མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་བོད་ཤན་སྦྱར་བརྡ་ཆད་ ༡༥༠༠ གཏན་འབེབས །

བོད་ཀྱི་དུས་བབ།
༢༠༠༩/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་བཀའ་ཤག་གི་དགོངས་དོན་དང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་ཅིག་གིས་འཛིན་སྐྱོང་དང་སྨན་རྩིས། དངོས་ཁམས། རྫས་སྦྱོར། རྩི་ཤིང་སོགས་རིག་ཚན་ལྔ་ཡི་བརྡ་ཆད་ ༡༥༠༠ ཙམ་གཅིག་གྱུར་གཏན་འབེབས་ལེགས་འགྲུབ་བྱུང་སྟེ། དཔར་ཐེངས་དང་པོའི་དེབ་ཕྲེང་ ༥༠༠༠ ཙམ་རྒྱ་བལ་འབྲུག་གསུམ་གཙོས་བོད་ནང་དང༌། ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་འགྲེམས་སྤེལ་བྱ་འཆར་ཡོད་འདུག

 

ཕྱི་ཚེས་ ༣༠ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་ཚོགས་ཁང་དུ། ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད། ཞུ་བའི་ཚིག་མཛོད་ཀྱི་དཔེ་དེབ་ཅིག སྐབས་དང་པོའི་བརྡ་ཆད་ལྷན་ཚོགས་ཀྱི་ཚོགས་མི་དང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཀ་རྨ་སྨོན་ལམ་ལགས་ཀྱིས་དབུ་འབྱེད་གནང་ཡོད། ཐེངས་འདིར་ཐ་སྙད་འཚོལ་བསྡུ་དང་གཏན་འབེབས་བྱེད་མཁན་གྱི་ཁོངས་སུ་ཤེས་རིག་ལས་ཁུངས་དང་བོད་གཞུང་དཔེ་མཛོད། སྨན་རྩིས་ཁང༌། ནོར་བུ་གླིང་ཁ། བོད་གཟུང་ཟློས་གར། ཤེས་བྱ་ཀུན་བཏུས། ངྷ་ས་རིག་སློབ་བཅས་ཡིན་ཞིང༌། དཔེ་དེབ་དེ་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་རིགས་ ༥ བཀར་ཡོད་ལ། ཐ་སྙད་གྲངས་ ༡༥༠༠ ཙམ་གཅིག་གྱུར་གཏན་འབེབས་བྱུང་ཡོད་འདུག

 

སྐབས་དེར་ཀརྨ་སྨོན་ལམ་ལགས་ཀྱིས་ཐ་སྙད་གཏན་འབེབས་ཀྱི་རྩོམ་སྒྲིག་ལས་རིམ་ངོ་སྤྲོད་གནང་དོན། སྔོན་མ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་བོད་གཞུང་བཀའ་ཤག་ནས་བརྡ་ཆད་གཏན་འབེབས་སྐོར་ལ་བཀའ་མོལ་བྱུང་པ་ལྟར། བཀའ་ཤག་གིས་ ༢༠༠༤ ལོར་བཙན་བྱོལ་བོད་པའི་ཤེས་ཡོན་བསྟི་གནས་ཁག་དང་གནད་ཡོད་མི་སྣ། རྒྱ་གར་གྱི་མཁས་དབང་སོགས་གདན་ཞུས་ཀྱིས་ཚོགས་འདུ་འཚོགས་མཐར་ཤེས་རིག་ལས་ཁུངས་ལ་བཀའ་ཕབ་པ་ལྟར། ༢༠༠༥ ལོར་ཤེས་རིག་ལས་ཁུངས་ནས་ལས་རིམ་འདི་མགོ་བཙུགས་པ་རེད། སྐབས་དེར་ང་ཚོས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང༌། བོད་གཞུང་དཔེ་མཛོད་ཁང༌། བོད་གཞུང་ཟློས་གར། བོད་གཞུང་སྨན་རྩིས་ཁང༌། མཚན་ཉིད་གྲྭ་ཚང་སོགས་ལྷན་འཛོམས་ཐོག་ལས་འཆར་བཏིང་བ་རེད། སྡེ་ཚན་དེ་དག་དང་འབྲེལ་ཡོད་ཀྱི་བརྡ་ཆད་ཁག་ཁོང་ཚོས་ཟིན་བྲིས་སུ་བཀོད་པ་དང༌། བཀའ་ཤག་གི་ལམ་སྟོན་བཞིན། རྒྱ་གར་སྐད་ཡིག་ཡར་རྒྱས་ལྷན་ཁང་ཁོངས་གཏོགས་ཐ་སྙད་གཏན་འབེབས་སྡེ་ཚན་གྱི་མི་སྣ་གདན་ཞུའི་ཐོག་བོད་མི་ཉི་ཤུ་ལྷག་ལ་ལྡི་ལི་ནས་ཟབ་སྦྱོང་དང༌། གྲོས་བསྡུར་བརྒྱུད་དེ་བོད་པའི་བརྡ་ཆད་ཐད་ཀྱི་སྒྲོམ་གཞི་ཞིག་བཟོས་པ་རེད།

 

དེ་ལྟར་སྡེ་ཚན་སོ་སོས་བསྡུ་རུབ་བྱས་པའི་བརྡ་ཆད་དེ་དག་པར་བརྒྱབས་རྗེས་སློབ་སྟོན་ཚོགས་ཆུང་ལ་ཕུལ་ཏེ། བརྡ་ཆད་རེ་རེ་ཁོངས་གཏུགས་རྗེས་མཐའ་མའི་ཟིན་བྲིས་བཏབ་པ་ཡིན། སྔར་ལོའི་སྤྱི་ཟླ་ ༧ པའི་ནང་ཉིན་གྲངས་བརྒྱད་རིང་གཏན་འབེབས་ཚོགས་ཆུང་དང་པོ་འཚོགས་ཡོད། ད་ཆར་དེབ་ཕྲེང་ ༥༠༠༠ ལྷག་པར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་འདི་དག བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་ཚན་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དགྲམ་རྒྱུ་དང༌། བོད་ནང་གཙོས་རྒྱ་བལ་འབྲུག་གསུམ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐད་ཡིག་གཅིག་གྱུར་ཡིན་པ་ཡོངས་ལ་ཐབས་ལམ་དང་འདྲ་མིན་བརྒྱུད་འགྲེམས་སྤེལ་བྱ་རྒྱུའི་དམིགས་ཡུལ་ཡོད། ད་ལྟ་བརྡ་ཆད་གཏན་འབེབས་ལས་རིམ་གྱི་གྲུབ་འབྲས་དང་པོ་འདི་ལྟ་ལེགས་འགྲུབ་བྱུང་ཡོད་ནའང༌། དེབ་གཉིས་པ་དང་གསུམ་པའི་རྒྱུ་ཆ་ཉར་ཚགས་བྱས་ཡོད་སྟབས། མ་འོངས་པར་ལོ་རེའི་མཚམས་སུ་དེབ་ཕྲེང་གཅིག་རེ་པར་སྐྲུན་འགྲེམས་སྤེལ་བྱ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང༌།

 

བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་དེབ་ཀྱི་ཆེད་བརྗོད་བཀོད་དོན། སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ་ཡུལ་དུས་གནས་སྐབས་ཀྱི་གནས་སྟངས་ལ་གཞིགས་ཏེ། བྱ་དགོས་པ་ལས་ད་ལྟ་རང་གིས་ཡིད་སྨོན་བྱ་ཡུལ་སྐད་ཡིག་ཅིག་གི་འཕེལ་རིམ་ལ་བལྟས་ཏེ། དེ་ལྟར་ཡོང་ཐབས་བྱེད་པ་ནི་དཔྱོད་ལྡན་གྱི་ཐབས་ཚུལ་མིན། དེས་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཐབས་བཟང་ཤོས་ནི། འདས་པའི་མི་ལོ་ ༡༣༥༠ ལྷག་རིང་དར་རྒྱས་བྱུང་བའི་སྐད་ཡིག་གི་སྒྲོམ་གཞི་དེ་མ་ཉམས་རྒྱུན་འཛིན་བྱ་རྒྱུ་དང༌། ད་བར་བོད་སྐད་དུ་གཅིག་གྱུར་གཏན་འབེབས་མ་བྱུང་བའི་དེང་རབས་རིག་པའི་ཐ་སྙད་རྣམས་བོད་སྐད་དུ་གཏན་ལ་ཐབ་སྟེ། རྒྱུན་སྤྱོད་བྱ་རྒྱུ་དེ་གཉིས་ཡིན་པ་ཀུན་གསལ་ཡིན།

 

བོད་ཀྱི་སྐད་ཡིག་གི་གལ་ཆེའི་རྩ་དོན་འདིར་བསམས་ཏེ། བཙན་བྱོལ་གཞུང་ནས་ཤེས་རིག་ལས་ཁུངས་ཀྱི་ལས་གཞིའི་ཁོངས་སུ་རིག་གསར་ཐ་སྙད་གཏན་འབེབས་ཀྱི་འཆར་གཞི་ལམ་སྟོན་གནང་ཡོད། བོད་ཀྱི་སྐད་ཡིག་གི་ཁྱད་ནོར་འདི་ཉིད་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པར་རྒྱུན་འཛིན་དང་གོང་འཕེལ་ཐུབ་སླད། བོད་ཀྱི་སྐད་ཡིག་རྒྱུན་སྤྱོད་བྱེད་པའི་སྤྱི་སྒེར་ཡོངས་དང༌། ལྷག་པར་རྩོམ་པ་པོ། མང་ཚོགས་ཀྱི་གནས་ཚུལ་བརྒྱུད་ལམ། གཞི་རིམ་དང་མཐོ་རིམ་སློབ་ཁང་གི་དགེ་རྒན། གཞུང་སྒེར་འཛིན་སྐྱོང་ལས་ཁུངས་ཁག་བཅས་ནས་སྤྱི་ཐོག་ནས་གཏན་ལ་ཐབ་ཡོད་པའི་རིག་གསར་ཐ་སྙད་དེ་དག སྐབས་འབྲེལ་འཇུག་ཡུལ་སོ་སོར་གཅིག་གྱུར་མཁོ་སྤྱོད་གནང་རྒྱུར་འབོད་བསྐུལ་ཞུ་རྒྱུ་དང༌། ཕབ་བསྒྱུར་ལེགས་བཅོས་ཀྱི་དགོངས་འཆར་ཇི་ཡོད་ལྷུག་སྩོལ་གནང་འོས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 19

  1. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    གོང་དུ་ཁང་གསར་རྡོ་རྗེས་དགེ་སྐྱོན་གཉིས་ཀ་མཐོང་བའི་སྒོ་ནས་གླེང་དགོས་ཞེས་བཤད་པར་མོས་མཐུན་ཡོད། ཁ་ཤས་ཀྱིས་དྲྭ་རྒྱའི་ཐོག་ནས་དེབ་ཀྱི་ཁ་ཤོག་གཅིག་པུར་བལྟས་ནས་གཏན་འབེབས་ ༡༥༠༠ ཆ་ཚང་ལ་སྐྱོན་བརྗོད་བྱེད་བཞིན་འདུག་པ་དེ་མི་ལེགས།

    ད་ཐེངས་གཏན་འབེབས་བྱས་པའི་ཐ་སྙད་ཁོངས་དེ་སྔོན་བོད་གཞིས་བྱེས་གཉིས་ཀ་ན་བེད་སྤྱོད་ཐུན་མོང་དུ་བྱེད་པ་འདུག་ལ། གཞིས་བྱེས་གཉིས་ན་བེད་སྤྱོད་མི་མཐུན་པར་བྱེད་པའང་འདུག དེ་བཞིན་རིག་ཚན་བྱེ་བྲག་པའི་ཐ་སྙད་དེ་སྔོན་བོད་སྐད་ནང་རྩ་བ་ནས་མེད་པ་དེ་འདྲ་ཡང་འདུག

    ངས་འདིར་ཚིག་ཁ་ཤས་སྐོར་བརྗོད་འདོད་བྱུང།
    ༡༽ བོད་ནང་རྫས་འགྱུར་ཟེར་བ་དེ། གཏན་འབེབས་འདིའི་ནང་རྫས་སྦྱོར་ཞེས་བཀོད་འདུག དེ་ལ་དགོས་པ་རྒྱུ་མཚན་དེ་ཙམ་མ་མཐོང།
    ༢༽ རྫས་འགྱུར་སྐབས་ཀྱི་དབྱིན་ཡིག་མ་ཚིག་ element ཞེས་པ་དེར་བོད་ནང་ཡོངས་གྲགས་སུ་༼རྩ་རྫས་༽ཟེར་བ་རེད། ད་ཐེངས་གཏན་ལ་ཕབ་པའི་དེབ་འདིའི་ནང་༼ཁམས་རྫས་༽ཞེས་བཀོད་འདུག ཁམས་རྫས་ཞེས་པ་དེ་ཐོག་མར་ཐོན་ས་ཤེས་རིག་ལས་ཁུངས་ཀྱི་ཀརྨ་སྨོན་ལམ་ལགས་ཀྱི་ཚིག་མཛོད་《དབྱིན་བོད་ཚིག་མཛོད་གསར་མ》ཟེར་བ་དེའི་བཀོད་འདུག
    ༣༽ ཐ་སྙད་གཏན་འབེབས་ཀྱི་ལམ་སྟོན་དོན་ཚན་ཁ་ཤས་ཤིག་བཀོད་འདུག་པའི་ནང་། ཕྱི་རྒྱལ་གྱི་སྒྲ་རང་སོར་བཞག་སྟེ་འབྲི་སྐབས་བོད་སྐད་ཀྱི་གོ་དོན་མི་སྟེར་བ་གཙོ་འདོན་བྱེད་དགོས་ལུགས་བཤད་འདུག འོན་ཀྱང་དབྱིན་བོད་ལ་ཨིན་བོད་བྲིས་པ་ཏག་ཏག་དེའི་ལྡོག་ཕྱོགས་སུ་གྱུར་འདུག བོད་སྐད་ནང་༼ཨིན་ཙམ་མ་གཏོགས་བསད་སོང་༽ལྟ་བུར་མཚོན་ན།ཨིན་ལ་གོ་དོན་ཡོད་པ་རེད། དབྱིན་ལ་གོ་དོན་མེད་པར་མ་ཟད་ཡོངས་གྲགས་ཡིན་པས་འཁྲུལ་བ་མེད་པར་གོ་ཐུབ།

    སྤྱི་ཡོངས་ནས་བཤད་ན། གཏན་འབེབས་བྱས་པའི་ཐ་སྙད་བརྒྱ་ཆ་ ༨༠ ཙམ་ཡག་པོ་བྱུང་འདུག དེ་ང་རང་གི་གདེང་འཇོག་ཡིན།

    འོན་ཀྱང་རིགས་གཅིག་ཡག་པོ་བྱུང་མེད་པ་དཔེར་ན་གོང་གི་རྩ་རྫས་ཞེས་པ་དེ། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་ཁུལ་དུ་ཡོངས་སུ་གཅིག་གྱུར་རེད། བཙན་བྱོལ་ནང་གི་ཚན་རིག་སློབ་དེབ་ནང་དུའང་ཐ་སྙད་དེ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཏེ་ལོ་ཤས་སོང་ཟིན་པས། ཡོངས་གྲགས་ཆགས་ཚར་བ་ཞིག་ཡིན་པ་རང་སོར་མ་བཞག་པར། ཁམས་རྫས་ཞེས་གཏན་འབེབས་བྱས་པ་དེ་ཡག་པོ་བྱུང་མི་འདུག ནང་དོན་གྱི་ཆ་ནས་བཤད་ནའང་མ་ཚིག་ element ཞེས་པའི་གོ་དོན་ནི་ CHEMISTRY basic unit of matter: any substance that cannot be broken down into a simpler one by a chemical reaction.
    Elements consist of atoms with the same number of protons in their nuclei, and 92 occur naturally on Earth.
    ཞེས་བཤད་འདུག དེའི་དོན་ནི་༼དངོས་པོའི་རྩ་བའི་ཚད་དེ། རྫས་ཀྱི་འགྱུར་འབྱུང་༼ reactionའདི་ལ་བོད་ནང་འགྱུར་འབྱུང་དང་བཙན་བྱོལ་ནང་རྫས་ཀྱི་འགྱུར་བ། རྫས་ཀྱི་རྣམ་འགྱུར་ཞེས་བསྒྱུར་མི་འདྲ་བ་གསུམ་ཡོད༽གིས་དེ་བས་སྟབས་བདེ་བའི་ཆ་ཤས་སུ་བཤིག་ཏུ་མི་རུང་བའི་རྫས་གང་ཡང་རུང་བ་ཞིག་ལ་ཟེར་ཞིང། རྩ་རྫས་ཀྱི་ལྟེ་དཀྱིལ་དུ་ཕོ་རྡུལ་གྱི་གྲངས་ཚད་གཅིག་པ་ཡིན་པའི་རྡུལ་ཕྲན་ལྡན། རྩ་རྫས་ཀྱི་བརྒྱ་ཆ་ ༩༢ སའི་གོ་ལའི་ཐོག་རང་བྱུང་དུ་ཐོན་པ་ཞིག་ཡིན་༽ཞེས་བཀོད་འདུག གོང་གི་དེ་ངས་རོབ་སྒྱུར་བྱས་པ་ཡིན། གོ་དོན་འདི་ལ་གཞིགས་ན་བོད་ནང་ནས་རྩ་རྫས་ཞེས་བཏགས་པ་དེ་དོན་དང་ཧ་ཅང་ཉེ་པོ་བྱུང་འདུག ད་ཐེངས་ཁམས་རྫས་ཞེས་བཀོད་པ་དེར་གོ་རྒྱུ་ཡོད་ཀྱང་། མ་ཚིག་གི་གོ་དོན་དང་འབྲེལ་བ་དེ་ཙམ་བྱུང་མི་འདུག

    ངའི་བསམ་ཚུལ་ལྟར་ན། གཞུང་གིས་ཐ་སྙད་གཏན་འབེབས་དང་འབྲེལ་བའི་དྲ་རྒྱ་ཞིག་བཟོས་ཏེ། ཟླ་རེ་བཞིན་གཏན་ལ་དབབ་རྒྱུའི་ཐ་སྙད་ཀྱི་ས་བོན་བརྒྱ་སྐོར་ཞིག་གསལ་བསྒྲགས་གནང་སྟེ། སྤྱི་ཚོགས་ཀྱི་བསམ་ཚུལ་བསྡུས་རྗེས་གཏན་འབེབས་གནང་ཐུབ་ན་ཡག་པོ་ཡོང་ས་རེད།

    ཡང་གོང་དུ་ཁག་ཅིག་གིས་ད་ཐེངས་ཀྱི་ཐ་སྙད་གཏན་འབེབས་གནང་མཁན་རྣམས་རྒྱ་གར་ནང་གི་མཁས་པ་ཡིན་པ་དང། དེ་ཚོས་བོད་ནང་གི་མཁས་པར་ཆེད་དུ་བརྩིས་མེད་གནང་གི་ཡོད་པ་འདྲ་པོ་ཞིག་གསུངས་འདུག དེ་ཚོ་བདེན་པ་ཨེ་ཡིན་སྙམ། གཏན་འབེབས་ཀྱི་ལས་དོན་ནང་ཨ་ཚོགས་བསྟན་འཛིན་འཇམ་དབྱངས། བློ་བཟང་བསྟན་དར་སོགས་བོད་ནས་ཕེབས་པ་འདུག

    ལར་ནས་འདི་བོད་གཞུང་གིས་གནང་བ་ཡིན་སྟབས་དེ་འདྲའི་ཕྱོགས་ལྷུང་རྩ་བ་ནས་གནང་གི་མ་རེད་སྙམ།

    ང་ཚོས་རང་གཞུང་ལ་ཡིད་ཆེས་འགྱུར་མེད་ཀྱིས་དགེ་སྐྱོན་གཉིས་ཀ་གླེང་འོས།

    Reply
  2. གངས་བུ། says:
    ལོ་ 16 སྔོན།

    ད་དུང་རིགས་ཀྱི་ལ་རྒྱ་ཡང་ཤོར་གྱིན་འདུག།

    Reply
  3. གངས་བུ། says:
    ལོ་ 16 སྔོན།

    འཇོག་མཁན་

    Reply
  4. གངས་བུ། says:
    ལོ་ 16 སྔོན།

    དེབ་འདིའི་ནང་དོན་ད་དུང་མ་མཐོང་ཡང་མིང་བྱང་འདི་འདྲ་ཞིག་གི་འོག་ཏུ་སེང་གེ་གཉིས་ཅན་གྱི་ལས་རྟགས་འདི་བཞག་ན་འདི་འཇོག་ངོ་མི་ཚ་རུང་ལྟ་མཁན་ཚོ་རང་བཞིན་གྱིས་ངོ་ཚ་གི །

    Reply
  5. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    དེབ་འདིའི་ཁ་བྱང་གཅིག་པུ་ན་དབྱིན་བོད་ཡོད་བཞིན་དུ་མཁས་མདོག་གིས་ཨིན་བོད་ཅེས་བཀོད་འདུག་པར་བསམ་ན་འདི་ནི་བརྡ་ཆད་གསར་དུ་གཏན་འབེབས་ཡིན་དང་། བརྡ་ཆད་དམར་གསོད་ཡིན་བཤད་དཀའ་གི།
    བཙན་བྱོལ་ནང་གི་མཁས་པ་ཡིན་ཟེར་མཁན་འདི་ཚོར་དངོས་གནས་མི་ཤེས་ཤེས་ཁུལ་བྱེད་རྒྱུར་དགའ་བའི་ནད་ཅིག་ཏག་ཏག་ཡོད་ཀི།
    ཡ་མཚན་རེད་ཡ་་་་་་་་་་་་་་་་་་

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བརྡ་ཆད་གཏན་འབེབས་ཀྱི་སྐོར་ལ་ཐུགས་རྗེ་ཆེ་ཞུ། ཚང་མས་རང་གི་འཇོན་ཚོད་ཀྱིས་ཕྱག་ལས་རེ་གནང་གི་བསྡད་ན་། ལེགས་ཉེས་གང་ཡོད་ཀྱང་ག་ལེར་ག་ལེར་ཚགས་ཚུད་དུ་དང་ཡར་རྒྱས་སུ་གཏོང་རྒྱུ་ཏན་ཏན་ཡོང་གི་རེད། འདིར་ངེད་ལ་རྨོངས་འཆར་ཐུང་ཐུང་ཞིག་ཡོད།
    འཛིན་སྐྱོང་དང་སྨན་རྩིས། དངོས་ཁམས། རྫས་སྦྱོར། རྩི་ཤིང་སོགས་རིག་ཚན་ལྔ་ཡི་བརྡ་ཆད་༡༥༠༠ ཙམ་གཅིག་གྱུར་གཏན་འབེབས་བྱས་ཟེར་དུས།
    བརྡ་ཆད་༡༥༠༠འདི་ད་ཕན་བོད་ཕྱི་ནང་གཉིས་སུ་མེད་པའི་བརྡ་ཆད་གསར་བ་༡༥༠༠གཏན་འབེབས་བྱས་བ་དེ་འདྲ་རེད་དམ། ཡང་ན། བོད་ནང་ན་བརྡ་ཆད་འདིའི་རིགས་ཡོད་པ་གང་ཞིག་ལ་བཙན་བྱོལ་ནས་བསྐྱར་དུ་བོད་ཕྱི་ནང་གཉིས་ཀ་གཅིག་གྱུར་ཡོང་བ་ལ་གཏན་འབེབས་བཟོས་བ་ཞིག་རེད་དམ།
    བརྡ་ཆད་གཏན་འབེབས་འདི་དང་མཉམ་དུ་ཐ་སྙད་གསར་བཟོའི་སྐོར་ནས་ཚིག་འགའ་བཤད་འདོད་བྱུང་། དེ་རིང་སང་ཉིན་དཔལ་འབྱོར་རིག་པའི་སྐོར་གྱི་ཐ་སྙད་མང་དག་ཅིག་བོད་ཡིག་ཏུ་མེད་པ་མ་ཟད་ད་ཕན་འདིའི་ཕྱོགས་ཀྱི་ཚིག་མཛོད་ལྟ་བུ་ཡང་བོད་ཕྱི་ནང་གཉིས་ན་མཐོང་རྒྱུ་མི་འདུག དེར་བརྟེན། དཔལ་འབྱོར་རིག་པའི་སྐོར་ནས་རྨོངས་འཆར་ཞིག་སྤེལ་དགོས་ན།
    བོད་ཡིག་གི་ཐ་སྙད་གསར་བ་རེ་རང་ངོས་ནས་བཟོ་དགོས་བའི་གནས་སྟངས་ཆགས་འདུག འདིའི་ཕྱོགས་ལ་མཁྱེན་ལྡན་ཚོས་བསམ་བློ་རེ་གཏོང་རོགས།

    Reply
  7. མྱི་སྨྱོན། says:
    ལོ་ 16 སྔོན།

    དཔེ་དེབ་འདི་བོད་ཀྱི་རིག་གཞུང་གི་ཞབས་འདེགས་ཞིག་མིན་པར་གཏོར་བཅོམ་གྱི་ཐོ་བ་ཞིག་ཡིན་པར་སྙམ། མིང་བྱང་གཅིག་པོ་འདི་ལྟར་ཡིན་ན་གཞན་་་་་་་་་་ཧ་་་་་ཧ

    Reply
  8. གངས་བུ། says:
    ལོ་ 16 སྔོན།

    དེབ་འདིའི་མིང་ལ་མིང་ལ་མིང་བྱང་རྡོ་ཆགས་བཙན་བསྒྲིགས་ཞེས་བཏགས་ན་ཤིན་ཏུ་འོས།

    Reply
  9. གངས་བུ། says:
    ལོ་ 16 སྔོན།

    དེབ་འདིའི་མིང་བྱང་ལ་ལྟོས་ན་ནང་དོན་བརྡ་ཆད་ཡིན་པ་ཤེས་ཐུབ ། ནམ་རྒྱུན་ང་ཚོས་དབྱིན་ཞེས་འབྲི་བ་ལས་ཡིན་ཞེས་འབྲི་སྲོལ་ཞིག་མེད་མོད ། འདི་ཡང་བརྡ་ཆད་རེད ། ཁྱོད་ཚོས་མིང་བྱང་འདི་ལ་འདི་ལ་འབྲེལ་བཤད་ཅིག་རྒྱོབ་དང་། ཡིནབོད་ཤན་སྦྱར་གཏན་འབེབས་བརྡ་ཆད། ངོ་མའི་དགོད་བྲོ་བ་ཞིག་རེད།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དེབ་དེའི་མདུན་ཤོག་གི་གཤམ་དུ་དབྱིན་ཡིག་ནང་༼Terminology Project. Department of Education/CTA༽ཞེས་བཀོད་པ་དེ། བོད་ཡིག་ནང་༼བརྡ་ཆད་གཏན་འབེབས་ལས་འཆར། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས།༽ཞེས་བྲིས་འདུག དངོས་གནས་བོད་ཀྱི་འབྲི་སྲོལ་ལྟར་ན། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལས་འཆར་ཞེས་འབྲི་དགོས། དབྱིན་བོད་གཉིས་སྐབས་མང་ཆེ་བར་གོང་འོག་བརྗེ་དགོས་པ་དེ་སྐད་ཀྱི་ཆོས་ཉིད་ཡིན་ཡང་། ད་ཐེངས་དེ་ལྟར་བྲིས་མི་འདུག དེ་བཞིན་༼བརྡ་ཆདགཏན་འབེབས་༽ཞེས་པ་ལས། ༼ཐ་སྙད་གཏན་འབེབས་༽ཞེས་བརྗོད་ན་གོ་བདེ་བ་འདུག

    དབྱིན་བོད་ཅེས་པ་དེ་བོད་ནང་གི་མཁས་པ་ཁོ་ནས་བཀོལ་བ་ཞིག་མ་རེད། རྒྱ་གར་ནང་གདོང་ཐོག་རིན་པོ་ཆེའི་དབྱིན་བོད་ཚིག་མཛོད་དང་། རི་ཁ་བློ་བཟང་བསྟན་འཛིན་གྱི་དབྱིན་བོད་ཚིག་མཛོད། ཚེ་དཔག་རིག་འཛིན་གྱི་ནང་དོན་རིག་པའི་མིང་ཚིག་བོད་དབྱིན་ཤན་སྦྱར། གྷོལ་ཌི་སེ་ཊན་གྱི་བོད་དབྱིན་ཤན་སྦྱར་གྱི་དེང་རབས་ཚིག་མཛོད་ཆེ་མོ་སོགས་དབྱིན་བོད་ཅེས་པའི་དབྱིན་འདི་བོད་གཞིས་བྱེས་གཉིས་ཀ་དང་། རྒྱལ་མཆོག་བཅུ་གསུམ་པ་ནས་ད་བར་གྱི་གནའ་དེང་གི་མཁས་པ། གཞུང་འབྲེལ་ཡིག་ཆ། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སོགས་སུ་ཧ་ལམ་ས་ཁྱབ་རྡོ་ཁྱབ་ལྟ་བུ་ཞིག་ཆགས་ཟིན་པ་རེད། དེ་ལ་འགྱུར་བ་བཏང་བར་ངོ་རྒོལ་ཡོད། མ་གཞི་ཨིན་བོད་ཅེས་པ་དེ་གཏན་ལ་ཕབ་པའི་ཐ་སྙད་ ༡༥༠༠ ནང་གསལ་མི་འདུག

    ངས་གཏན་ལ་ཕབ་པའི་ཐ་སྙད་ ༡༥༠༠ དེ་དག་ལས་བརྒྱ་ཆ་ ༢༠ ཙམ་བཀླགས་པ་ཡིན། དེ་ཚོ་སྤུས་དག་པོ་བྱུང་འདུག གཏན་འབེབས་བྱེད་སྟངས་ཀྱང་། ཐོག་མར་མ་ཚིག་དབྱིན་ཡིག་དེ་བཀོད། དེ་ནས་གསར་སྦྱར་རམ་ཡོངས་གྲགས་ཀྱི་བོད་བརྡ་དེ་བཀོད། དེའི་རྗེས་སྐབས་དོན་སོ་སོ་དང་འབྲེལ་བའི་གོ་དོན་ནམ་མཚན་ཉིད་དེ་བཀོད་འདུག་པས། རིག་ཚན་སོ་སོའི་ནང་དོན་གཞི་བཟུང་གོ་བ་སླེབས་ཐུབ་པ་བྱུང་འདུག དེ་ཚོ་ཡང་དག་པ་བྱུང་འདུག བསྔགས་བརྗོད་ཡོད།

    ལྷག་པར་དུ་ཚན་རིག་གི་ཤེས་བྱ་བོད་སྒྱུར་བྱེད་སྐབས་དཀའ་ཚེགས་ཆེ་ཤོས་ཡིན་པའི་རྩ་རྫས་སམ་ཁམས་རྫས་བརྒྱ་ལྷག་ཅིག་གི་མིང་རྣམས་བོད་སྐད་ཐོག་གཏན་འབེབས་བྱུང་འདུག་ དེ་ཚོ་ཡག་པོ་རེད། བོད་ནང་བསྒྱུར་ཡོད་ཀྱང་མང་ཆེ་བ་རྒྱ་ཡིག་གི་སྒྲ་སོར་བཞག་བྱས་སྟབས་ཆིང་དང་ཐན་ལྟ་བུའི་བོད་ཚིག་ཀྱང་མ་ཡིན་ལ། མ་ཚིག་གི་སྒྲ་ཡང་མི་ཐོན་པ། མདོར་ན་སྒྲ་སྒྱུར་དང་དོན་སྒྱུར་གཉིས་ཀ་མ་ཡིན་པ་མང་པོ་ཆགས་ཡོད་པས། ཚན་རིག་གི་ཤེས་བྱའི་མ་ཁུངས་དང་བོད་ཀྱི་སྐད་ཡིག་ལ་བྱང་བ་ཀུན་གྱིས་ཁས་ལེན་དཀའ་བར་གྱུར་ཡོད། རྩ་རྫས་དེ་དག་གི་ཐ་སྙད་གཏན་འབེབས་བྱུང་བ་དེ་ཡག་པོ་རེད།

    ང་ཚོས་དགེ་སྐྱོན་གཉིས་ཀ་ནས་བཤད་དགོས་པ་དེ་གལ་ཆེན་པོ་རེད་སྙམ།

    Reply
  11. རྒྱ་ཤོད་ཐུབ་བསྟན་དགེ་ལེགས། says:
    ལོ་ 16 སྔོན།

    འབའ་པ་ཡིས་བཤད་པར་གནས་ལུགས་འདུག

    Reply
  12. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ཐ་སྙད་ཀྱི་ཉིང་དགོས་ནི་བརྡ་སྤྲོད་པ་བྱ་རྒྱུ་དེ་རེད། དེས་ན་ང་ཚོས་ཁྱབ་ཆེ་བའེ་མིང་ཚིག་དག་བེད་ཆེ་བར་བྱ་དགོས། དེ་ལྟར་མ་བྱེད་པར་གཞུང་ལུགས་གངཞིག་རྒྱབ་ལྗོངས་ཡོད་མདོག་གི་ དབྱིན་ལ ཨིན་དང་། གློག་ཀླད་ལ་རིག་མཛོད་བསྒྱུར་དགོས་ཟེར་བ་སོགས་རང་ལྟ་མཆོག་འཛིན་གྱི་ལག་ལེན་ལས་ང་ཚོའི་ཐུན་མོང་བའི་སྐད་གདངས་ཀྱི་བྱ་གཞག་འགྲུབ་སྲིད་དམ།

    Reply
  13. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    རེད། དཔེ་ཆ་དེ་ང་ལའང་སྐུ་ངོས་གཅིག་གནང་སོང༌། ཁབྱང་དུ་༄༅། །ཨིན་བོད་ཤན་སྦྱར་གཏན་འབེམས་བརྡ་ཆད༎”ཅེས་བྲིས་འདུག

    ད་དུང་སྟངས་འཛིན་ལ་བཏང་འཛིན་ཟེར་དགོས་པ་བཀའཁྲི་ཟམ་གདོང་གིས་གྲོས་ཚོགས་སུ་གསུངས་སོང༌བ་མ་ཟད། བོད་རྒྱ་ཚིག་མཛོད་ཆེན་མོ་རྗེས་འབྲངས་དང་བཅས་པས་འདི་ལྟར་བེད་སྤྱོད་བྱེད་ཀྱང༌། མ་དག་རྒྱུན་འབྱམས་ཟེར་བ་ཞིག་ཀྱང་ཡོད་ནི་རེད་ཟེར། བཏང་དེ་འཛིན་པས་ན་བཏང་འཛིན་ཟེར་བ་ལས། སྟངས་འཛིན་ཞེས་ན་གོ་རྒྱུ་ཅང་མི་འདུག སྟངས་སྟབས་སོགས་ཟེར་སྲོལ་ཡོད་ཀྱང་སྟངས་འཛིན་དངམི་འདྲ་ཚུལ་དགག་སྒྲུབ་གནང་སོང༌། དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད་ན།

    Reply
  14. ཁྲག says:
    ལོ་ 16 སྔོན།

    ཨིན་བོད་ལས་དབྱིན་བོད་ཅེས་བྲིས་ན་བདེ། ཡོངས་གྲགས་སུ་གྱུར་བའི་མིང་ཚིག་འདིའི་རིགས་བསྒྱུར་མི་དགོས་པ་འདྲ། མཁས་པའི་ལྷན་ཚོགས་འདི་ཡང་བོད་ནང་གི་ཤེས་ཡོན་པ་རྣམས་ཀྱི་སེམས་ཤུགས་ཆགས་བྱེད་ཅིག་ཏུ་མི་འགྱུར་བའི་རེ་བ་ཡོད། སྔར་མ་གྲགས་པ་དག་བསྡུ་ལས་སྔར་བོད་རང་གི་མིང་ཚིག་ཏུ་གྱུར་བ་རྣམས་དམིགས་བསལ་ཅན་རེ་འགའ་མ་གཏོགས་བསྒྱུར་མ་དགོས་ན་ཤིན་ཏུ་ལེགས་སོ།།

    Reply
  15. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    མི་འདི་ཚོར་ལས་རྒྱུ་མང་དྲགས་པས་བོད་ནས་འབྱོར་བའི་ཤེས་ཡོན་ཅན་ཚོའི་ཤེས་ཡོན་དེ་གོ་ཅི་ཡང་མི་ཆོད་པ་ཞིག་ཏུ་གྱུར་བསྡད་ཡོད་པ་རེད། ལོས་ཡིན། མོན་ཡུལ་རྡོར་གཅོད་ཟེར་བ་དེ་ཡང་འདི་འདྲ་རང་རེད།

    Reply
  16. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    མི་དེ་ཚོའི་གྲས་ཀྱིས་མང་ཚོགས་ལ་བསམ་བློ་ཞེ་དྲགས་རང་གཏོང་གི་མ་རེད་དོ། སྔོན་མའི་སྒྲ་སྒྱུར་ལག་དེབ་ལྟ་བུ་ཞིག་ཡིན་ཚེ་ཡོད་པ་ལས་མེད་པ་དེ་གློ་བ་དགའ་འོ།།
    མི་འདི་ཚོའི་གྲས་ཀྱིས་མཁས་རྟགས་སྔོན་ལ་བསྟན། མང་ཚོགས་རྗེས་ནས་དྲན་ཡོང་གི་རེད་དོ།།

    Reply
  17. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། དུས་ཡུན་རིང་མོའི་གོང་ནས་ཁ་སྦྱང་ལག་སྦྱང་དུ་གྱུར་ཅིང་བོད་ཡུལ་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་ཡོངས་གྲགས་ཀྱི་ཐ་སྙད་ལས་འདས་ཏེ། དབྱིན་ཇི། ཟེར་བའི་ཚབ་ཏུ་ཨིན། ཞེས་གསར་བཟོ་བྱེད་པ་དེ་རིགས་རྦད་དེ་ནོར་འཁྲུལ་རང་རེད། དེས་ན་ཐ་སྙད་གསར་བཟོ་བ་དང་འབྲེལ་ཡོད་རྣམས་ཀྱིས་གཟབ་གཟབ་མཛད་དགོས་པ་ལས། གང་བྱུང་ཕྱག་རིང་བརྐྱང་དྲགས་ན། ལ་ཞེན་དང་ཤེས་འཇོན་གཉིས་ཀྱིས་ཡོངས་སུ་ཕྱུག་པའི་བོད་བཞུགས་མཁས་པའི་ཚོགས་རྣམས་དང༌། ལོ་ཙྭ་བའི་ཁྱུ་ཚོགས་རྣམས་ཀྱི་དགོངས་ཚུལ་ཇི་ལྟར་ཡོང་བསམ་གཞིག་བྱེད་དགོས་སོ།།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གཏན་འབེབས་བྱས་པའི་ཚིག་་༡༥༠༠ ནང་ཨིན་བོད་དང་དབྱིན་བོད་གཉིས་ཀ་མི་འདུག གཏན་འབེབས་བྱས་པའི་དེབ་ཀྱི་ཁ་བྱང་ལ་ཨིན་བོད་ཅེས་བཀོད་འདུག ད་ང་ཚོར་དབྱིན་བོད་དང་། ཨིན་བོད། ཨིང་བོད་བཅས་གསུམ་ཆགས་སོང་། ཡག་ཤོས་བྱུང་ན་དབྱིན་བོད་རང་ལ་བཞག་ན་ལེགས། དེ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་ཡོངས་གྲགས་རེད་ལ། སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་རང་རྣམ་རིན་པོ་ཆེའི་ནང་ལའང་དབྱིན་ལས་ཨིན་བཀོད་མེད་པ་རེད།

    Reply
  19. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    འདི་ལ་གསར་འགོད་པས་དབྱིན་བོད་ཅེས་དང་ཚིག་མཛོད་དུ་ཨིན་བོད་ཅེས་བཀོད་འདུག དོན་ལ་གཏན་འབེབས་བྱས་ཡོད་པ་དེ་གང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese