མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ལ་ཞེན་པ་དཀར་ཞིང་སྐད་ཡིག་ལ་དུང་ཞེན་ཟབ་པའི་བོད་རིགས་ན་གཞོན་ཁག་ཅིག་གིས་སྣེ་ཁྲིད་དེ། རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་གི་གནས་བབ་གླེང་བའི་ལྷན་འཛོམས་ཀྱི་བགྲོ་གླེང་ཐོག་མ་བསྡུས་ཏེ། འཛམ་གླིང་གཅིག་གྱུར་དང་སྐད་ཡིག་གཅིག་བསྡུད་ཆེན་མོའི་མཐོ་རླབས་ཁྲོད་ནས་བོད་པའི་སྐད་ཡིག་གི་ལས་དབང་ལ་ཕྱིར་རྟོག་བྱས་ཡོད། 

 

 ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག འཛམ་གླིང་སྐད་ཡིག་ཉིན་མོ་སྲུང་གཙི་བྱས་ཡོད་པ་དང༌། མཛད་སྒོ་དེའི་སྟེང་བོད་གཞུང་དཔེ་མཛོད་ཁང་གི་ན་གཱ་སངས་རྒྱན་བསྟན་དར་ལགས་དང་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས། བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་བཅས་ཆེད་དུ་གདན་འདྲེན་ཞུས་ཏེ། བོད་ཀྱི་སྐད་ཡིག་གླེང་བ། ཞུ་བའི་འཛམ་གླིང་སྐད་ཡིག་གི་འཕེལ་འགྲིབ་དང་འབྲེལ་བོད་ཀྱི་སྐད་ཡིག་གི་གནས་བབ་སྐོར་ལ། ཚོགས་ཞུགས་པ་ཡོངས་དང་མཉམ་དུ་བགྲོ་གླིང་གོ་བསྡུར་དང་དྲི་བ་དྲིས་ལན་གནང་ཡོད།

 

 

སྐབས་དེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་མི་དང༌། སྐད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་རྟ་ནག་སྐལ་བཟང་ལུང་རིག་ལགས་ཀྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ངོ་སྤྲོད་དང་སྦྲགས་འཛམ་གླིང་སྐད་ཡིག་ཉིན་མོ་གཙི་སྲུང་ཞུ་དགོས་པའི་དམིགས་ཡུལ་བརྗོད་དོན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་ཆུང་ཟེར་བ་འདྀ། སྤྱི་ལོ་ ༢༠༠༥ ལོར་ང་ཚོ་བོད་ནས་བལ་ཡུལ་སྣེ་ལེན་ཁང་ལ་གསར་དུ་འབྱོར་སྐབས། ཤེས་ཡོན་ལ་དོ་སྣང་ཡོད་པའི་གྲོགས་པོ་ཁག་ཅིག་འཛོམས་ཏེ། ཚོགས་པ་འདི་ཐོག་མར་མགོ་འཛུགས་ལྟ་བུ་བྱས་པ་ཡིན། ང་ཚོར་ད་སྐབས་ཚོགས་མི་ཉུང་ངུ་ཞིག་ལས་མེད་ལ། ཡོད་པ་དག་ཀྱང་གྲྭ་བ་གྲྭ་རྐྱང་དང་སློབ་མ། ལས་མེད་འགའ་རེ་ཡིན། སྤྱི་ལོ་ ༢༠༠༧ ཟླ་ ༡༠ ཙམ་ནས་ང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་སྐད་ཡིག་ཚགས་པར་ཟེར་བ་འདི་གསར་དུ་འདོན་སྤེལ་བྱས་ཏེ། ད་བར་འདོན་ཐེངས་དྲུག ༦ ཙམ་དུས་ངེས་མེད་ཀྱིས་འདོན་སྤེལ་བྱེད་ཀྱིན་ཡོད།

 

སྤྱིར་འཛམ་གླིང་ནང་སྐད་ཡིག་དྲུག་སྟོང་ ༦༠༠༠ ལྷག་ཡོད་ཀྱང༌། དུས་རབས་ཀྱི་འཕེལ་འགྱུར་ཁྲོད་སྐད་ཡིག་ཕྱེད་ཙམ་རྩ་མེད་དུ་སོང་སྟེ། ད་ལྟ་སྐད་ཡིག་ ༣༠༠༠ ཙམ་ལས་ལྷག་མེད་པའི་གནས་ཚུལ་ཐོན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཤེས་ཡོན་ལྷན་ཚོགས་ཀྱིས་ ༢༠༠༢ ལོའི་ཟླ་ ༢ ཚེས་ ༢༡ ཉིན་འཛམ་གླིང་སྐད་ཡིག་ཉིན་མོར་གཏན་འབེབས་བྱས་ཏེ། ད་ལྟའི་བར་ལོ་བདུན་ཙམ་འགྲོ་བཞིན་ཡོད། འཛམ་གླིང་སྐད་ཡིག་གཅིག་གྱུར་ཆེན་མོ་འདིའི་ཁྲོད། བོད་ཀྱི་སྐད་ཡིག་གི་གནས་བབ་ཀྱང་ཧ་ཅང་གཉན་འཕྲང་ཅན་ཞིག་ཏུ་སླེབས་ཡོད་པ་ཚང་མས་མཐོང་གསལ་རེད། དེར་བརྟེན། དེ་རིང་འདིར་ང་ཚོས་འཛམ་གླིང་སྐད་ཡིག་ཉིན་མོ་གཟབ་རྒྱས་ཤིག་སྲུང་གཙི་ཞུ་ཐུབ་མེད་ཀྱང༌། བོད་མི་རིགས་ཀྱི་བླ་སྲོག་ལྟ་བུར་གྱུར་བའི་སྐད་ཡིག་འདིའི་ལས་དབང་ལ་སེམས་འཚབ་ཀྱིས་ཀུན་ནས་བསླངས་ཏེ། འཛམ་གླིང་སྐད་ཡིག་ཉིན་མོ་འདི་སྲུང་གཙི་ཞུས་པ་ཡིན། དེ་རིང་གི་བགྲོ་གླེང་འདི་བརྒྱུད་དེ། བོད་པའི་སྐད་ཡིག་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་དང༌། མ་འོངས་པར་ཇི་ལྟར་སླར་གསོ་བྱེད་ཕྱོགས་བཅས་ལ་ཆེད་དུ་གདན་ཞུས་སྐུ་མགྲོན་རྣམ་པ་དང་ལྷན་དུ་ཚོགས་ཞུགས་པ་ཡོངས་ཀྱིས་བློ་ཐག་ཉེ་བོས་བགྲོ་གླེང་ལྷུག་པོ་ཡོང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། ཅེས་ངོས་སྤྲོད་གནང་བྱུང༌།

 

དེའི་རྗེས་བོད་གཞུང་དཔེ་མཛོད་ཁང་ཤེས་རིག་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་གཱ་སངས་རྒྱས་བསྟན་དར་ལགས་ཀྱིས་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་དེའི་བསམ་བློ་གཉིས་ཀྱིས་ཕན་ཚུན་གཞོགས་འདེགས་བྱེད་ཀྱིན་ཡོད་སྐོར་གསུངས་དོན། སྤྱིར་ ༢༠༠༢ ལོ་འཛམ་གླིང་སྐད་ཡིག་ཉིན་མོ་སྲུང་གཙི་བྱེད་ཀྱིན་ཡོད་ཀྱང༌། བོད་པའི་སྤྱི་ཚོགས་ནང་ཐེངས་དང་པོ་དེ་ཆགས་ཡོད། ཞེ་དྲག་དགའ་བོ་བྱུང་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ཁྲོད་ལས་དོན་མང་པོ་ཞིག་གནང་དགོས་ཀྱང༌། དེའི་ནང་གི་གལ་ཆེན་ཤོས་ཤིག་སྐད་ཡིག་སྲུང་སྐྱོབ་དེ་རེད། གནད་དོན་གཞན་དག་ཆབ་སྲིད་ཀྱི་དབང་གིས་དུས་ཡུན་རིང་པོ་འགོར་སྲིད་ལ། ཉི་མ་གཅིག་གཉིས་ནང་འགྲུབ་ཀྱང་སྲིད་པ་ཞིག་རེད། སྐད་ཡིག་ཉམས་པ་ཡིན་ན་དུས་ཚོད་ཐུང་ཐུང་ནང་སླར་གསོ་ཐུབ་པ་ཞིག་གཏན་ནས་མ་རེད། མི་རིགས་ཤིག་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་གལ་ཆེ་ཤོས་མི་རིགས་དེའི་བསམ་བློ་རེད། མི་རིགས་ཀྱི་སྐད་ཡིག་དང་མི་རིགས་དེའི་བསམ་བློ་གཉིས་གཅིག་ལ་གཅིག་བརྟེན་རེད། མི་རིགས་དེའི་གོལ་སྲོལ་བཟང་པོ་ཞིག་སྲུང་སྐྱོབ་བྱ་དགོས་ན། མི་རིགས་དེའི་ལྟ་བ་མ་ཉམས་པ་བྱ་རྒྱུ་གལ་ཆེན་པོ་རེད། བསམ་བློ་དེས་གྲོགས་བྱས་ཏེ་སྐད་ཡིག་སྲུང་སྐྱོབ་ལ་ཏན་ཏན་ཕན་ཐོགས་ཀྱིན་ཡོད།

 

ང་ཚོས་རང་ཉིད་བོད་པ་ཡིན་བསམ་པའི་སྤོབས་པ་བྱ་དགོས་ལ། སྤོབས་པ་དེ་མ་བརླགས་པ་བྱ་དགོས་ན། སྐད་ཡིག་དེ་གལ་ཆེན་པོ་ཡིན་པ་བཤད་མ་དགོས་པ་རེད། བོད་ཀྱི་སྐད་ཡིག་དེ་སོ་སོའི་སྐད་ཡིག་རེད། དེ་ཤེས་པ་ཡིན་ན་སོ་སོའི་མི་རིགས་སྲུང་སྐྱོབ་བྱེད་ཐུབ་ཀྱིན་ཡོད་པ་དང༌། དེ་རྐྱེན་བྱས་ཏེ་འཛམ་གླིང་མི་རིགས་གཞན་ལས་ལོགས་སུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་མཐོང་དགོས་པ་དེ་གལ་ཆེན་པོ་རེད། དབྱིན་ཡིག་ཡག་པོ་ཤེས་ཀྱང་སོ་སོའི་སྐད་ཡིག་སྦྱོང་རྒྱུ་གལ་ཆེན་རེད། འཚོ་བར་དཀའ་ངལ་མེད་ཀྱང་སོ་སོའི་སྐད་ཡིག་སྦྱོང་རྒྱུ་གལ་ཆེན་རེད། ཐ་ན་སོ་སོ་ཉམས་ལེན་པ་ཞིག་ཡིན་ན་འདྲ་ལ། སྨན་པ་ཞིག་ཡིན་ནའང་འདྲ། ཆེད་ལས་ལ་ཐད་ཀར་འབྲེལ་བ་མེད་ཀྱང༌། སོ་སོའི་ངོ་རྟགས་སྲུང་ཆེད་སོ་སོའི་སྐད་ཡིག་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང༌།

 

དེའི་རྗེས་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་བགྲོ་གླེང་གོ་བསྡུར་ཙམ་མ་ཡིན་པར་དངོས་ཡོད་ལག་ལེན་ཐོག་གོམ་པ་སྤོ་རྒྱུར་དགོངས་པ་བཞེས་དགོས་པའི་སྐོར་གསུངས་དོན། རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་འདིར་གཙོ་བོ་མི་རིགས་སུ་ཞིག་ཡིན་རུང༌། སོ་སོའི་མ་སྐད་དེ་མ་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་རེད། བོད་ཀྱི་སྐད་ཡིག་དེ་ཐོག་མར་བོད་མི་རིགས་བྱུང་བ་དང༌། དེའི་རྗེས་བོད་ཀྱི་སྐད་ཡིག་ཆགས་པ་སོགས་ཀྱི་འགྱུར་འགྲོས་ཐད་ནས་བཤད་ན། ད་ལྟ་བོད་ཀྱི་སྐད་ཡིག་དེ་ཚད་ངེས་ཅན་ཞིག་དུ་སླེབས་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ལྟ་བུར་མཚོན་ནའང་རྩ་བའི་ཡིག་རྨོངས་སེལ་ཡོད་པ་རེད། འོན་ཀྱང༌། རང་སྐྱ་ཐུབ་པ་ཞིག་ཡོད་དམ་ཟེར་ན་ཁག་པོ་རེད། ད་དུང་ཡར་རྒྱས་ལ་ཤུགས་སྣོན་རྒྱག་དགོས་པའི་བརྒྱུད་རིམ་ཞིག་རེད། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གང་ཞིག་ཡོད་ཟེར་ན། ང་ཚོས་འཛམ་གླིང་སྐད་ཡིག་ཉིན་མོ་གཙི་སྲུང་ཙམ་མ་ཡིན་པར། གནད་དོན་ཞིག་གམ། དམིགས་ཡུལ་ཞིག་གཞིར་བཟུང་སྟེ། དེ་ལ་གོམ་པ་ཇི་ལྟར་རྒྱག་རྒྱུར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

 

ལོ་རྗེས་མ་ལྟ་བུར་མཚོན་ན། སྐད་ཡིག་སྲུང་གཙིའི་ཉིན་མོ་འདིར་ཐད་ཀར་ལག་ལེན་ཐོག་ལ་གོམ་པ་རྒྱག་ཐུབ་རྒྱུར་དགོངས་པ་བཞེས་རྒྱུ་གལ་ཆེན་རེད་སྙམ། སྔོན་མ་གངས་སྐྱིད་ཁུལ་གྱི་ལྷན་ཁང་ཁག་དང༌། ཚོགས་པ་སྒྲིག་འཛུགས་ཁག དེ་བཞིན་ཚོང་ཁང་ཟ་ཁང་སོགས་ཀྱི་སྒོ་བྱང་འགྲིག་མིན་ཐད་སྐད་ཆ་མང་པོ་བྱུང་ཡོད། དེ་དག་ཉིན་མོ་འདི་ལྟ་བུ་དང་བསྟུན་ཏེ། ཁ་ཡོད་ལག་ཡོད་ཀྱིས་ཞིབ་འཇིག་དང་བཅོས་སྒྱུར་གྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད། སོ་སོའི་མིག་མདུན་དུ་ལྷག་ཡོད་པའི་གནད་དོན་ལ་ཁ་ཕྱོགས་ཏེ། ནུས་ཚད་འཇོན་ཚད་ཀྱིས་དངོས་ཡོད་ལག་ལེན་ཐོག་གོམ་པ་རྒྱག་དགོས། དེང་དུས་མཐུན་རྐྱེན་འཛོམས་པོ་རེད། དཔེར་ན། དྲ་རྒྱ་སོགས་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བོད་ཡིག་སྤྱོད་ཐུབ་མིན་གྱི་དཀའ་ངལ་སེལ་ཡོད། གཞོན་སྐྱེས་ཚོས་དྲ་རྒྱ་བརྒྱུད་དེ་ཕན་ཚུན་ལ་ཡི་གེ་གཏོང་བ་དང་གླེང་མོལ་བྱེད་པ་སོགས་སྟབས་བདེ་ཆགས་ཡོད།  དེའི་ཐད་འགན་རྐང་འཁུར་མཁན་ང་ཚོས་ཀྱང་གཞོན་སྐྱེས་ཚོར་ཆེད་དུ་མཐུན་འགྱུར་དང་རོགས་རམ་བྱས་ཏེ། མ་འོངས་པར་ཡང་འདི་ལྟ་བའི་དཔྱད་བསྡུར་བརྒྱུད་དེ། གནད་དོན་དངོས་ལ་ཞུགས་རྒྱུར་འབད་བརྩོན་བྱ་དགོས། ཞེས་གསུངས་བྱུང༌།

 

དེའི་རྗེས་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྩོམ་པ་པོ་དང་རྩོམ་སྒྲིག་པ་དག་གིས་གོ་བསླ་བ་དང་དངོས་ཡོད་སྤྱི་ཚོགས་ལ་ཁ་ཕྱོགས་པའི་རྩོམ་ཡིག་འབྲི་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། འདས་པའི་ལོ་རྒྱུས་ལ་བལྟས་ན། བོད་ཀྱི་སྐད་ཡིག་དེ་གཙོ་ཆེ་ཤས་ནང་པ་སངས་རྒྱས་པའི་ཆོས་ལུགས་དང༌། དེ་དང་འབྲེལ་བའི་རིག་གཞུང་ཐད་བེད་སྤྱོད་བྱས་པའི་སྐད་ཡིག་ཅིག་ཆགས་ཡོད། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དག་ཀྱང༌། ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་དག་རེད། ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དེ་དངོས་ཡོད་སྤྱི་ཚོགས་ནང་དར་ཁྱབ་བྱུང་ཡོད། བོད་ཀྱི་སྐད་ཡིག་ཤེས་མཁན་དེ་ཚོའི་ནང་ལ་མཛུབ་མོ་བཙུགས་ཏེ། སྐྱོན་གང་དུ་ལྷག་པ་དང་ནོར་འཁྲུལ་གང་དུ་བཟོས་པ། སྐད་ཡིག་དར་རྒྱས་ལ་འགོག་རྐྱེན་གང་དུ་འཕྲད་ཡོད་པ་སོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་སྙམ།

 

དཔེར་ན། སྔོན་མ་ངའི་གྲོགས་པོ་བོད་ཡིག་ཕྲན་བུ་ལས་མི་ཤེས་མཁན་ཞིག་གིས། ངེད་ཅག་ལབ་ན་ཅི་རེད། ཅེས་དྲི་བ་བཏོན་བྱུང༌། ངས་ཁོ་ལ་ངེད་ཅག་ལབ་ན། ང་ཚོའི་དོན་རེད་ཅེས་འགྲེལ་བཤད་བརྒྱབས་སྐབས། ཁོས་དེ་ལ་ངེད་ཅག་ཟེར་དགོས་དོན་མི་འདུག ང་ཚོ་ལབ་ན་འགྲིག་གི་རེད་ཟེར། གནད་དོན་དེས་ང་ལ་བློ་སྐྱེད་ལྟ་བུ་བྱུང་སོང༌། རྗེས་སུ་གང་ཐུབ་ཀྱིས་ཡུལ་ལུང་བྱེ་བྲག་པ་མ་ཡིན་པའི་ཐོག་ནས་ཚིག་གོ་བསླ་བའི་རིགས་འབྲི་རྒྱུར་འབད་བརྩོན་བྱས་པ་ཡིན། མི་མང་པོ་ཞིག་གིས་གོ་བསླ་བོ་བྱས་ན་བོད་ཀྱི་སྐད་ཡིག་གི་བྲོ་བ་ཉམས་འགྲོ་བ་རེད་ཟེར་མོད། ང་དང་ང་ལྟ་བུ་ཞིག་ལ་ངས་བྲིས་པའི་རྩོམ་གྱིས་ཕན་ཐོགས་པ་མ་རེད། ང་ལས་དམན་པ་ཞིག་གིས་ངས་བྲིས་པའི་རྩོམ་ཡིག་གོ་མི་ཐུབ། ངས་བྲིས་པའི་རྩོམ་གྱིས་ཕན་མ་ཐོགས་པ་རེད། དེ་བསམ་བློ་གཏོང་ས་གནད་འགག་ཅིག་རེད། ལོ་རབས་བརྒྱད་ཅུའི་དཀྱིལ་ནས་ནས་དུས་རབས་ཉི་ཤུ་མ་རྫོགས་པར་སྙན་ངག་གསར་རྙིང་བརྩད་པ་རེད། དེའི་རྗེས་ནས་ནང་ཆོས་ཀྱི་ཕན་གནོད་གླེང་བ་རེད། དེ་ལ་ཕན་ནུས་ཅུང་རེ་ཡོད་ཀྱང༌། སྤྱི་ཚོགས་ནང་ལ་ཁ་ཕྱོགས་ཐུབ་ཡོད་པ་མ་རེད་སྙམ། ད་ལྟ་སྐད་ཡིག་གཉིས་ཤེས་མཁན་དང༌། དེང་གི་རིག་གནས་ཤེས་མཁན་དག་གིས་བོད་པའི་སྐད་ཡིག་རྒྱུན་གནས་དང་དར་སྤེལ་ལ་ནུས་པ་འདོན་དགོས པ་རེད། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨

མཆན། 7

  1. རྟ་ནག་པའི་ཁྱིམ་གཞིས། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ། མ་འོངས་པར་ང་ཚོས་རང་ནུས་ཅི་ཡོད་ཀྱིས་བོད་ཀྱི་སྐད་ཡིག་སྲུང་འཛིན་བྱ་གི་ཡིན། ཡང་བསྐྱར་ཐུགས་རྗེ་ཆེ།

    Reply
  2. ཡོན་བྷེ། says:
    ལོ་ 17 སྔོན།

    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཛིན་སྐྱོང་གི་ལས་གཞི་འདི་འདྲ་ཞིག་སྤེལ་བ་ལ་ང་བོད་མི་དཀྱུས་མ་ཞིག་གི་དངོས་ནས་རྒྱབ་སྐྱོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མིན་ཁྱེད་ཅག་གི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཆེད་བྱེད་རྒྱུའི་ལས་དཀའི་ཁྲོད་ཕྲན་གྱིས་ཐུབ་ངེས་ཀྱི་ལས་དཀའ་འདྲ་ཡོད་ན་འབྲེལ་བ་བྱོས་དང་རིན་མེད་གླ་མེད་ཐོག་ལྷག་བསམ་དཀར་པོས་སློབ་སྦྱོང་གི་ཞོར་ལ་བསྒྲུབ་ངེས་ཡིན།
    yonbay@yahoo.com
    ཡང་བསྐྱར་ཐུགས་རྗེ་ཆེ།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དུས་ཡུན་རིང་པོ་ཞིག་ནས། ང་ཚོ་གཏམ་བཤད་ལ་གོམས་ཏེ། མི་ཆེ་ཆུང་ཚང་མས་གཏམ་བཤད་རིང་ཐུང་སྣ་ཚོགས་སྤེལ་རྒྱུར་གོམས་པ་དང་། གཏམ་བཤད་ཀྱི་རིམ་པ་གྲོལ་རྗེས་ཡོད་ཚད་མཇུག་རྫོགས་འགྲོ་གི་འདུག འདི་སྤྱི་ཚོགས་ཧྲིལ་བོ་ཞིག་གི་གཤིས་ཀར་གྲུབ། བླ་མ་ཚོས་ཁྲི་ཐོག་ནས་ཆོས་གསུངས། དཔོན་པོ་ཚོས་སྲིད་སྟེགས་ནས་ཆབ་སྲིད་བཤད། མཁས་པ་ཚོས་གཞུང་ལུགས་བཤད། བར་སྐབས་ཤིག་ནས་ང་ལྟ་བུའི་རིགས་ཀྱིས་ཀྱང་མུ་ཅོར་དང་ལབ་རྡོལ་སྣ་ཚོགས་བཤད། མི་མང་པོ་ཞིག་ཚོད་ཚོད་ལ་ཁ་ཇེ་བདེར་སོང་། དེ་བས་གཏམ་བཤད་ལ་ལྷག་པར་དུ་དབྱིངས་འཕར་ཏེ། ཕན་ཚུན་ལ་གཏམ་བཤད་སྤེལ་རེས་བྱས་ནས་དུས་ཚོད་བསྐྱལ།

    དེ་བས་ངའི་འདོད་པ་འགའ་ཞིག་ཉིན་དེར་གྲོས་འདེབས་ལྟ་བུ་བྱས་པ་ཡིན། ངའི་རེ་བ་ལ་སང་ལོ་ནས་བཟུང་ང་ཚོས་གཏམ་བཤད་སྤེལ་མི་དགོས་པར། ཁྲོམ་ལ་ཐོན་ཏེ་མིག་གིས་མཐོང་ས་དང་ལག་པས་སྙོབ་ས་ནས་ལས་ཀ་རེ་བྱེད་དགོས་ཀྱི་འདུག དེ་བཞིན་ང་ཚོའི་སྐལ་བར་ཐོབ་ཅིང་གཞལ་དུ་མེད་པའི་བརྡ་འཕྲིན་གྱི་ནུས་པ་འདི་སྤྱོད་དགོས་ཀྱི་འདུག ཤེས་རིག་བཀའ་བློན་མཆོག་གིས་གཙོས་པའི་འགན་ཡོད་དང་འབྲེལ་ཡོད་ཀྱི་མི་རྗེ་དག་ཀྱང་ང་ཚོ་དང་མཉམ་དུ་ལས་འགུལ་འདིའི་ཁྲོད་དུ་ཞུགས་ན་སྙམ་པ་ཡིན། བོད་ཀྱི་སྐད་ཡིག་གི་ཐད་ནས་ང་རང་ཚོའི་དབང་དུ་ཡོང་བ་དང་ནུས་པས་ལྕོགས་པའི་ལས་ཀའང་རྫོགས་མེད་ཅིག་ཡོད་པར་འདོད་པས་རྒྱལ་སྤྱིའི་ཡུམ་སྐད་ཀྱི་ཉིན་མོ་སྲུང་གཙི་བྱེད་སྟངས་དེའང་ཁ་ཕྱོགས་འདི་འདྲ་ཞིག་ལ་འཁོར་ཐུབ་ན་བསམ་པ་ཡིན་ནོ། །

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རྣམ་པ་ཚོས་རྒྱབ་སྐྱོར་བྱས་པ་ཐུགས་རྗེ་ཆེ། བགྲོ་གླེང་དེ་འཚོགས་ཚར་རྗེས་ངའི་སྣང་བར་རང་གི་རྒྱབ་ཀྱི་ཁུར་བོ་དེ་ཇེ་ཡང་ལ་བཏང་བའི་སྣང་བ་བྱུང་སོང༌། ལྷག་པར་དུ་སྙིང་ནས་བརྩེབའི་གྲོགས་པོ་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་འདི་འཚོགས་ཐུབ་པ་བྱུང་བས་རྣམ་པ་ཚོའང་གོ་སྐབས་འདི་དང་བསྟུན་ནས་ཐུགས་རྗེ་ཆེཞུ་བ་ཡིན།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    འདི་ལྟ་བུའི་སྒྲོག་གླེང་ཡང་ཡང་འཚོགས་ན་དགེ་མཚན་ཆེ་པོ་འདུག
    དེ་མིན་ཆེན་པོ་ཚོས་སྐད་ཆ་དག་ལ་སྙིང་བོ་ཅི་མེད་པ་རེད། ཁོ་པ་ཚོས་ར་མ་ལུག་གི་སྐད་ལྟ་བུར་བཤད་ནས་མཁས་མཉམ་སྟོན་རྒྱུ་ལས་མེད།
    ལྷག་པར་དུ་ད་ཐེངས།《་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་བགྲོ་གླེང་གོ་བསྡུར་ཙམ་མ་ཡིན་པར་དངོས་ཡོད་ལག་ལེན་ཐོག་གོམ་པ་སྤོ་རྒྱུར་དགོངས་པ་བཞེས་དགོས་པའི་སྐོར》གསུངས་པ་གནད་དུ་འཁེལ་བ་ཞིག་རེད།

    Reply
  6. སྒྲོལ་མ། says:
    ལོ་ 17 སྔོན།

    ༄༅། ། གྲོས་གཞི་རུ་ཕུལ་བ། ངའི་བསམ་ཚུལ་ཞིག་ལ་བོད་ཀྱི་ཐ་སྙད་གཅིག་གྱུར་མི་ཡོང་བའི་གནད་གཅིག་འདི་ན་འདུག་སྙམ།
    རང་གིས་ཉེ་ལམ་དྲྭ་ཐོག་ཏུ་སྤེལ་བའི་ཟིན་བྲིས་ང་དང་ཀྲུང་གོ་པའི་སྐྲག་སྣང་ཞེས་པ་དང་ཀྲུང་གོའི་དངོས་སྐྱེལ་གྲུ་གཟེངས་ཞེས་པའི་མཇུག་ཏུ་ཀློག་མཁན་གྲོགས་པོ་རེ་ཟུང་གིས། ཀྲུང་གོ་ཞེས་པ་འདི་རྒྱ་ཡིག་རེད། རྒྱ་ནག་ཅེས་ཕྲིས་དང༌། འོ་ན་བོད་ལ་ཤིས་ཙང་ཞེས་འབྲི་རྒྱུ་ཡིན་ནམ། ཞེས་དང༌། ཀྲུང་ གོ་ལ་རྒྱ་ནག་ཅེས་བརྗོད་ན། བོད་ལ་ཤིས་ཙང་ཞེས་འབྲི་དགོས་པའི་བཙན་བཀའ་དེ་སུ་ཡིས་བཏང་ངམ། རང་རེ་ལ་སྐད་ཡིག་ཐུན་མོང་མ་ཡིན་པ་ཞིག་ཡོད་བཞིན་དུ་རྒྱའི་སྐད་ཡིག་ངེས་པར་དུ་ བཀོལ་སྤྱོད་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། བོད་རང་ས་ནས་རྒྱའི་སྐད་ཡིག་མང་པོ་ཞིག་སྣང་མེད་ངང་བེད་སྤྱོད་བཏང་དང་གཏོང་ བཞིན་པའི་མཇུག་འབྲས་ལ་བོད་ཀྱི་ཐ་སྙད་མང་པོ་ཞིག་རྩ་ཡལ་ལྟ་བུར་ཕྱིན་པ་མིན་ནམ། ཞེས་སྤེལ་ཡོད་པ་འདི་དག་གིས་བདག་ལ་བསམ་གཞིགས་སྣ་ཚོགས་ཤིག་བྱེད་པའི་རམ་འདེགས་ ཐོབ་པ་མ་ཟད། དོགས་གཞི་མང་པོ་ཞིག་གི་སྒོ་གླེགས་ཀྱང་བྱས་སོང་བས་གྲོགས་པོ་དེ་དག་ལ་སྙིང་ནས་ བཀའ་དྲིན་ཆེ་ཞུ་བར་མ་ཟད། ཕྱིན་ཆད་ཀྱང་འདི་ལྟ་བུའི་དགོངས་འཆར་ལྷུག་བརྗོད་གནང་བའི་རེ་བ་ཆེ། བདག་གིས་ཟིན་བྲིས་རེ་ཟུང་བཀོད་པ་ནི་རང་ཉིད་རྒྱལ་འདོད་དང་གཞན་ལ་རྒོལ་འདོད་རྐྱང་བའི་ཆེད་མ་ཡིན་པར་རང་ གི་ཞན་ཆ་གང་ཡིན་ངོས་ཟིན་པ་དང་གཞན་གྱི་ཞན་ཆ་ལའང་དྲན་སྐུལ་རེ་བྱེད་ཨེ་ཐུབ་ སྙམ་པའི་སེམས་འདུན་གྱིས་སྤེལ་བ་ལགས་ན། སྤུན་གྲོགས་ཡོངས་ཀྱིས་ཀྱང་དེ་ལྟར་དགོངས་འཇགས་གནང་ནས་མཛུབ་སྟོན་ཡོད་པར་ཞུ། ཡིན་ནའང༌། སྐྱོན་བརྗོད་ཡོངས་རྫོགས་ལ་ལགས་སོ་ཞེས་པའི་ལན་འདེབས་རྐྱང་བྱས་ན་སྐབས་འགར་རང་ གི་ཞན་ཆ་གང་ནས་བྱུང་བ་གསལ་བོ་མི་རྟོགས་པས་མཚམས་ལན་རེར་རང་གི་འདོད་འདུན་དང་ བསྟུན་པའི་ལན་རེའང་ཕུལ་བ་ཡིན་ལ། དུས་དེར་དཔྱོད་ལྡན་དག་གིས་ཐུགས་ཁྲེལ་མི་བཞེས་པར་ལྷག་པར་ཡང་མ་དག་པའི་ཉེས་ སྐྱོན་ཁ་གསལ་གོ་བདེ་ཡིས་ངོ་སྤྲོད་གནང་རྒྱུ་མཁྱེན་མཁྱེན་ཞེས་ཀྱང་སྙིང་ནས་ཞུ་བ་ལགས་སོ།།

    འདི་དག་ནི་ཞར་བྱུང་དུ་འཕྲོས་ནས་ད་ནི་བརྗོད་དོན་དངོས་དེ་ཞུས་ན་གོང་གི་གནད་ དོན་དེ་རིགས་ཇི་ལྟར་ལེགས་བཅོས་དང་ཐག་ཆོད་ཡོང་བའི་ཐད་ལ་བཤད་མི་ཤེས་པའི་གནད་ འགག་གལ་ཆེན་ཞིག་མཆིས་པ་འདྲ་བས་དཔྱོད་ལྡན་སྤུན་གྲོགས་ཚོར་གྲོས་སུ་ཞུ་འདོད་པ་ ལགས།
    རྒྱ་ ནག་གཞུང་འབྲེལ་དང་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་སྒེར་གྱིས་བཀོལ་བའི་ཐ་སྙད་མི་ མཐུན་པས་བོད་ཀྱི་ཐ་སྙད་གཅིག་གྱུར་ལ་གནོད་ཚབས་ཐེབས་པ་མ་ཟད། གོ་བརྡ་སྤྲོད་པའི་ཐད་ནས་ཤིན་ཏུ་དཀའ་ཁག་ལ་འཕྲད་པར་འདུག དཔེ་ཞིག་གི་སྟེང་ནས་གསལ་བཤད་བྱས་ན་དེ་སྔོན་ངའི་ཟིན་བྲིས་ཤིག་གི་མཇུག་ཏུ་ ཡུན་ནན་བདེ་ཆེན་དུ་ཞེས་བཀོད་པར་ཀློག་མཁན་གྲོགས་པོ་ཞིག་གིས་ད་ལྟ་ཁྱེད་ ཀྱི་གནས་ཡུལ་ས་ཆ་དེར་བདེ་ཆེན་ནམ་རྒྱལ་ཐང་ཞེས་ཉིད་ཀྱིས་གསུངས་པ་ལྟར་ཆོག་མོད། དེ་ལ་ཡུན་ནན་ཞེས་བཙན་གྱིས་འབོད་དགོས་དོན་ཨེ་ཡོད་སྙམ། ཞེས་བརྗོད་འདུག སྐབས་དེར་ཡང་ངས་བསམ་གཞིགས་ཡང་ཡང་བྱས་ལ། ད་ལྟའང་འདང་རེ་བརྒྱབས་ན། ངས་གསལ་བཤད་ཅིག་ཞུ་དགོས་པ་ནི་གལ་སྲིད་ཡུན་ནན་མི་ཟེར་བར་རྒྱལ་ཐང་ཞེས་ བཀོད་ན། གཅིག་ནས་བདེ་ཆེན་ཁུལ་ཙམ་ཡོད་སའི་ས་གནས་དེ་ལས་བདེ་ཆེན་གྱི་རྫོང་གཞན་དག་ལ་ ཁྱབ་མི་ཐུབ་པས་རང་ཉིད་གནས་ས་ནི་ཁུལ་ཐོག་མ་ཡིན་པའི་ས་དེར་ལྷག་པར་ཡང་གོ་མི་ ནུས་པ་དང༌། གཉིས་ནས་རྒྱལ་ཐང་ཞེས་པ་ནི་བོད་གནའ་བོའི་མིང་ཞིག་ཡིན་ནའང་ ད་ལྟ་བཀོལ་སྤྱོད་མ་བྱས་པའི་དབང་གིས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཆེ་ བའི་རིགས་དང་ཁོང་ཚོའི་ས་ཆའི་མིས་མ་གཏོགས་ས་ཆ་གང་ཕྱོགས་ཤིག་ཡིན་པ་གཏན་ནས་གོ་ དཀའ་ཚོད་རེད། ཡང་བདེ་ཆེན་ཞེས་བཀོད་ན་ལེགས་པ་འདྲ་ཡང་ལྷ་སའི་བདེ་ཆེན་ རྫོང་ཞེས་པ་དེ་དང་གོ་ནོར་འབྱུང་ཉེན་ཆེ་བའི་སྐོར་ཞིག་བདག་གི་ལྷ་སའི་གྲོགས་པོ་ཞིག་གིས་ལབ་བྱུང༌། ཤམ་བྷ་ལའམ་སེམས་ཀྱི་ཉི་ཟླ་ཞེས་བཀོད་ན་བོད་རང་ གི་ལོ་རྒྱུས་དང་མི་མཐུན་པ་ཞིག་ཨེ་ཡོང་སྙམ་པའི་དོགས་པ་རབས་དང་རིམ་པར་མཆེད་ པས་སོམ་ཉི་མང་པོའི་ཀློང་ནས་འུ་ཐུག་ཐབས་ཟད་ལྟ་བུར་གྱུར་ནས་ཤམ་བྷ་ལའམ་སེམས་ཀྱི་ཉི་ཟླ་ཞེས་བཀོད་ན་བོད་རང་གི་ལོ་རྒྱུས་དང་མི་མཐུན་པ་དང་ཡུན་ནན་བདེ་ཆེན་ཞེས་ བཀོད་ནའང་བོད་ཀྱི་ལོ་རྒྱུས་དང་མི་མཐུན་པར་འདྲ་ནའང་ད་ལྟའི་དུས་སུ་རྒྱུགས་ཆེ་ བའི་ཐ་སྙད་ཡུན་ནན་བདེ་ཆེན་ཞེས་བཀོད་ན་གྲོགས་པོ་མང་པོ་ཞིག་གིས་ཤེས་རྟོགས་ འབྱུང་སླ་སྙམ་པའི་བསམ་ཚུལ་གློ་བུར་བ་ཞིག་གིས་དེ་ལྟར་བཀོད་པ་ལགས་མོད། ད་ལྟ་ཞིབ་འདང་རེ་བརྒྱབས་ན་དེའང་བླུན་པོ་གྲགས་རྗེས་འབྲངས་པའི་ནོར་འཁྲུལ་ཞིག་ཏུ་སོང་ཡོད་འདུག་སྙམ་པའི་ཞན་ཆ་དེ་ངོས་ཟིན་ནའང་ད་དུང་ཐ་སྙད་གང་བཀོད་ན་ཡང་དག་ཡིན་པའི་ངེས་པ་རྙེད་ མ་བྱུང་བས་སྤུན་གྲོགས་དག་ལ་དོགས་གཅོད་གནང་བའི་གྲོས་གཞི་རུ་ཕུལ་བ་ལགས།

    དེ་མིན་གོང་བཤད་ལྟར་ཀྲུང་གོ་ཞེས་པའི་ཐ་སྙད་ལ་དབྱེ་ཞིབ་ཅིག་བྱས་ན། བོད་ནང་དུ་འགྲེམས་སྤེལ་བྱེད་པའི་རྒྱ་ནག་གཞུང་འབྲེལ་བོད་ཡིག་ཡིག་ཆ་དག་ལས་ནམ་ ཡང་ཀྲུང་གོ་ཞེས་བཀོད་པ་ལས་རྒྱ་ནག་ཅེས་བཀོད་མི་སྲིད་ལ།༼འདིའི་རྒྱུ་མཚན་ཞིབ་བརྗོད་མ་བྱས་ཀྱང་སྤུན་གྲོགས་དག་གིས་མཁྱེན་སྲིད་པས་གསལ་འགྲེལ་གྱི་ངལ་བ་མ་བྱས།༽ བོད་ མི་ཤེས་ཡོན་ཅན་གྱི་མི་སྒེར་རེ་ཟུང་གིས་རྒྱ་ནག་ཅེས་བཀོལ་ནའང་བོད་མི་ཕལ་ཆེ་ བས་རྒྱ་ནག་དང་ཀྲུང་གོ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་ཐུབ་ཀྱིན་མེད་པ་ འདྲ་སྟེ། བོད་མི་ཚོར་མི་ལོ་ལྔ་བཅུ་ཡས་མས་ཤིག་ལ་ཀྲུང་གོ་རྒྱལ་ཁབ་ཧ་ཅང་ཆེ།། མི་རིགས་ལྔ་བཅུ་ང་དྲུག་ཡོད།། ཅེས་གོ་བརྡ་སྤྲད་དེ་ཁ་བྱང་ལག་བྱང་དུ་སོང་དྲགས་པའི་བག་ཆགས་ཀྱིས་ད་ལྟ་བོད་མི་ མང་ཆེན་ཞིག་ལ་གོས་ཡོད་པ་འདྲ་བས་བསམ་ཞིབ་བྱེད་མཁན་རེ་ཟུང་མ་གཏོགས་རྒྱ་ནག་ ཅེས་བྲིས་ན་རྒྱ་རིགས་རྐྱང་པར་གོ་ཐུབ་ཀྱང་ཀྲུང་གོ་ཞེས་བྲིས་ན་དེ་ལས་ཆེན་པོ་ཞིག་ཏུ་གོ་འགྲོ། ཡང་བྱེས་བགྲོད་བོད་མི་ཡོངས་ཀྱིས་ཀྲུང་གོ་དང་རྒྱ་ནག་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་སྟེ། ཀྲུང་གོ་ཞེས་པ་རྒྱ་སྐད་དང་རྒྱ་ནག་ཅེས་པ་བོད་སྐད་དུ་གོ་བར་བྱེད། དོན་ངོ་མའི་གནས་ཚུལ་ལས་བཤད་ན་བྱེས་བགྲོད་བོད་མིའི་གོ་བ་དེ་རྣལ་མར་སོང་འདུག་ པས་རང་ཡིད་འཐད་པའི་མགོ་ལྕོག་ལྡེམ་ཞིང་ལག་ལེན་དངོས་འབེབས་བྱས་ན་བཟང་བར་སྙམ་ཡང༌། བོད་ཁུལ་ས་ཆ་སོ་སོ་ནས་དེ་ལྟར་ལག་ལེན་བྱེད་མི་ཐུབ་པར་བསམས་ན་ཁ་སྟོང་ནང་གི་ ཚིག་སྟོང་དུ་སོང་ནས་གྲུབ་འབྲས་ལེགས་པོ་འཐོབ་སྲིད་དམ་སྙམ་པའི་དོགས་པ་ཡོང་གི་འདུག དེའི་རྒྱུ་རྐྱེན་གཙོ་བོ་ཡང་བོད་སྤྱི་ཚོགས་དངོས་ལ་གཞིགས་ནས་བཤད་ན། ད་རུང་རྒྱ་ནག་གཞུང་འབྲེལ་ཡིག་ཆ་དག་ལ་ཁྱབ་རྒྱ་ཅུང་ཆེ་བས་གཞུང་འབྲེལ་ཡིག་ཆ་ དག་ལས་མི་བཀོལ་བའི་ཐ་སྙད་རིགས་དག་ནི་མི་སྒེར་རེ་ཟུང་གིས་བཀོལ་ཀྱང་ཡོངས་ཁྱབ་བྱེད་དཀའ་ལ། དེ་ལས་ཀྱང་གོ་བ་གཞན་ཞིག་ཏུ་ལེན་སྲིད་པའང་ཡོད་འགྲོ།

    ཀྲུང་གོ་ཞེས་པ་དཔེ་མཚོན་ཙམ་དུ་དྲངས་པ་ལས་དེ་མཚུངས་ཀྱི་རྒྱ་ནག་གཞུང་འབྲེལ་ གྱིས་གཏན་ཕབ་བྱས་པའི་ཐ་སྙད་བོད་རང་གི་སྐད་ཡིག་དང་མི་མཐུན་པ་མང་པོ་འདུག་པས་ གཞུང་འབྲེལ་གྱིས་བཀོལ་བའི་ཐ་སྙད་དང་མི་སྒེར་གྱི་བཀོལ་བའི་ཐ་སྙད་གཉིས་བར་ གཅིག་གྱུར་ཡོང་ཐབས་མེད་ལ། གལ་སྲིད་གཅིག་གྱུར་མ་ཡོང་ན་བོད་རང་གི་སྐད་ཡིག་ཉམས་ཞན་དུ་འགྱུར་བའི་གནད་དོན་ དུ་འགྲོ་ངེས་སྙམ་པས། གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་འོས་པའི་ཐད་ནས་དགོངས་འཆར་གང་མང་རེ་གནང་ རོགས་ཞུ།
    དོགས་ པ་ཁོང་སློང་གི་ཚུལ་དུ་ཡང་གཅིག་བཤད་ན། རྒྱ་ནག་ལ་བསྟུན་དགོས་མེད་པར་རང་གི་སྐད་ཡིག་རང་གིས་བེད་སྤྱོད་བྱས་ན་རེད་ཅེས་ སེམས་སྲིད་ཀྱང༌། གནས་སྐབས་རྒྱ་ནག་དང་མ་བསྟུན་པའི་རང་གི་སྐད་ཡིག་རང་གིས་སྤྱོད་རྐྱང་མིན་པ་ དང༌། ལྷག་པར་བོད་ནང་གི་སྤྱི་ཚོགས་དངོས་ལ་ཁྱབ་ཆེ་བའི་རླུང་འཕྲིན་དང་བརྙན་འཕྲིན། དུས་དེབ་དང་ཚགས་པར་སོགས་ལས་ཀྱང་མང་ཆེན་ཞིག་གཞུང་འབྲེལ་ཡིན་པ་དེ་དང་མི་ བསྟུན་པའི་མི་སྒེར་གྱི་ཐ་སྙད་རིགས་རྣམས་བོད་ཁུལ་ཡོངས་སུ་ཁྱབ་མི་ནུས་ལ། དེ་བས་ཀྱང་མི་སྒེར་ཤེས་ཡོན་ཅན་དག་ལ་མཚོན་ནའང་རང་རང་གི་འདོད་འདུན་དང་ཁོར་ ཡུག་ལ་ཤུགས་ཆེར་བསྟུན་པས། ཆེ་ཕྱོགས་ནས་བཤད་ན་དེང་རབས་ཐ་སྙད་གསར་བའི་རིགས་ལ་མདོ་དབུས་ཁམས་གསུམ་གྱི་ ཤེས་ཡོན་ཅན་རྣམས་ཀྱི་བཀོལ་སྤྱོད་བྱེད་པ་མི་འདྲ་བའི་དབང་གིས་ཡོངས་ཁྱབ་ཀྱི་ གེགས་སུ་སོང་འདུག
    བསམ་ གཟས་ནས་ལྡོག་བརྗོད་བྱེད་པ་ཚོས་ཐ་སྙད་མང་ན་ལྷག་ཏུ་བཟང་བར་བཤད་སྲིད་ཀྱང༌། ཡུལ་ལུང་རེ་རེ་ནས་ཐ་སྙད་དང་སྐད་ཆ་མི་འདྲ་བ་མང་པོ་བཀོལ་སྤྱོད་བྱས་དྲགས་པའི་ དབང་གིས་ད་ལྟ་ང་ཚོས་སྤྱི་སྐད་ཅིག་འདེམས་དགོས་ནའང་ཅི་འདྲའི་འཐེན་འཁྱེར་མང་ པོ་བྱེད་དགོས་ཨང༌། ད་དུང་མུ་མཐུད་དུ་ཐ་སྙད་གསར་བ་དག་ལའང་གཅིག་གྱུར་མ་བྱུང་ཚེ་བོད་ཀྱི་སྐད་ཡིག་ ངང་ངམ་ཤུགས་ཀྱིས་འཐོར་ཞིག་ཏུ་གྱུར་ཨེ་འགྲོ་སྙམ་ནས་སེམས་པ་བདེ་མི་ནུས་པའི་ དེ་སྐད་ཞུས་པ་ལགས་སོ།།
    གནས་ སྐབས་འདི་ཙམ་གྱིས་འཐུས་པར་བྱ་ལ་ད་དུང་མུ་མཐུད་དུ་ཕྱོགས་འདིར་བསམ་བློ་བཏང་ ནས་ཁ་གསབ་བྱེད་དགོས་པའི་རིགས་དག་དྲན་ཡོང་ན་དུས་ལྟར་སྤུན་གྲོགས་དག་ལ་གྲོས་ སུ་འབུལ་ངེས་པས་ཁྱེད་མཁྱེན་དཔྱོད་ཡངས་པའི་སྤུན་གྲོགས་དག་གིས་ཀྱང་ཐུགས་ངལ་ལ་ མི་འཛེམས་པར་མཛུབ་སྟོན་གནང་རྒྱུར་ཡང་དང་ཡང་དུ་རེ་ཞུ་བྱས་པ་ཡིན།
    ཞེས་ ཕྱི་ལོ་༢༠༠༩ཟླ་༢ཚེས་༢༡སྟེ་འཛམ་གླིང་སྐད་ཡིག་དུས་ཆེན་གྱི་ཉིན་རང་གི་སྐད་ཡིག་ དང་འབྲེལ་བའི་གྲོས་གཞི་ཞིག་ཞུས་པ་འདི་ཡང་སྐད་ཡིག་ཉམས་མེད་གོང་འཕེལ་འབྱུང་ བའི་རྒྱུ་རུ་ལན་བརྒྱར་སྨོན།

    སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༡ ཉིན་འབའ་མཁྱེན་དཔལ་ནས་ཕུལ།

    Reply
  7. སྒྲོལ་མ། says:
    ལོ་ 17 སྔོན།

    འདི་ན་ཧ་ཅང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་རེད ། བྱ་འགུལ་གོ་སྒྲིག་བྱེད་མཁན་དང་ཚོགས་བཅར་བ་ཡོངས་ལ་སྙིང་ཐག་བ་ནས་ཐུགས་རྗེ་ཆེ་ཞུ ། གཤམ་དུ་སྐུ་ཞབས་འབའ་མཁྱེན་དཔལ་ལགས་ཀྱིས་རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་སྟེང་ཕུལ་བའི་གྲོས་གཞི་གལ་ཆེན་ཞིག་འདིར་བཀོད་ཆོག་བའི་དགོངས་འཁྲོལ་ཡོང་བར་ཞུ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese