ཕྱི་ཚེས་ ༡༥ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་སྨན་ཁང་ནས་ཆིབས་ཐོན་གྱིས་ལྡི་ལི་ གཞོན་ནུའི་ཁྱིམ་སྡེ་རུ་ཉིན་ཤས་རིང་བཞུགས་རྒྱུ་ཡིན་པ་དང་། ཟླ་འདིའི་ཟླ་མཇུག་ཏུ་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་ལ་ཕེབས་རྒྱུ་ཡིན་འདུག
སྐུ་སྒེར་དུྲང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་མཁྲིས་རྡོར་གཤག་བཅོས་གྲུབ་སྟེ་ཉིན་ ༦ འགོར་མཚམས་ཁོང་གི་སྐུ་གཟུགས་བདེ་ཐང་དུ་ཕེབས་ཡོད་པར་བརྟེན། ཕྱི་ཚེས་ ༡༥ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་སྨན་ཁང་ནས་ཕྱིར་ཆིབས་ཐོན་གྱིས་ཉིན་ཤས་རིང་ལྡི་ལིར་ཡོད་པའི་གཞོན་ནུའི་ཁྱིམ་ཚང་དུ་བཞུགས་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཟླ་མཇུག་ནས་ཁོང་ཉིད་ཉི་ཧོང་ནང་ཆིབས་བསྒྱུར་སྐྱང་རྒྱུ་དང་། ཕྱི་ཟླ་ ༡༡ པ་དང་ ༡༢ པའི་ནང་དུ་ཡུ་རོབ་རྒྱལ་ཁབ་ བྷེལ་རྗེམ་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཆིབས་སྒྱུར་གནང་འཆར་ཡོད་པ་རེད།
སང་ཉིན་སྟེ། ཕྱི་ཚེས་ ༡༧ ཉིན་ནི་ཨ་རིའི་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ཏེ་ལོ་གཅིག་འཁོར་བའི་དུས་དྲན་ཉིན་མོ་ཡིན་ཡང་། བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་སོགས་མེད་ལ། གཞིས་སྒར་ཁག་ཏུའང་དུས་དྲན་གྱི་མཛད་སྒོ་འདྲ་མེད་ཚུལ་འདུག
ཉིན་ཤས་རིང་འདིར་བཞུགས་སྒར་གྱི་མང་ཚོགས་དང་དེ་བཞིན་ལྷོ་ཕྱོགས་ཀོ་ལི་གྷལ་བོད་མིའི་གཞིས་སྒར་བཅས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་མྱུར་ཏུ་དྲག་སྐྱེད་ཡོང་བའི་ཆེད་དུ་གསོལ་འདེབས་སྨོན་ལམ་སོགས་གནང་གི་ཡོད་པ་རེད།