལ་གྱི་བོད་མིའི་ངལ་སྐྱོབ་ཐེབས་རྩ་རུ་ཕྱག་ལས་གནང་གི་ཡོད།

རྩོམ་ཡིག་འདི་རྩོམ་པ་པོས་འདི་ག་གསར་ཁང་དུ་བསྐུར་བ་བཞིན་དབྱིན་ཡིག་ནས་བོད་བསྒྱུར་བྱས་པ་ལགས། གལ་སྲིད་འགྱུར་མི་དག་པ་དང་དོགས་པ་འདྲ་ཡོད་ཚེ་ www.tibet.ca/en/newsroom/wtn/4225 ལ་བསྣུན་ཏེ་གཟིགས་རོགས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    པེ་ཅིན་དང་ངྷ་ས། ལྷ་ས་བཅས་ཀྱི་གཞུང་འབྲེལ་མི་སྣ་སུ་ཡིན་ནའང་གཞིས་བྱེས་བོད་མི་དཀྱུས་མ་རྣམས་ཀྱི་མངོན་འདོད་ལྟར་ཕྱག་ལས་གནང་གིི་མེད་

    Reply
  2. དགྲ་འདུལ། says:
    ལོ་ 18 སྔོན།

    ཟླ་བ་རྗེས་མའི་དམིགས་བསལ་ཚོགས་ཆེན་གྱི་སྒང་ལ་གནད་དོན་འདི་དག་གོ་བསྡུར་བྱེད་སྲིད་པ་རེད། སྤྱིར་བཏང་ཚོགས་པ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་དེ་སྒོ་རྒྱག་རྒྱུ་ལས་སླ་བོ་རེད། འོན་ཀྱང་གཏོར་ཚར་བའི་རྗེས་ལ་བསྐྱར་གསོ་བྱེད་དགོས་དུས་དཀའ་ལས་ཁག་འགྲོ་གི་རེད། ཚེ་རིང་པ་སངས་ལགས་ཀྱིས་བཤད་ཀྱིན་པའི་སྒྲིག་འཛུགས་དེ་དག་ནི་ཕྱི་རྒྱལ་གྱི་དོན་གཅོད་ཁག་རེད། འདི་དག་སྒོ་བརྒྱབས་པ་ཡིན་ན་དོན་དག་ཅིག་འགྲིག་འགྲོ་གི་ཡོད་ཚེ་སྒོ་བརྒྱབ་ཆོག་གི་རེད། ཡིན་ནའང་སྒོ་བརྒྱབས་ཚར་དུས་ཀྱི་མཇུག་འབྲས་གསལ་བོ་ཞིག་མ་མཐོང་བར་སྒོ་བརྒྱབས་པ་ཡིན་ན་རྒྱུ་མཚན་མ་རེད། འདི་དག་འཛུགས་མ་ཐུབ་པར་ལོ་ག་ཚོད་ཅིག་འགོར་བ་རེད། དེའི་ཕན་ནས་རྒྱ་རི་རིན་པོ་ཆེའི་ལས་ཁུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལྟ་བུ་ཡིན་ན་མི་ཤེས། ཐ་ན་འདིའི་འགྲོ་སོང་དེ་ཇི་ལྟར་རག་གི་ཡོད་མེད་ཀྱང་མི་ཤེས། མ་གཞི་ནས་ལས་ཁུངས་འདི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཁག་ལ་འབྲེལ་བ་མེད་པ་ཡིན་ན་གནས་ཚུལ་ཐ་དད་རེད། འོན་ཀྱང་ལས་ཁུངས་འདི་བོད་གཞུང་དང་བོད་མི་དམངས་ཀྱི་ཐོག་ལ་ཁ་དབང་ཏོག་ཙམ་ཡོད་པར་འདོད་པས་ལས་ཁུངས་འདིའི་རིགས་ལ་བསམ་བློ་གཏོང་དགོས་པ་རེད། གཞོན་ལྷན་ནི་ང་རང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་སྟབས་སྒོ་རྒྱག་ན་མི་རྒྱག་ན་ང་ཚོའི་ལག་ན་ཡོད་པ་རེད་སྙམ།

    Reply
  3. སྐར་མ། says:
    ལོ་ 18 སྔོན།

    སྐུ་ཞབས་ཚེ་རིང་པ་སངས་ལགས་ཀྱི་བསམ་ཚུལ་འདི་དག་ཡག་པོ་འདུག དེའང་ཐབས་ལམ་ཡག་དྲག་ནས་མ་རེད། འདི་ལྟར་བསམ་བློ་གཏོང་ཐུབ་པ་ཙམ་གྱིས་ཡག་པོ་རེད་བསམ་གྱི་ཡོད། བསམ་ཚུལ་ཞིག་འཁྱེར་ཡོང་དུས་རྒྱུ་མཚན་ཞིག་བགྲང་རྒྱུ་ཡོད་ན་ཀློག་འདོད་ཀྱང་འདུག
    ཡིན་ནའང་ཁོང་གིས་གཞོན་ལྷན་ལྟ་བུའི་ཚོགས་པ་རིགས་སྒོ་རྒྱག་དགོས་པའི་སྐོར་བཤད་མི་འདུག གཞོན་ལྷན་ནི་ད་ཆར་བོད་རྒྱའི་གྲོས་མོལ་སྐབས་འགག་རྡོ་ཆུང་ཆུང་ཞིག་ཏུ་གྱུར་ཡོད་པ་རེད། གང་ལྟར་བོད་རང་བཙན་རྩོད་ཀྱི་མིན་ན་ཚོགས་པ་འདིའི་རིགས་བཙུགས་ཏེ། སྐད་རྒྱབ་བསྡད་ན་ཕན་ཐོགས་འདྲ་མཐོང་གི་མི་འདུག འདི་གང་འདྲ་འདུག

    Reply
  4. བསྟན་དབང་། says:
    ལོ་ 18 སྔོན།

    ཕྱི་རྐྱེན་ནི་འགྱུར་ལྡོག་གི་ཆ་རྐྱེན་དང་།
    ནང་རྐྱེན་ནི་འགྱུར་ལྡོག་གི་གཞི་རྩ་ཡིན་ཞིང་།
    དཔེར་ན་དྲོད་ཚད་ངེས་ཅན་ཞིག་གི་འོག།
    བྱ་སྒོང་བྱ་ཕྲུག་ལ་འགྱུར་སྲིད་ཀྱང་།
    རྡོ་བྱ་ཕྲུག་ལ་འགྱུར་མི་སྲིད་པ་ལྟ་བུའོ།
    དེ་ལྟར་ན་བོད་པ་རང་ཉིད་ཀྱི་དཀའ་གནད་དེ་བོད་མི་རང་ངོས་ནས་བརྩོད་ལེན་བྱ་དགོས་པ་ཞིག་ཡིན་པས། ཕྱི་ཟླ་༡༡པའི་དམིགས་བསལ་ཚོགས་ཆེན་དང་བསྟུན་གཅིག་གྱུར་གྱི་དམིགས་ཚད་ཞིག་ཐོག་ཤར་བསྐྱོད་རྒྱུ་དང་མ་འོངས་པའི་འཐབ་བརྩོད་ཀྱི་ཁ་ཕྱོགས་གསར་པ་ཞིག་དང་སྔར་བས་ཕན་ནུས་ལྡན་པའི་འགྱུར་ལྡོག་ཞིག་ཡོང་རྒྱུར་རེ་བ་བྱས་ཀྱང་ད་དེ་འདྲའི་རེ་བ་མེད་པ་འདྲ།།

    Reply
  5. གནས་ཚང་། says:
    ལོ་ 18 སྔོན།

    འདི་བསམ་བློ་གསར་བ་དང་ལྟ་བ་གསར་བ་རེད། ལམ་སང་བསམ་བློ་གཏིང་ཐག་ཆོད་པོ་ཞིག་འཁོར་མ་སོང་། ཡིན་ནའི། དྲི་བ་མེད་པ་ག་ལ་སྲིད།

    ༡ བཙན་བྱོལ་གཞུང་ངོས་ནས་༡ནས་༣བར་གྱི་གོམ་པ་སྤོས་རྗེས། རྒྱ་ནག་གཞུང་ངོས་ནས་འགུལ་མེད་སོར་གནས་བསྡད་པ་ཡིན་ན། བོད་ཀྱི་ཁ་དཔེ་ལྟར། རི་བོང་དང་སྡོམ་པ་མཉམ་ཤོར་བྱས་སོང་བ་མ་རེད་དམ།

    ༢ གལ་སྲིད་བོད་མིའི་མངོན་འདོད་དང་པོར་འཇོག་དགོས་ཀྱི་ཡོད་ན། ད་ལོ་བོད་ནང་གི་གྱེན་ལངས་རང་བཙན་གྱི་ཆེད་ཡིན་པས། གོང་གི་གོམ་པ་སྤོ་སྟངས་དང་མངོན་འདོད་བར་འགལ་བ་བྱུང་ཡོད་པ་མ་རེད་དམ།

    སྐུ་མཁྱེན་སྐུ་ངོ་རྩོམ་སྒྲིག་པ་ལགས། དྲི་བ་འདི་གཉིས་རྩོམ་པ་པོར་བརྒྱུད་ཕུལ་ཡོང་བ་ཞུ་ཞུ།

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    མ་གཞི་རང་བཙན་རེག་ན་འདྲ་མ་རེག་ན་འདྲ་ྋགོང་ས་མཆོག་གི་སྐུ་ངལ་གསོས་ནས་ཁོང་གི་རྒྱང་ལྟའི་འོག་ནས་ང་ཚོའི་རང་མགོ་ཨེ་ཐོན་ལ་འབད་ན་ཏག་ཏག་རེད། འདིའི་སྐོར་སྐུ་མདུན་གྱིས་མང་བོ་གསུང་ཚར་རེད། འབྲེལ་མཐུད་ཁང་འཛུགས་རྒྱུའི་ཕྱོགས་ནས་ཀྱང་སྐུ་མདུན་གྱིས་མང་བོ་གསུང་ཡོད་པ་རེད། དཔེར་ན་ཉེ་ཆར་སྐུ་མདུན་གྱིས་ང་ཚོས་བོད་རྒྱ་མཛའ་འབྲེལ་ཟེར་བ་ཞིག་འཛུགས་ཐུབ་ན་ཡག་པོ་འདུག་ཟེར་ནས་གསུང་བ་རེད་དེ་སྡེ་བ་གཞུང་གིས་དེ་གོ་ཡོད་ས་མ་རེད། དེའི་ཕྱོགས་ནས་སྐད་ཆ་ཞིག་གོ་རྒྱུ་མི་འདུག གོང་གི་རྩོམ་པ་པོས་ཀྱང་སྐད་ཆ་འདི་དག་ལད་ཟློས་ཤིག་བྱེད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese