ཁ་སང་ཕྱི་ཚེས་ ༢༠ ཉིན་པོ་ཏ་ལའི་ཐང་ཆེན་དུ་ལྷ་སའི་ཞོ་སྟོན་དུས་ཆེན་མགོ་འཛུགས་བྱས་ཡོད་འདུག་ལ། ད་ལོའི་ཞོ་སྟོན་མཛད་སྒོ་དེ་ཚེས་ ༢༠ ནས་ ༢༦ བར་ཉིན་གྲངས་ ༧ རིང་སྤེལ་འཆར་ཡོད་འདུག ལོ་རེར་ཐེངས་གཅིག་རེར་སྤེལ་སྲོལ་ཡོད་པའི་ལྷ་སའི་ཞོ་སྟོན་མཛད་སྒོ་དེའི་ཐོག སེ་ར་དང་འབྲས་སྤུངས་སོགས་ནས་གོས་སྐུ་བཤམས་པ་དང་། ལྷ་ས་མཐིལ་ནས་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་པ། རྟ་རྕལ་དང་གཡག་རྒྱུག་འགྲན་བསྡུར་སོགས་བོད་ཀྱི་སྲོལ་རྒྱུན་གྱི་རྩེད་མོའི་རིགས་ཁག་ཅིག་དང་། ལྷ་སའི་སྦི་རག་དུས་ཆེན་དང་རོམ་མོའི་མེ་ཕུང་དགོང་ཚོགས། རྒྱུག་རྩལ་འགྲན་བསྡུར་སོགས་དེང་རབས་ཀྱི་རྩེད་རིགས་ཁག་ཅིག་བཅས་ཡོད་འདུག
དེར་གཞིས་རྩེ་དང་ལྷོ་ཁ་སོགས་ཡུལ་ལུང་སོ་སོ་ནས་ནས་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གིས་རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་འདྲ་མིན་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་དང་། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་ཉེ་ཁོར་གྲོང་སྡེ་ཁག་གི་ཡུལ་མི། དེ་བཞིན་བོད་ཁུལ་གཞན་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་མང་འདུ་འཛོམས་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཡིན་པ་མ་ཟད། ཚོང་པ་དང་ཁེ་ལས་བ་དག་གིས་གོ་སྐབས་འདི་དང་བསྟུན་ཏེ། རང་རང་ཐོན་རྫས་དང་ཚོང་ཟོག་ཕྱིར་གཏོང་དང་ཉོ་བསྡུད་སོགས་ཀྱི་འདུ་འགོད་བྱས་ཏེ། ལོ་གཅིག་གི་ཁེ་བཟང་ལན་པའི་གོ་སྐབས་ཤིག་ཀྱང་ཡིན་འདུག
ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཉིན་འདི་འགར་ལྷ་སའི་ཕྱི་ནང་བར་གསུམ་དུ་དམག་མིས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱི་རྒྱལ་བ་དང་བོད་ཁུལ་གཞན་ནས་ཡོང་བའི་འགྲུལ་བ་རྣམས་ལའང་ཞིབ་བཤེར་ནན་མོ་བྱེད་ཀྱིན་ཡོད་འདུག་པ་མ་ཟད། གཙུག་ལག་ཁང་དང་པོ་ཏ་ལ། ར་མོ་ཆེ་སོགས་མི་མང་འདུས་སྡོད་ཀྱི་ས་ཚིགས་ཁག་ཏུ་དྲག་ཆས་དཔུང་དམག་འགྲེམ་འཇོག་བྱས་ཡོད་འདུག གཞན། དུས་སྟོན་མཛད་སྒོ་འདི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ཏེ། རྒྱ་ནག་ནང་ཁུལ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་དག་ལ། བོད་པའི་སྤྱི་ཚོགས་གསར་རྙིང་བར་གྱི་ཁྱད་པར་དང་དེང་གི་འཕེལ་རྒྱས་ཀྱི་རྣམ་པ། སྤྱི་ཚོགས་རྙིང་བའི་སྐབས་ཀྱི་བོད་མིའི་བཅའ་དངོས་རིགས་འགྲེམ་སྟོན་སོགས་འཆར་གཞི་དང་ལྡན་པའི་སྒོ་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
བོད་མིའི་སྲོལ་རྒྱུན་ལེགས་བྱང་གི་རྣམ་པ་ཅན་གྱི་མཛད་སྒོ་འདིར་ཞོ་སྟོན་ཞེས་པའི་མིང་གི་ཐོགས་སྟངས་དང་། མཛད་སྒོ་འདི་ཐོག་མར་བྱུང་སྟངས་སྐོར་གྱི་གནས་ཚུལ་མདོ་བསྡུས་ཤིག་བོད་ལྗོངས་ཆ་འཕྲིན་ནང་བཀོད་པ་ལྟར་ན། ཞོ་སྟོན་ཞེས་པའི་ཐ་སྙད་འདི་ལ་བཤད་སྲོལ་ཁག་གཉིས་ཡོད། དང་པོ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས། དུས་ཆེན་དེའི་དབུ་ཐོག་མར་བརྩམས་པ་མ་ཟད་མིང་ལའང་དེ་ལྟར་ཐོགས་ཟེར་བ་གཅིག་དང་། གཉིས་པ། བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་ཞིང་ལེགས་པའི་སྐབས་ཡིན་པ་ན་ཞོའི་སྟོན་མོ་གཏོང་སྲོལ་ཡོད་སྟབས་དེ་ལྟར་ཐོགས་ཟེར་བ་ཁག་གཉིས་ཡོད། ཅེས་བཀོད་འདུག
ཡང་ལྷ་སའི་ཞོ་སྟོན་སྐོར་ལ་དུང་དཀར་ཚིག་མཛོད་ནང་བཀོད་དོན། ཞོ་སྟོན་ཞེས་པའི་གོ་དོན་ནི། དུས་སྐབས་དེར་སེ་འབྲས་སོགས་ལ་དབྱར་གནས་ཚུགས་སྐབས་སྔ་དུས་ཚོགས་གཞུང་དུ་ཞོ་གཏོང་གི་ཡོད་པས་ཞོའི་སྟོན་མོ་བཏང་བས་ཞོ་སྟོན་ཞེས་འབོད་སྐད། དེ་ཡང་སྔོན་དུས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་བ་རྣམས་དབྱར་ཁ་ཟླ་བ་གསུམ་རིང་དགོན་པའི་ཕྱི་རོལ་དུ་ཕེབས་མི་ཆོག་པ་དང་། གལ་སྲིད་ཕེབས་དགོས་བྱུང་ན་ཡང་ཞག་བདུན་ལྷག་བཞུགས་མི་ཆོག་པའི་དབྱར་ཁྲིམས་ཡོད་སྟབས། དེའི་རིང་དགེ་འདུན་གྱི་མངའ་འབངས་མི་སྡེ་དང་། དེའི་དོ་དམ་པ་ཞལ་ཏ་བ་ཟེར་བ་ཞིག་ཡོད་པ་ནས་དགེ་འདུན་པ་རྣམས་ལ་འོ་མ་དང་ཞོའི་སྟོན་མོ་ཐེངས་འགའ་ཤས་འབུལ་སྲོལ་ཡོད་པ་ལྟར། བོད་དུ་ཡང་གདན་ས་སེ་འབྲས་གཉིས་སུ་དགོན་པའི་ནོར་སྲིད་དང་མི་སེར་གྱི་སྤྱི་དཔོན་དུ་བསྐོས་པ་སྤྱི་སོ་ཞེས་པ་རྒན་གཞོན་ཁ་ཤས་ཡོད་ཅིང་། དེ་ཚོས་དབྱར་གནས་མགོ་ཚུགས་རྗེས་ཀྱི་ཞག་བདུན་ཕྲག་གཉིས་སོང་བ། བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འབྲས་སྤུངས་དང་སེ་རའི་དགེ་འདུན་པ་ཡོངས་ལ་གསོལ་ཞོ་བཞེས་སྤྱད་གང་རེ་འབུལ་སྲོལ་དང་། དེའི་སང་ཉིན་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྲྭ་ཚང་སོ་སོའི་སློབ་གཉེར་བ་ཚོས་གཞུང་བཀའ་པོད་ལྔའི་ཐོག་ནས་བགྲོ་གླེང་གི་ཚོགས་ཆེན་མགོ་ཚུགས་པ་ཡིན། ཞེས་བཀོད་འདུག
ཇི་ལྟར་མིག་ལ་མི་མཛེས་པ་དེ་ལྟར་དུ། ངེད་ཅག་གིས་རང་གི་མིག་ལ་མཛེས་པའི་རང་རྒྱལ་བོད་ཀྱི་གངས་སེང་དར་ཆ་དེ་ནི་ཕོ་བྲང་པོ་ཏྰ་ལའི་མདུན་དུ་འཕྱར་བའི་དུས་ཤིག་ཤར་སྲིད་མིན་དེ་ནི་བོད་མི་རིགས་ཀྱི་འདོད་པ་ཡོད་མེད་དང་བོད་མི་རིགས་ཀྱིས་དེ་ཉིད་རྩོད་ལེན་བྱེད་ཐུབ་མིན་ལ་རེག་ལས་པ་ཞིག་མ་རེད་དམ་ལགས།
པོ་ཏ་ལའི་མདུན་ཐང་ནས་ཆེས་མིག་ལ་མི་མཛེས་པ་ནི་སྐར་ལྔ་ཅན་གྱི་དར་དམར་རེད།
པོ་ཏ་ལའི་ཐང་ཆེན་དུ་ལྷ་སའི་ཞོ་སྟོན་དུས་ཆེན་འགོ་འཛུགས་བྱེད་ཐུབ་པ་ཡག་པོ་རེད། འོན་ཀྱང་འགྲུལ་པ་རྣམས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ས་ཚིགས་ཁག་ཏུ་དྲག་ཆས་དམག་དཔུང་འགྲེམས་སྤེལ་བྱེད་ལུགས་ལ་དཔག་ན་སྐྱེ་འགྲོ་རྣམ་པར་དོན་དམ་པའི་བདེ་པ་ཞིག་ག་ལ་བསྐྲུན་ཐུབ།
དྲ་གྲོགས་ཚོས་གོང་དུ་ཞོ་སྟོན་གྱི་འགྲེལ་བརྗོད་ནང་ནས་གང་འཐད་མིན་བགྲོ་གླེང་ཞིག་གནང་ཐུབ་ན་ག་འདྲ་འདུག