མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟོན་བཞི་འཇུག་ལྡོག་མ་བྱེད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

རྟོན་བཞི་འཇུག་ལྡོག་མ་བྱེད།

ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་འཆར་ཅན་ལྟར་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སུ་ཟུར་ཉན་དུ་བཅར་བ་ཡིན། བཀུར་འོས་པའི་སྤྱི་འཐུས་རྣམ་པའང་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང༌། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཉིས་སྟོང་དགུ་ལོའི་སྔོན་རྩིས་ཡིན་སྟབས། མཛད་རིམ་ལག་ཏུ་རག་མ་ཐག་བམ་ཀློག་ཐེངས་གཅིག་བྱས་པ་ཡིན། མཛད་རིམ་གྱི་ཐིག་ཕྲེང་དང་པོར་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག ༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང༌། ཞེས་བཀོད་འདུག་པ་མཐོང་མ་ཐག དགའ་སྣང་དང་སྐྱོ་སྣང༌། སེམས་འཚབ་བཅས་ལྷན་དུ་སྐྱེས་ཤིང༌། དེ་དང་མཉམ་དུ་གྲོས་ཚོགས་ཁང་གི་ཕྱི་ནང་བར་གསུམ་དུ་སྤྱི་འཐུས་རྣམ་པ་ཡང་ནམ་རྒྱུན་དང་མི་འདྲ་བར་བྲེལ་འཚུབ་དང་གཟབ་ནན་གྱི་རྣམ་པ་ཞིག་མངོན་ཡོད་པའི་སྣང་བ་ཤར།

 

དམངས་གཙོ་སྔར་ལས་ལྷག་པར་དོན་སྙིང་ལྡན་པ་ཡོང་ཆེད། གྲོས་ཚོགས་ཀྱི་འཐུས་མི་དང་ལས་རིམ། ལམ་སྲོལ་བཅས་ཀྱི་གནས་ཚད་གོང་མཐོར་གཏོང་ཐབས་ལ་སྒོ་ཀུན་ནས་འབད་གལ་ཆེ་བ་དང༌། གཞིས་བྱེས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་སྨན་ངེས་ཀྱི་ལས་གཞི་ཁག་ལ་འོས་འཚམས་ཀྱི་སྟངས་འཛིན་གཏན་འབེབས་བྱ་ཕྱོགས་ལ་བློ་གྲོས་བཏོན་ཏེ། གྲོས་ཚོགས་དོན་དང་ལྡན་པ་ཡོང་དགོས། དམངས་གཙོའི་ཀ་བ་གསུམ་གྱི་སྡེ་ཚན་སོ་སོས་རང་རང་གི་འགན་དབང་ངོས་འཛིན་འཕྱུག་མེད་དང་འབྲེལ་རྣམ་དཔྱོད་ཀྱི་ནུས་པ་ཡོད་རྒུ་རྩལ་སྤྲུགས་བྱེད་དགོས། ཞེས་འདི་ནི་ན་ནིང་ཟླ་གསུམ་པའི་ཚེས་བརྒྱད་ཉིན་༧གོང་ས་མཆོག་གིས་གྲོས་ཚོགས་ལ་ཆེད་དུ་བསྩལ་བའི་གསུང་འཕྲིན་གྱི་སྙིང་དོན་རེད། ཨང་དང་པོ། གྲོས་ཚོགས་འཐུས་མི་དང་ལམ་སྲོལ་གྱི་གནས་ཚུལ་གོང་མཐོར་གཏོང་དགོས་པ། ཨང་གཉིས་པ། གཞིས་བྱེས་བོད་མིའི་འཕྲལ་དང་ཕུགས་ཀྱི་བདེ་སྐྱིད་ཆེད་དུ་ལས་གཞི་གཏན་འབེབས་བྱ་དགོས་པ། ཨང་གསུམ་པ། དམངས་གཙོའི་བཀའ་བ་གསུམ་གྱིས་རང་རང་གི་འགན་འཁྲི་དང་དབང་ཚད་ནོར་འཕྱུག་མེད་པའི་ཐོག་འཆར་འགོད་བྱ་དགོས་པ་བཅས་གལ་བོ་ཆེ་ལ་ནན་ཏན་གྱིས་གསུངས་ཡོད།

 

དེ་རིང་༧གོང་ས་མཆོག་གིས་བསྐྱར་དུ། བོད་མིའི་ཛ་དྲག་གི་གནས་བབ་དང་ཞི་བའི་སྒེར་ལངས་ལ་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་ཀྱིས་གྲོས་ཆོད་དང་གདུང་སེམས་མཉམ་སྐྱིད་བྱས་པ་བོད་མིའི་སྙིང་སྟོབས་སྤེལ་བའི་ཆ་རྐྱེན་དང་རྩ་དོན་ལ་ཕན་ཐོགས་བྱུང་ཡོད། ཅེས་བོད་དོན་གནས་བབ་ལ་གདེང་འཇོག་བསྐྱར་དུ་བྱས་ཤིང༌། བོད་པའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཞན་གྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ལ་འབྲེལ་བ་བཙུགས་ཏེ། བོད་དོན་དྲིལ་བསྒྲགས་དང་འབྲས་བུ་ཐོན་ངེས་ཀྱི་རྒྱབ་སྐྱོར་འཚོལ་དགོས་པའི་རྟིང་བསྐུལ་བྱས་ཡོད། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གིས་མི་རིགས་ཤིག་གི་འཐབ་རྩོད་ལས་འགུལ་རྣམ་གྲངས་ཁྲོད། ཆེས་གལ་འགངས་ཆེ་བར་གཟིགས་པའི་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང༌། དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་གཉིས་ལས་༧གོང་ས་མཆོག་གིས་སྔ་མ་བདམས་ཏེ། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་འདེད་བཏང་ཡོད།

 

ད་དུང༌། ཆེས་གལ་གནད་ཆེ་བ་ནི། གྲོས་ཚོགས་རིམ་པར་རྟིང་གནོན་ཡང་ཡང་གནང་མྱོང་བའི་བཙན་བྱོལ་བོད་མིའི་དམངས་གཙོའི་གནས་བབ་འདི་རེད། དམངས་གཙོའི་འཕེལ་རིམ་གོང་མཐོ་དང༌། ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་དམངས་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས། ཞེས་གངས་ཅན་དཀྱིལ་གཞུང་ན་གཉུག་མར་གནས་པའི་ལམ་སྲོལ་ཏེ། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ། དོན་ལ་མི་རྟོན་ཚིག་ལ་རྟོན་པ། ངེས་དོན་ལ་མི་རྟོན་དྲང་དོན་ལ་རྟོན་པ། ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན་པའི་འཇུག་ལྡོག་གི་རིམ་པ་དེར་ཐེར་འདོན་བྱས་ཤིང༌། བཀའ་ཤག་དང་སྤྱི་འཐུས་ཁྲིམས་ཞིབ་བཅས་དམངས་གཙོའི་ཀ་བ་གསུམ་ནང་ཁུལ་གྱི་ལས་དོན་རེ་ཟུང་དང༌། ལྷག་པར་དུ་གྲོས་ཚོགས་རིམ་པའི་སྐབས་བཀའ་སྤྱི་གཉིས་གདོང་ཐུག་ཡང་ཡང་རྒྱག་གིན་ཡོད་པའི་གུ་དོག་དཀྱེལ་ཆུང་གི་གཤིས་ཀར་སྡིགས་རའི་ཚུལ་དུ། གུ་ཡངས་དཀྱེལ་ཆེའི་སྒོ་ནས་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་གྲོས་བསྡུར་བྱ་དགོས་པའི་རེ་འདུན་ནན་གྱིས་བཏོན་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    མཆན་བུ་ཚང་མ་བྐླགས་པ་ཡིན། བསྟན་འཛིན་ལགས་ཀྱིས་བསམ་ཚུལ་ཡག་པོ་གསུངས་འདུག
    དག་ཆ་དང་ཡིག་ནོར། སྡེབ་སྦྱོར་གསུམ་ལ་ཉན་འཇོག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དུས་བབ་ཡར་རྒྱས་སོང་ན། ཁྱོད་དགའ་། ང་སྐྱིད། སྤྱི་ལ་ཕན།
    འདིའི་དབར་ན་གཅིག་གིས་གཅིག་ལ་ཕྲག་དོག་ཟེར་བ་འདྲ་བོ་དང་མ་དགའ་བ་འདྲ་བོ་ཟེར་རྒྱུའི་སྐད་ཆ་ལྷག་མི་འདུག དེ་ལས་ནོར་བ་ཡོ་བསྲང་བྱེད་རོགས།
    དུས་བབ་ཀྱི་ངོས་སུ་ཡིག་ནོར་ཇེ་མང་ནས་ཇེ་མང་ལ་འགྲོ་གིན་ཡོད་པའི་གནས་སྟངས་འདི་ལ་ངེད་ཀྱི་མཐོང་ཚུལ་ནི།
    གསར་འགོད་པ་ཚོའི་གྲངས་ཉུང་བ་། ལས་བྲེལ་ཆེ་བ་དང་ལས་ཀར་གཟབ་ནན་མ་ཡོང་བ། གསར་འགྱུར་རེ་རེ་བཞིན་ཡང་ནས་བསྐྱར་དུ་བལྟ་ཁོམ་མ་བྱུང་བ་རེད་བསམ་གྱི་ཡོད།
    གཞན། གསར་འགོད་པ་ཚོ་ཡི་གེའི་དག་ཆ་ཚུན་ལ་དཀའ་ངལ་ཡོད་མཁན་དེ་འདྲ་ནི་མིན་སྙམ།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ཡིག་ནོར་ཡོད་ན་དག་ཡིག་ལ་ལྟོས། གཞན་གྱིས་ནོར་བཅོས་གནང་བར་ལམ་སང་ཐུགས་རྗེ་ཆེ་ཞུ་མི་ཐུབ་ཀྱང་ཨེ་ཐུབ་ལ་འབད་པ་བྱོས། ཨུ་ཚུགས་ཚ་བོ་མ་གནང་། འདི་པཱ་ལེ་བ་ཞིག་གིས་མ་འོངས་པའི་མཁས་པ་ཚོར་ཕུལ་བའི་སེམས་གཏམ་ཡིན།

    Reply
  3. བསྟན་འཛིན says:
    ལོ་ 16 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    ངས་ནི་མ་མཐོང་ཁྱེད་ལ་མ་དགའ་བ་བྱེད་དགོས་གང་ཡང་མེད། ང་ནི་ཁྱེད་རང་ལྟ་བུས་དུས་བབ་སྟེང་ཡིག་ནོར་བརྡ་ནོར་སྤེལ་བ་ལ་སུན་ནས་ཐེར་འདོན་བྱེད་དུ་སླེབས་པ་ལས། གཞན་གྱི་དམིགས་ཡུལ་གང་ཡང་མེད། དཔེར་ན། གོང་དུ་སྤེལ་ཡོད་པའི་བསམ་ཚུལ་ནང༌། ཟེར་ཚད་ལ་བདེན་ཁ་༼བསྟེར༽་ཞེས་བྲིས་འདུག་པ་ཁྱེད་ནོར། ཟེར་ཚད་ལ་བདེན་ཁ་༼སྟེར༽་ཞེས་འབྲི་བ་དག་པ་ཡིན། ངེད་རང་གིས་ཨམ་སྐད་མི་ཤེས་སྟབས། ཞོགས་ཡང་ཞེས་པའི་དོན་མ་གོ ཕལ་ཆར་ང་ནི་མི་ཨུ་ཚུགས་ཚ་པོ་ཞིག་ཡིན་ཟེར་གྱི་ཡོད་མཆི། རང་༼སྐྱ༽ཐུབ་པ་ཞེས་བྲིས་པ་ཁྱེད་ནོར། རང་༼རྐྱ༽ཐུབ་པ་ཞེས་འབྲི་བ་དག དག་ཡིག་གསར་༼སྒྲིག༽ཅེས་བྲིས་པ་ཁྱེད་ནོར། ད་ལྟ་ཁྱེད་རང་གི་མདུན་ཅོག་སྟེང་ཡོད་པའི་དག་ཡིག་དེའི་ཁ་བྱང་ལ་དག་ཡིག་གསར་༼བསྒྲིགས༽ཞེས་བྲིས་འདུག་པར་ལྟོས་དང་དེ་དག བགད་མོ་ཞེས་པ་ཁྱེད་ནོར། ༼གད༽་མོ་ཞེས་མིང་ཚིག་གིས་བསྙད་པ་ལས་བྱ་ཚིག་གིས་བསྙད་སྲོལ་བོད་པའི་བརྡ་ལ་མེད། འདི་འདྲ་རེད། མདུན་ཅོག་སྟེང་ན་དག་ཡིག་དང་ཚིག་མཛོད་བཞི་ཡོད་བཞིན་དུའང༌། ཡིག་ཕྲེང་དྲུག་གི་ནང་འདིར། ཡིག་ནོར་སྤེལ་སྟངས་ལ་བལྟས་ན། གད་མོ་ཤོར་ན་ཤོར་རྒྱུ་དེར་འདུག་སྟེ། ཁྱེད་རང་ནི་མདུན་གྱི་དག་ཡིག་དེ་ཚོ་དང༌། ང་རང་དྲན་ནས་གད་མོ་ཤོར་བ་ཡ་ཆ། འདི་འདྲ་དག་གིས་ང་སྡོད་མ་བཅུག་ནས་འདིར་ཡང་ནས་བསྐྱར་དུ་འཛུལ་སླེབས་ཀྱི་ཡོད་པ་ལས། གཞན་ཁྱེད་ལ་མ་དགའ་ནས་སླེབས་དོན་ཅིག་ནི་རྨི་ལམ་གྱི་ཟུར་ནའང་མེད། ཁྱེད་རང་གིས་མདུན་གྱི་དག་ཡིག་དེ་ཚོར་བལྟས་ནས་གད་མོ་ཤོར་སྡོད་པ་ལས། དེ་དག་བསྔོགས་ནས་མིང་བརྡ་དག་པ་རེ་སེམས་ལ་ཨེ་འབྱོར་ལྟོས་དང་ཁྱེད་ལ་དགོས་རྒྱུ་དེ་ཡིན། དངོས་འབྲེལ་གྱི་རྩོད་པའི་སྤོབས་པ་ལྡན་ན་ནི། ལུང་རིགས་ཀྱི་འགྲོས་དང་གཞོལ་ནས་ཕེབས་དང༌། དགའ་གུས་ཚད་མེད་ཞུ་བ་ཡིན་ཅེས་ཞུ་བར་ཐལ་ལོ།།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ང་ནི་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར། དགའ་ཆོག་ཆོག་དང་སྡུག་ཆོག་ཆོག ཚིག་གིས་ཕོག་ཆོག་ཆོག་ཅིག་མིན་ལ། ཟེར་ཚད་ལ་བདེན་ཁ་བསྟེར་བའི་མི་ཞོགས་ཡང་ཞིག་དེ་བས་ཀྱང་མིན། མི་གཞི་རང་སྐྱ་ཐུབ་པ་ཞིག་དང༌། བསམ་བློར་རང་དབང་ཐོབ་པ་ཞིག་ཡིན་བསམ་པའི་སྤོབས་པ་ཡོད་ལ། ངས་འཚོལ་སྙེགས་བྱེད་བཞིན་པའི་མི་གཤིས་དེའང་ཡིན།

    གསར་འགྱུར་འགའ་དྲ་ཐོག་ལ་གཏོང་ཆེད། དེ་རིང་གུང་གསེང་ཡིན་ཡང༌། ང་གཅིག་པུ་ལས་ཁུངས་ལ་བཅར་བ་ཡིན། ངའི་ཡིག་ཚང་གི་མདུན་ཅོག་སྟེང་དུ། དག་ཡིག་གསར་སྒྲིག་གཅིག་དང༌། བོད་རྒྱ་ཚིག་མཛོད་ཆེན་མོ། དུང་དཀར་ཚིག་མཛོད་ཀྱི་སྨད་ཆ། དབྱིན་བོད་ཚིག་མཛོད་གསར་མ་བཅས་ཀྱིས་ཁེངས་འདུག དེ་དག་མཐོང་མ་ཐག་ང་རང་ཁེར་དགོད་ཅིག་ཤོར་ཞིང༌། དེ་དང་མཉམ་དུ་ངའི་སྟེང་ལ་མི་དགའ་མཁན་བསྟན་འཛིན་ཟེར་བ་དེ་གློ་བུར་དུ་དྲན་ཏེ། ཡང་བསྐྱར་བགད་མོ་ཞིག་ཤོར་སོང༌། ཧཧ་ཧ་

    Reply
  5. བསྟན་འཛིན says:
    ལོ་ 16 སྔོན།

    ལུང་རིགས་མེད་པས་དུས་བབ་ཡིག་ནོར་ཉིན་རེ་བཞིན་དུ་འཕེལ་ཞིང་ཡོད།།
    ལུང་རིགས་མེད་པས་དུས་བབ་ཚིག་སྦྱོར་འབྲེལ་མི་ཆགས་པའི་ནད་ཀྱིས་བཟུང༌།།
    ལུང་རིགས་མེད་པས་དུས་བབ་གཏམ་ལ་མགོ་མཇུག་མེད་པའི་གཟའ་འདི་ཕོག།
    འདི་ལྟར་བལྟས་པས་ལུང་རིགས་མེད་ན་དུས་བབ་གསར་ཤོག་ཚར་འདུག་ག།

    སྔོན་ཚེ་དགེ་རབ་བསོད་ཚེ་གཉིས་ཀྱིས་དུས་བབ་དབུ་འཕང་དགུང་དུ་བཏེགས།།
    བར་དུ་ལྷག་བསམ་ལུང་རིགས་གཉིས་ཀྱིས་དུས་བབ་སྲོག་ཟུངས་མུ་མཐུད་བསྐྱེད།།
    ཁ་སང་དེ་རིང་དུས་བབ་རིན་ཐང་ཉིན་རེ་ཞིང་ཡང་ཉམས་བཞིན་འདིས།།
    ད་ནི་ལུང་རིགས་གང་ན་ཡོད་ན་མྱུར་དུ་ཕེབས་པ་རན་ནས་འདུག།

    Reply
  6. ཡོན་བྷེ། says:
    ལོ་ 16 སྔོན།

    ང་ཡིད་ཆེས་མ་སོང། བོད་ཀྱི་དུས་བབས་གསར་ཤོག་གི་འཆི་གསོན་དེ་ལུང་རིགས་རྒྱལ་ཡོད་མེད་ཀྱིས་ཐག་གཅོད་ཀྱི་ཡོད་ན། དངོས་གནས་ངས་བོད་ཀྱི་དུས་བབས་ལ་གདེངས་འཇོག་བྱས་པ་དེ་ཅུང་ཅི་ཞིག་ཏུ་འགྱུར་གྱིན་འདུག་སྙམ་ཞིག་སེམས་ལ་འཁོར་གྱི་འདུག

    Reply
  7. བསྟན་འཛིན says:
    ལོ་ 16 སྔོན།

    གོང་དུ་དྲ་གྲོགས་མིང་མེད་ཅིག་གིས་སྐད་ཆ་གསལ་ལ་མི་གསལ་བ་ཞིག་བཤད་ཁུལ་བྱས་འདུག་པར་ཡ་མཚན་པོ་བྱུང༌། དུས་བབ་ཚགས་པར་དང་དྲ་རྒྱ་ན་ཡིག་ནོར་མང་པོ་འདུག་ལབ་སྟེ། ཡིག་ནོར་ལ་མཛུབ་མོ་བཙུགས་ནས་བསྟན་པ། དྲ་འབུའི་ཁོངས་སུ་བརྩི་རྒྱུ་ཡིན་ཟེར་བ་འདི་དང༌། དུས་བབ་ལ་དུང་བ་དང་དྲ་བའི་རིག་གནས་ལ་དུང་བ་སྟོན་དགོས་ན། ཡིག་ནོར་གླེང་ཆོག་གི་མེད་པ་ཡིན་ནམ་ཅི། དུས་བབ་ཀྱི་དག་ཆ་དང་ཚིག་སྦྱོར་གྱི་གྱང་ཁ་སང་ལོག་པ་ལ། རྡུལ་དེ་རིང་འཚུབ་རྒྱུ་འདི་ཡ་མཚན་རེད།

    ངས་བསམ་ཚུལ་སྤེལ་བ་ཁག་ནི་ནང༌། སྔ་འགྲས་ད་འཁོན་གྱི་རིགས་ཅི་གང་གླེང་མེད་ལ། སྔ་འགྲས་ད་འཁོན་གླེང་རྩོད་བྱ་རྒྱུ་ཅི་གང་མེད། སླད་གཏམ་སྔ་ཚིག་གིས་ཕྱི་ཚིག་མི་ནོན་པ་འདི་འདྲ་མ་སྤེལ་རོགས་ཞུ་ཡག་ཡིན། རྣམ་པ་གཅིག་ཏུ་ན། ཤིང་སྐམ་པང་ཐོགས་ཀྱི་མེ་ཤོར་ར་མདས་གར་ཡར་སླེབས་དཀའ་བ་དེ་བས་ན། འཕྱི་བ་ཁོང་འཛུལ་གྱི་ཤེས་པ་ཁྲོམ་སྟོན་བྱེད་པ་མཚང་དུ་སོང་ནས་འདུག་ཅེས་ཀྱང་ཞུའོ།།

    ངས་དུས་བབ་གསར་ཁང་གི་འབྲེལ་ཡོད་ཅིག་གི་མིང་བཟུང་བྱས་པ་ནི། དོན་འགྲུབ་བཀྲ་ཤིས་ཟེར་བ་དེ་ཡིན། དེ་ནི་ཁོས། ང་ལ་རྩེད་མཚར་གྱི་ཉམས་བསྟན་པ་དང༌། བརྟལ་བརྟག་གི་རེ་བ་བྱས་པའི་སྣེར་འཇུས་ནས། བརྒལ་བརྟག་ཡིད་ཚིམ་པ་ཞིག་གི་རེ་བས་མིང་གིས་སྨྲོས་ནས་བསམ་ཚུལ་སྤེལ་བ་ཡིན་ཏེ། མི་དེས་ནི། བརྒལ་བརྟག་ལ་ཞུགས་རྒྱུ་དང་མགོ་སྒུར་རྒྱུ་གཉིས་ལས་མགོ་སྒུར་རྒྱུ་འདམས་སོང་སྟབས། ཤིང་ཆག་གསེ་གསེ་དང་ལྕག་ནག་རྡུང་རྡུང་བྱེད་བསམ་པའི་ངའི་གྲ་སྒྲིག་དེ་ཡང་རེ་ཞིག་མཚམས་མི་འཇོག་ཐབས་མེད་དུ་གྱུར། དེ་མིན་ང་ལ་གཟས་ཕྱོགས་གཞན་གང་ཡང་མེད་པ་ལ། ད་ཆ་ང་དྲ་འབུའི་ཁོངས་སུ་བགྲངས་པར་བློ་ཕམ་པོ་བྱུང༌།

    Reply
  8. བསྟན་འཛིན says:
    ལོ་ 16 སྔོན།

    དྲ་གྲོགས་འབྲོག་རུ་ཆོས་གྲགས་དང་འཇིགས་མེད་གཉིས་ལགས།

    ཁྱེད་གཉིས་ནས་བཤད་པའང་བདེན་ནོ་ཞུ། ཡིན་ནའང༌། འབྲོག་རུ་ཆོས་གྲགས་ལགས་ནས་ཡིག་ནོར་སྤེལ་སྟངས་འདི་དང་དུས་བབ་གླེང་སྟངས་འདི་གཉིས་མགོ་མཚུངས་ཤིག་ཆགས་མི་འདུག རྗེས་མར་གཞན་གྱི་ཡིག་སྐྱོན་དོན་སྐྱོན་སྐོར་གླེང་དུས། རང་ཉིད་ཀྱིས་གང་སྤེལ་རྒྱུའི་ཚིག་དོན་ལ་གཟབ་གཟབ་གནང་བའི་རེ་བ་ཡོད།

    ད་ལྟ་ངས་ལོ་ཁ་ཤས་གོང་དུས་བབ་ཚགས་པར་སྟེང་ནས་བཀླགས་མྱོང་བའི་གསར་འགྱུར་ཞིག་དྲན་སོང༌། ཨ་མདོ་དོར་ཤུལ་རྒྱ་མཚོ་ཟེར་བ་ཞིག་གིས་རྩོམ་དེབ་ཅིག་འགྲེམས་སྤེལ་བྱས་པ་རྡ་རམ་ས་ལ་ནས་ཁྱི་རྔ་ལ་བཏགས་པའི་སྐོར་གྱི་གསར་འགྱུར་དེ་རེད། དེབ་དེ་ནི་ཡིག་ནོར་མང་བ་དང༌། ཅི་ཞིག་སྟོན་གྱི་ཡོད་མེད་མི་ཤེས་པའི་ཚིག་ཚོགས་ཤིག་ཏུ་ཡོད་འདུག་པ་དེ། ཁྱི་རྔར་འདོགས་དགོས་པའི་རྒྱུ་མཚན་ཨང་དང་པོ་ཆགས་ཡོད་རབས་ཤིག་རྗེས་ལ་གོ་ཐོས་བྱུང༌།

    ད་ལྟ་གསར་འགྱུར་དེ་སྤེལ་མཁན་བོད་ཀྱི་དུས་བབ་གསར་ཁང་གིས། ཡིག་ནོར་བརྡ་ནོར་དང༌། ཅི་སྟོན་མི་ཤེས་པའི་ཚིག་ཚོགས་ཤིག་སྤེལ་ཞིང་ཡོད་པ་ནི། གཟབ་གཟབ་གནང་ན་མ་གཏོགས། རྡ་རམ་ས་ལའི་ཤེས་ཡོན་པ་ཚོས་ཁྱི་རྔ་ལ་བཏགས་ཡོང༌། ཚགས་པར་ཁོ་རང་མ་བཏགས་པ་ཡིན་ནའང༌། ད་ཐེངས་ཀྱི་འདི་ལྟ་བུའི་རྩོམ་སྒྲིག་པའི་གཏམ་དག་ནི། ཁྱི་རྔའི་མན་ཞིག་ལ་འདོགས་དགོས་ནའང་འདོགས་དགོས་ནས་འདུག དམའ་འབེབས་བྱས་པ་མིན། དངོས་འབྲེལ་གྱི་རིན་ཐང་དང་གནས་སྟངས་ཀྱིས་ཚད་འདིར་བསྐྱལ་ནས་འདུག དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་སྔ་མ་དག་དང་བསྡུར་བས། རྟ་རྒྱུག་ཐང་དང༌། རྟ་བཤད་སྒང་གི་དཔེས་འདིར་ཞུས་ཐལ་དུ་སོང༌།

    ལར་ནས། ད་ལྟའི་ཆར། དུས་བབ་ཚགས་པར་དང་དྲ་རྒྱའི་སྐོར་གྱི་དག་ཆ་དང་སྡེབ་སྦྱོར་ཡར་རྒྱས་ཀྱི་རེ་བ་བྱེད་པ་ནི། ཉ་སྤུ་མེད་ལ་རལ་བའི་ཁྲལ་འགེལ་བ་ཅི་བས་ཐབས་རྡུགས་རེད་མོད་ཀྱང༌། མུ་ཏོའི་ཕྱེ་ཁུག་ལ་བསེར་འགོང་མི་རྒྱུག་པ་ཙམ་དུ་རེ་བས་འདིར་གཅིག་ཞུ་ན། དྲ་གྲོགས་ཁྱེད་རང་ཚོ་རྡ་སར་ཡོད་མཁན་ཚོས་འདི་ཚོར་མགོན་སྐྱབས་དཔུང་གཉེན་རེ་ཅིས་ཀྱང་གནང་དགོས་པས་མི་ཚད་འཕྱིས་ཚད་དུ་འདུག་ཅེས་ཀྱང་ཞུ་བར་ཐལ་ལོ།།

    Reply
  9. jjjjjj says:
    ལོ་ 16 སྔོན།

    དྲ་འབུ་བསྟན་འཛིན་ཟེར་བ་འདིའི་མཆན་བུ་ཚང་མར་བལྟས་ཡོང་དུས། མི་འདིས་དུས་བབ་ཚང་གི་ལས་བྱེད་དག་གམ། མི་གང་རུང་ཞིག་ལ་ཕྲག་དོག་བྱེད་ཀྱིན་ཡོད་པ་ཚོར། འདི་གནས་སྐབས་རིང་ལྷ་ཆབ་སྦྱིན་པས་བཤད་ཀྱིན་པའི་དྲ་འབུ་ཞེས་པའི་ཁོངས་སུ་རྩི་རྒྱུ་ཡིན། གལ་སྲིད་དུས་བབ་དང་ལྷག་པར་དུ་དྲ་བའི་རིག་གནས་ལ་དུང་ན་ཕྱོགས་གང་སར་བསམ་བློ་ཐོངས།

    Reply
  10. འཇིགས་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་གྱིས་བཤད་པར་རྒྱབ་སྐྱོར་ཡོད། ད་དུང་བཤད་རྒྱུ་ཞིག་ནི་ད་རེས་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ཁ་བྱང་འདི་རེད། གསུང་འཕྲིན་དང་རྩོམ་སྒྲིག་པའི་གཏམ་གཉིས་ཀའི་ནང་དོན་ལ་བལྟས་ན་རྟོན་བཞི་འཇུག་ལྡོག་མ་བྱེད་ཟེར་རྒྱུ་མིན་པར། རྟོན་བཞིའི་འཇུག་ལྡོག་མ་ནོར་ཟེར་རྒྱུའམ་ཡང་ན་རྟོན་བཞི་གོ་ལྡོག་མ་བྱེད་ཟེར་དགོས་པ་ཡིན་པར་སྣང་། འདི་ཡིག་ནོར་ཤོར་བ་ཞིག་མིན་པར་དོན་སྟེང་ནས་བཤད་སྟངས་ནོར་ཡོད་དེ། རྟོན་པ་བཞི་དང་མི་རྟོན་པ་བཞིའི་རྟོན་པ་ནི་སྐབས་འདིེའི་འཇུག་པ་དང་མི་རྟོན་པ་ནི་སྐབས་འདིའི་ལྡོག་པ་ཡིན་པས་དེ་ལྟའི་འཇུག་པ་དང་ལྡོག་པ་གཉིས་ཀ་བྱེད་དགོས་པ་ཡིན་ཙ་ན་དེ་ལ་མ་བྱེད་ཟེར་ག་ལ་རུང་། འཇུག་ལྡོག་དེ་གཉིས་ཀ་བྱེད་དགོས་པ་གང་ཞིག་ལ་བྱེད་སྟངས་མ་ནོར་བ་ཞིག་དང་གོ་ལྡོག་ཏུ་མ་སོང་བ་ཞིག་བྱེད་དགོས་པ་འདི་གནད་ཀྱི་དོན་པོ་ཡིན། རྩོམ་སྒྲིག་པའི་ཞེ་འདོད་ཀྱང་འདི་བཞིན་ཡིན་ངེས་མོད་དེ་ཚིག་ལ་མ་ཐོན་པར་མ་ཟད་ནོར་ནས་འདུག རྩོམ་ཡིག་གི་ཁ་བྱང་ནི་རྩོམ་ཡིག་སོ་སོའི་གྲུབ་ཆ་གཙོ་བོ་ཞིག་དང་གལ་གནད་ཆེ་ཤོས་ཤིག་ཡིན་པ་མཁྱེན་གསལ་ལྟར་ཡིན་པས་རྩོམ་མིང་འདོགས་སྟངས་ལ་ལྷག་པར་གཟབ་གལ་ཆེ་ཞེས་དུས་བབ་ཀྱི་མཚན་ལ་དང་མདུན་ལམ་ལ་བསམས་ཏེ་སྲོང་པོར་སྨྲས་པ་ལགས།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ལགས། ཁྱེད་ཀྱིས་དུས་བབ་ཚང་ལ་དོ་སྣང་དང་ཡིག་ནོར་སོགས་ལ་ཞིབ་བཤེར་བྱས་པར་རྗེས་སུ་ཡི་རངས་ཡོད། དུས་བབ་ཚང་གི་ལས་བྱེད་ཚོས་ལས་ཀར་ཤུགས་རྒྱབ་པར་བལྟས་ན་དངོས་གནས་སེམས་དགའ་ནི་ཞིག་རེད། ཡིན་ནའང་གྲུབ་འབྲས་ཟེར་ན་མི་འདུག ལས་ཀ་བྱས་པ་ནང་བཞིན་འབུར་ཐོན་གྱི་ཁྱད་ཆོས་ཤིག་ཏག་ཏག་མངོན་གྱི་མི་འདུག ཚིག་སྦྱོར་གྱི་ཐད་ནས་བཤད་ན། གསར་འགྱུར་ཁ་ཤོས་ཤིག་མཚམས་རེར་ཀློག་མ་བདེ་བ་འདྲ་བོ་ཡོང་གི་འདུག

    ང་ཡང་དུས་བབ་ཀྱི་ཀློག་མཁན་དཀྱུས་མ་ཞིག་ཡིན། ངས་སྔོན་མར་དུས་བབ་བཀླགས་དུས་དང་པོ་ལག་ཏུ་རེག་མ་ཐག ཐོག་མར་རྩོམ་སྒྲིག་པའི་གཏམ་བཀླགས་པ་ཡིན། ལུང་རིགས་ཀྱིས་བྲིས་པའི་རྩོམ་སྒྲིག་པའི་གཏམ་ལ་སྙན་ཆ་ལྡན་པ་མ་ཟད་གནས་ལུགས་ཀྱི་ལྗིད་ཁོག་གང་མཚམས་ཡོད།

    ངའི་རོགས་པ་ཚོས་ཀྱང་དེ་བཞིན་ལབ་ཀྱིན་འདུག དེ་བས་དུས་བབ་ཀྱི་གསར་ཤོག་ནང་ང་དགའ་ཤོས་རྩོམ་སྒྲིག་པའི་གཏམ་ཡིན། དེ་དུས་ངས་གནས་ལུགས་ཀྱི་ཐད་གཅིག་པོར་བལྟས་པ་ཡིན། ཡིག་ནོར་ལ་བལྟ་དགོས་པའང་གལ་ཆེན་རེད།

    Reply
  12. བསྟན་འཛིན says:
    ལོ་ 16 སྔོན།

    དེ་རིང་ང་ལ་དུས་བབ་འདོན་ཐེངས་གསར་པ་དེ་འབྱོར་སོང༌། བཀླགས་པ་ཡིན། ནམ་རྒྱུན་གྱི་གོམས་སྲོལ་ལྟར། རྩོམ་སྒྲིག་པའི་གཏམ་དེ་བཀླགས་པ་ཡིན། ཅི་ཞིག་ཤོད་ཀྱི་ཡོད་མེད་རྩ་བ་རང་ནས་གོ་མ་སོང༌། གྲོགས་པོ་ཨ་མདོ་བ་གཉིས་ཡོད་པར་བཀླགས་བཅུག་ནས་འགྲེལ་བཤད་ཀྱི་རེ་བ་བྱས་པ་ཡིན། ཁོང་གཉིས་ལའང་ང་ལ་བྱུང་རྒྱུ་དེ་ག་རང་བྱུང་སོང༌།

    ངས་བགྲང་བྱ་བརྒྱད་ཀྱི་རིང་གི་བོད་ཀྱི་དུས་བབ་འདོན་ཐེངས་རེ་རེ་བཞིན་བཀླགས་མྱོང༌། ད་ནི་ཀློག་པ་དང་ལེགས་ཉེས་དཔྱོད་པ་གཉིས་ཀ་རང་རྐྱ་འཕེར་བར་གྱུར་ཏེ་ཡོད། དངོས་འབྲེལ་བྱས་ན། ང་ནི་བོད་ཀྱི་དུས་བབ་བཀླགས་ནས་བོད་ཡིག་ལ་འབྲེལ་འདྲིས་ཟབ་པར་གྱུར་པ་ཞིག་ཡིན། བོད་ཀྱི་དུས་བབ་ནི། ངས་དགེ་རྒན་ཅིག་ཏུ་བརྩི་ཞིང་ཡོད། དེ་ནི་ལོ་ངོ་བརྒྱད་རིང་གི་བཀླགས་ཚོར་ཕྱོགས་བསྡོམས་ཡིན་པར་བརྗོད་ཆོག་པ་ཡོད།

    འོན་ཏེ། ད་ལྟའི་དུས་བབ་གསར་ཤོག་གིས། ང་ལ་ཚོར་སྣང་གཞན་པ་ཞིག་སྤྲད་སོང༌། ཡིག་ནོར་ཇེ་མང་དུ་ཕྱིན་སོང༌། སྡེབ་སྦྱོར་ཇེ་སྡུག་ཏུ་ཕྱིན་སོང༌། ང་ལ་ཕངས་སེམས་ཤིག་ཡོད་པ་ནི། ནམ་ཟླའི་དབྱར་དགུན་གྱི་འགྱུར་བ་ནང་བཞིན་དུས་བབ་ཀྱི་དག་ཆ་དང་ཚིག་སྦྱོར་གསེར་གྱི་ཁྲི་ན་འགྱིང་བ་དེ། གློ་བུར་ཐོལ་རྒྱག་ཏུ་མར་ཟགས་བཞིན་པ་འདིའོ།།

    རྡ་རམ་ས་ལའི་གྲོགས་པོ་ཁག་ཅིག་ལ་སྐད་ཆ་དྲིས་པར། དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིགས་ལགས་ཕྱི་ལོགས་སུ་ཕྱིན་པ་རེད། གསར་འགོད་པ་ཚོས་རང་མགོ་ཐོན་གྱི་ཡོད་པ་མ་རེད། རྩོམ་སྒྲིག་པ་ཕྱིར་སླེབས་པ་ཡིན་ན། སྔོན་མ་ནང་བཞིན་གྱི་དུས་བབ་ཀློག་རྒྱུ་ཡོང་གི་རེད་གསུངས་སོང༌། དེར་ངས། རྩེད་མོའི་ཚུལ་གྱིས། དུས་བབ་ཀྱི་དག་ཆ་རྩོམ་སྒྲིག་པ་དང་ལྷན་དུ་ཕྱིན་ཚར་བ་རེད་པས། དུས་བབ་ཀྱི་ཚིག་སྦྱོར་དེ་ཡང་རྩོམ་སྒྲིག་པ་དང་ལྷན་དུ་ཕྱིན་ཚར་བ་རེད་པས། དཔེ་བསགས་སོང་བ་རེད་ཅེས་ལབ་པ་ཡིན།

    ཁ་སྔོན་དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཟེར་བས། ང་ལ་ཐེངས་དང་པོར་རྩེད་མཚར་དང༌། ཐེངས་གཉིས་པར་ལུང་རིགས་ཀྱི་བརྒལ་བརྟག་བྱ་འདོད་ཡོད་ལབ། ཐེངས་གསུམ་པར་མགོ་སྒུར་བ་ཡིན་ལབ་པ་ཡིན་སྟབས། ད་ནི་འགྱོང་ཚངས་སྡིག་བཤགས་ཀྱི་རེ་བ་ཡེ་མེད་མོད་ཀྱང༌། ད་དུང་ཡང་སྔོན་གྱི་དུས་བབ་དག་དང་ཆ་འདྲ་ཞིག་ཀློག་འདུན་གྱིས་སྡོད་མ་བཅུག་ནས་བསམ་ཚུལ་ཚིག་འགའ་མ་ཞུས་རང་ཞུས་སུ་ཐལ་བ་ནི།

    རྩོམ་སྒྲིག་པའི་གཏམ་གྱི་ནང༌། གནས་༼ཚད༽་ཞེས་འབྲི་དགོས་སར་གནས་༼ཚུལ༽ཞེས་ནོར་ནས་བྲིས་འདུག་པ་དང༌། དམངས་གཙོའི་༼ཀ༽བ་ཞེས་འབྲི་དགོས་རྒྱུ་ལ་དམངས་གཙོའི་༼བཀའ༽་བ་ཞེས་ནོར་ནས་བྲིས་འདུག འོས་འཚམ་སྟེ། རན་པོ་དང་འཇུག་པོ། འཚམ་པོ་བཅས་ཀྱི་དོན་སྟོན་བྱེད་ཀྱི་འོས་༼འཚམ༽ལ་འོས་༼འཚམས་༽ཞེས་ནོར་ནས་བྲིས་འདུག གདུང་སེམས་མཉམ་༼བསྐྱེད༽་ལ་གདུང་སེམས་མཉམ་༼སྐྱིད༽ཅེས་ནོར་ནས་བྲིས་འདུག གངས་ཅན་སྐྱིད་༼གཤོངས༽་ལ་གངས་ཅན་སྐྱིད་༼གཞུང༽་ཞེས་ནོར་ནས་བྲིས་འདུག་པ་དག་ནི་དཔེ་མཚོན་ཙམ་ཡིན། ཚགས་ཤོག་བྱིངས་ཀྱི་ནང་དུ་ནི། ཡིག་ནོར་བརྡ་ནོར་དེ་བས་མང་བ་འདུག གྲངས་ལ་ངེས་གཏན་དུ་བགྲང་བའི་དུས་བྱུང་མ་སོང་མོད། དཔེར་ན། དུས་བབ་ཚགས་པར་རང་གི་མཇུག་ཤོག་ཏུ། འགན་འཛིན་དང་རྩོམ་སྒྲིག་པ། རྩིས་པ་དང་འགན་འཛིན། གསར་འགོད་པ་སོགས་བཀོད་པའི་ས་ཁོད་ལག་མཐིལ་ཕྱེད་ཙམ་པ་དེའི་ནང་ཁོ་ནར་ཡང༌། ༼འགྲེམས༽་སྤེལ་ལ་༼འབྲེམས༽་སྤེལ་ཞེས་ནོར་ནས་བྲིས་འདུག་ལ། འགན་འཛིན་ལ་༼འགན་འདིན༽་ཞེས་ནོར་ནས་བྲིས་འདུག་པ་ལྟ་བུ་རེད། དཔེ་མཚོན་འདི་འཁྱེར་ནས་དུས་བབ་འདོན་ཐེངས་འདིའི་ཤོག་ངོས་བརྒྱད་ཆ་ཚང་ལ་རྩིས་ཤིག་བསྐོར་བ་ཡིན་ན། ཡིག་ནོར་གྱི་གྲངས་ཀ་དེ་འདོད་ན་རེད་མི་འདོད་ན་རེད། ཧ་ཅང་མང་པོ་ཞིག་ཆགས་རྒྱུ་ནི་གཏན་འཁེལ་འཁེལ་བ་རེད། ང་འདི་དུས་བབ་ཚགས་ཤོག་ཞིབ་ཚགས་པོས་ཀློག་མཁན་ཅིག་ཡིན་སྟབས། མིག་འདིས་མཐོང་དགོས་རྒྱུ་མི་དགོས་རྒྱུ་གཉིས་ཀ་མཐོང་བར་གྱུར།

    ད་ནི་སྔོན་གྱི་རེ་བ་དེའི་སྣེ་དེར་མུ་མཐུད་འཇུས་ཏེ། བསམ་ཚུལ་ཞིག་བསྐྱར་དུ་ཞུ་སྙིང་སྤྲོ་བ་ནི། དུས་བབ་ཀྱི་ལས་ཀ་བྱེད་མཁན་ཕོ་གསར་མོ་གསར་ཚང་མས། ཞོགས་སྔ་བཞེངས་དང་དགོང་འཕྱི་གཟིམ་གྱིས་ཕྱག་ལས་གནང་གི་ཡོད་མེད་ལ་ཚོམ་པ་ག་ལ་ཡོད་མཆི་སྟེ། དུས་བབ་སྤུས་དག་རེ་འདོན་པའི་རེ་འདུན་དང༌། ཡང་ན་ནི། དུས་བབ་ཀྱི་ཤོག་ངོས་ཇེ་ཉུང་དུ་བཏང་ནས། སྤུས་ཚད་དག་པོ་ཞིག་འདོན་པར། དགོངས་པ་ཞིག་བཞེས་གནང་ཡོང་བ་ཞེས་ལྷག་བསམ་ལྷད་མེད་ཀྱིས་ཞུ་བར་ཐལ་ལོ།།

    ངེད་རང་གི་ཨིས་མལ་ཁ་བྱང་ ttsepak31@yahoo.in འདི་ཡིན་ཞེས་ཀྱང་ཞུའོ།།

    Reply
  13. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཞབས་ཁ་བ་ལགས། སྐུ་ཉིད་ཀྱི་ཟིན་བྲིས་བཟོས་ཡོད། ནང་འཛུལ་བྱེད་སྟངས་དང་གསང་གྲངས་བཅས་ནི། སྐུ་ཉིད་ཀྱི་ཁ་བ་ནང་འཛུལ་བྱེད་སྟངས་ལྟར་ཡིན་སྟབས། ཧ་ཅང་སྟབས་བདེ་བཟོས་ཡོད། ཁྱེད་ཀྱིས་མི་འགྱངས་པར་ཟིན་བྲིས་ཀྱི་ཆ་ཤས་གཞན་དག་ཁ་སྐོང་གནང་རྒྱུ་དང་། རྩོམ་ཡིག་གང་ལེགས་སྤེལ་རྒྱུར་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese