མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་མདའི་འོག་གི་གཅིག་གྱུར་དེར་ཕན་ཐོགས་མེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་དམངས་གཙོ་ཟེར་བ་དེ་ཚིག་ཙམ་གྱི་དམངས་གཙོ་མ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་བྱུང་བ་རེད། དུས་དེ་ནས་ངོས་༧རྒྱལ་བ་རིན་པོ་ཆེ་ཕྱེད་རྒན་ཡོལ་བྱས་ཡོད་ཅེས་བཤད་ཀྱིན་ཡོད། དེ་ནི་ངོས་རང་བོད་པའི་དོན་དག་ལ་སེམས་ཤུགས་ཆག་པ་དང་། བོད་དོན་ལ་སེམས་འཁུར་མ་བླངས་པ་དེ་འདྲ་རྩ་བ་ནས་མ་རེད། ཆབ་སྲིད་ཀྱི་འགན་འཁུར་མཁན་དེ་འོས་བསྡུའི་ཐོག་ནས་བྱུང་ན་ཡག་པོ་ཡོད་ལ་བརྟན་པོའང་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༧གོང་ས་མཆོག་གིས་འབུམ་སྡེ་ལར་མི་མང་ཉིས་ཁྲི་ ༢༠༠༠༠ ལྷག་ལ་སྒྲོལ་དཀར་གྱི་ཚེ་དབང་དང་དགེ་བསྙེན་གྱི་སྡོམ་པ་སོགས་བསྩལ་ཡོད་ལ། ཉིན་རྒྱབ་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཆིབས་སྒྱུར་གྱིས་གསུང་ཆོས་ལ་བཅར་མཁན་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་གཙོས་པའི་འབུམ་ལ་ཉེ་འཁོར་གྱི་བོད་རིགས་ཚོར་དམིགས་བསལ་གྱི་བཀའ་སློབ་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། ཐེངས་འདིར་མོན་ཡུལ་དུ་འབྱོར་ཡང་གཞིས་ཆགས་ཁག་ཏུ་འགྲོ་རྒྱུའི་དུས་ཚོད་རག་མ་སོང་། སང་ཉིན་ཨི་ཊ་ན་གྷར་དང་། གནངས་ཉིན་ལྡི་ལི། གཞེས་ཉིན་ཨི་ཊ་ལིར་འགྲོ་དགོས་པ་རེད། ཨི་ཊ་ལིར་ཚེས་ ༡༦ ནས་ ༡༩ བར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་ཀྱིན་ཡོད། ཚེས་ ༡༩ ཉིན་ལྡི་ལིར་ཡོང་སྟེ་ཉིན་གསུམ་རིང་ལས་དོན་ཞིག་ཡོད། དེ་ནས་ངྷ་རམ་ས་ལར་ལོག་སྟེ་ཉིན་གསུམ་ལ་བསྡད་རྗེས་ཡང་བསྐྱར་ཨོ་སི་ཊོ་ལི་ཡ་དང་ནའེ་རྫིར་ལན་ཌི་ལ་འགྲོ་དགོས། དེར་བརྟེན། བསྟན་འཛིན་སྒང་ཉེ་འཁྲིས་ཡིན་ཡང་ཐེངས་འདིར་འགྲོ་ཐུབ་མ་སོང་། ཞེས་༧གོང་ས་མཆོག་གིས་འབྱུང་འགྱུར་གྱི་མཛད་འཆར་ཁག་ཅིག་ངོ་སྤྲོད་དང་བཅས་ཤེས་ཡོན་དང་སྤྱོད་ལམ། བོད་རྒྱའི་གནད་དོན། དེ་བཞིན། དོལ་རྒྱལ་བསྟེན་གསོལ་བཅས་ཀྱི་སྐོར་ལ་ལམ་སྟོན་གནང་ཡོད།

 

ཐོག་མར་༧གོང་ས་མཆོག་གིས་བོད་མིའི་གནས་སྟངས་སྤྱི་ཡོངས་ནས་གསུངས་དོན། ང་ཚོ་བཙན་བྱོལ་དུ་གྱར་ཏེ་སྐྱབས་མེད་མགོན་མེད་ལྟ་བུ་ཆགས་ཡོད། འོན་ཀྱང་། ཁྱེད་རང་ཚོའི་བློ་གཏོད་ས་ངོས་རང་རེད། ངོས་ཀྱིས་བོད་རྒྱ་ཆེའི་མི་མང་གི་བདེ་བ་སྡུག་བསྔལ་ནམ་ཡང་བརྗེད་ཐབས་ཡོད་པ་མ་རེད། འཛམ་གླིང་འདིར་སྐྱབས་བཅོལ་བ་ས་ཡ་མང་པོ་ཡོད་པའི་ནང་དུ་བོད་པ་ཚོ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བྱས་ཏེ་བསྡད་ཡོད། གཙོ་ཆེ་ཤོས་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་ཐུག་ཡོད། བོད་ནང་དུ་ཡོད་པ་ཚོར་ལོ་འདི་འགར་དཀའ་ངལ་ཞེ་དྲག་འཕྲད་པ་རེད། ཞི་བའི་ངོ་རྒོལ་བྱས་ན་བཙོན་ལ་འགྲོ་དགོས་པ་དང་། ཐ་ན་སྲོག་ཀྱང་ཤོར་སྲིད་པ་ཤེས་བཞིན་དུ་ངོ་རྒོལ་བྱས་པ་རེད། དེས་བོད་རིགས་རྒྱ་ཆེའི་མི་མང་གི་སེམས་ཤུགས་མཚོན་གྱིན་ཡོད། རྒྱ་མིའི་ལས་བྱེད་དང་དམག་མིའི་ནང་ཡོད་པའི་བོད་རིགས་ཚོ་ཡང་། སེམས་པའི་ཕུགས་སུ་སོ་སོའི་མི་རིགས་ཀྱི་ལྟ་བ་དང་ཞེན་ཁོག་འགྱུར་བ་མེད་པར་གནས་ཡོད། ཅེས་དང་།

 

བཙན་བྱོལ་ནང་དུ་བོད་མི་ཆིག་འབུམ་དྲུག་ཁྲི་ཡས་མས་ཤིག་ཡོད་ལ། རྒྱལ་ཁབ་སུམ་ཅུ་སོ་གྲངས་ནང་བོད་རིགས་ཡོད། ང་ཚོ་བཙན་བྱོལ་བ་ཚོས་གཞིས་ལུས་རྒྱ་ཆེ་མི་མང་གི་ངོ་ཚབ་བྱས་ཏེ་ད་ལྟའི་བར་འཛམ་གླིང་ཐོག་བོད་ཟེར་བའི་མིང་དེ་ཐོན་ཐུབ་པ་བྱས་ཡོད། སྔོན་མ་བོད་པའི་ཆོས་དང་རིག་གཞུང་ནུབ་ཕྱོགས་པ་ཚོས་རྩེད་མོ་རྩེ་ས་དང་ལྟད་མོར་ལྟ་ས་ཡིན་ཡང་། དེང་སྐབས་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱ་ཡུལ་ཆགས་ཡོད་ལ། འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཚན་རིག་པ་རེ་འགས་ཀྱང་། བོད་པའི་ནང་ཆོས་ལས་མིའི་བསམ་བློའི་འགྲོ་སྟངས་ལ་འགྲེལ་བཤད་བརྒྱབས་ཡོད་པ་དེར་ངོ་མཚར་བྱེད་ཀྱིན་ཡོད། རྒྱ་རིགས་ཚོའི་ནང་དུའང་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ལྐོག་ནས་ངྷ་རམ་ས་ལར་ཆོས་འབྲེལ་བྱེད་དུ་ཡོང་གིན་ཡོད། དུས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་མེས་པོ་ཚོར་ཞབས་འདྲེན་ཞུས་མེད། ཁྱེད་ཚོ་ཚང་མས་སོ་སོ་བོད་པ་ཡིན་སྙམ་པའི་སྤོབས་པ་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་སྐོར་ལ་གསུངས་དོན། ང་ཚོའི་འཐབ་རྩོད་ང་ཚོར་བདེན་པ་ཡོད་སྟབས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་དུ་འགྲོ་བཞིན་ཡོད། རྒྱ་ནག་གུང་ཁྲན་ལ་བདེན་པ་དང་རྒྱུ་མཚན་བགྲང་རྒྱུ་མེད་སྟབས། གདུག་རྩུབ་དང་དྲག་གནོན་བྱ་རྒྱུ་ལས་ལྷག་མེད། ང་ཚོ་འཚེ་བའི་ལམ་དུ་ཕྱིན་ན་རང་ཤི་བརྒྱབས་པ་དང་གཅིག་པ་རེད། འཚེ་བ་མེད་པའི་ཐོག་ནས་བདེན་པ་བདེན་ཐོག་ལ་འཁྱོལ་དགོས་ན། ཤེས་བྱ་ཡོན་ཏན་དགོས། ཤེས་ཡོན་མེད་ན་ལྷག་བསམ་དང་སེམས་ཤུགས་ཙམ་གྱིས་འདང་གིན་མེད། ཁྱེད་ཅག་རྒན་འཁོག་ཚོས་བོད་ཡིག་གི་ཚགས་པར་རིགས་ལ་དོ་སྣང་མང་ཙམ་བྱ་དགོས་ལ། གཞོན་སྐྱེས་ཚོས་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས། བསྟན་འཛིན་སྒང་གི་སློབ་གྲྭ་དེ་རིམ་གྱིས་རྒྱ་ཆེ་རུ་གཏོང་རྒྱུ་དང་འཛིན་གྲྭ་མཐོ་རུ་གཏོང་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། ཅེས་དང་།

 

ཁོང་གིས་ཀུན་སྤྱོད་སྐོར་ལ་གསུངས་དོན། བོད་རིགས་ཚོར་ལྟོ་གོས་ཀྱི་གནས་སྟངས་ཡག་ཏུ་ཕྱིན་པ་དང་བསྟུན་ཏེ་རྒྱན་འཛུགས་ཤོ་རྒྱག་རིགས་ཡོང་གིན་ཡོད་པའི་སྐད་ཆ་འདུག ཨ་རིའི་ནང་དུ་ཡང་དེ་འདྲ་ཡོད་རབས་འདུག དེ་བཞིན། བོད་ནང་དུའང་མ་ཅིང་རྒྱག་མཁན་མང་པོ་ཡོད་ཚུལ་གོ་རྒྱུ་འདུག དེ་ཡག་པོ་མ་རེད། དངུལ་ཏོག་ཙམ་ཡོད་ན་དམ་པོ་བྱོས་དང་རྗེས་མར་བེད་སྤྱོད་གཏོང་ས་ཡག་པོ་ཞིག་རག་གི་རེད། དེ་བཞིན། ཆང་རག་དང་ཐ་མག་ཚོད་མེད་འཐུང་སྟེ། གཟུགས་པོ་འཕྲོ་བརླག་ཏུ་མ་གཏོང་རོགས། ང་ཚོ་བོད་པ་མི་གཅིག་འཕྲོ་བརླག་ཏུ་ཕྱིན་ནའང་ཕངས་པོ་རེད། དེ་རིགས་ལ་ཁྱེད་ཅག་ཚང་མས་གཟབ་གཟབ་བྱོས། གོ་སོང་ངམ། ཞེས་ཅུང་ཐུགས་ཕམ་དང་བཅས་ནན་གྱིས་གསུངས་སོང་།

 

༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་སྐོར་ལ་གསུངས་དོན། ང་ཚོའི་དམངས་གཙོ་ཟེར་བ་དེ་ཚིག་ཙམ་གྱི་དམངས་གཙོ་མ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་བྱུང་བ་རེད། དུས་དེ་ནས་ངོས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཕྱེད་རྒན་ཡོལ་བྱས་ཡོད། ཅེས་བཤད་ཀྱིན་ཡོད། དེ་ནི་ངོས་རང་བོད་པའི་དོན་དག་ལ་སེམས་ཤུགས་ཆག་པ་དང་། བོད་དོན་ལ་སེམས་འཁུར་མ་བླངས་པ་དེ་འདྲ་རྩ་བ་ནས་མ་རེད། ཆབ་སྲིད་ཀྱི་འགན་འཁུར་མཁན་དེ་འོས་བསྡུའི་ཐོག་ནས་བྱུང་ན་ཡག་པོ་ཡོད་ལ་བརྟན་པོའང་ཡོད། ཆབ་སྲིད་དང་འཛིན་སྐྱོང་གི་འགན་གཙོ་བོ་ཁོས་འཁུར་གྱིན་ཡོད་སྟབས། ངོས་རང་ཡར་མར་ལ་ཕྱིན་ཏེ་མི་ལ་བསླབ་བྱ་འདྲ་བརྒྱག་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་བཅས་ཀྱི་ཐད་ལས་ཀ་ཅུང་རེ་བྱ་ཐུབ་ཀྱིན་ཡོད། བོད་མི་ས་ཡ་དྲུག་གི་དོན་དག་དེ་བོད་མི་ས་ཡ་དྲུག་མ་རྫོགས་བར་དུ་འཐབ་རྩོད་བྱེད་ཀྱི་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་ཡོད་ན་འཐབ་རྩོད་ཡོད་པ་དང་། ༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་མོ་འཐབ་རྩོད་ཞུ་འགྲོ་བ་ཞིག་རྩ་བ་ནས་མ་རེད། དེར་བརྟེན། བོད་མི་རང་ཉིད་ཀྱིས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། ༧རྒྱ་ནག་གིས་བོད་པའི་ཞིང་བྲན་བསྐྱར་གསོ་བྱེད་ཀྱིན་འདུག་ཟེར་བ་དེར་ལག་ལེན་དངོས་ཀྱི་ཐོག་ནས་ལན་འདེབས་དང་ར་སྤྲོད་བྱས་ཡོད། ཅེས་དང་།

 

སྔར་ལོ་གསུམ་བཅུའི་དུས་དྲན་རྗེས་ནས་རྒྱ་རིགས་ཤེས་ཡོན་ཅན་ལ་ཐུག་རྒྱུར་འབད་བརྩོན་ཞེ་དྲག་བྱས་པ་ཡིན། འདས་པའི་ལོ་གཅིག་ལྷག་རིང་རྒྱ་མི་ཤེས་ཡོན་ཅན་ ༣༠༠ ལྷག་ལ་ཐུག་རྒྱུ་བྱུང་། དེ་དག་ཚང་མ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ལ་ཤ་ཚ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཤ་སྟག་རེད། རྒྱ་རིགས་ཤེས་ཡོན་པ་ཚོས་བྲིས་པའི་རྩོམ་ཡིག་ ༨༠༠ མ་ཟིན་ཙམ་འདུག དེ་ནི་ང་ཚོའི་བདེན་པའི་མཐའ་གསལ་གྱིན་ཡོད་པའི་རྟགས་རེད། རྒྱ་ནག་གི་དཔོན་རིགས་ཚོར་ཆ་བཞག་ན། བོད་པའི་གནད་དོན་ཀྱི་ཐོག ཉེ་ཆར་ཤིན་ཅང་གི་གནད་དོན་བྱུང་སྟེ་ཉེན་བརྡ་གསར་པ་ཞིག་ཏུ་མཐོང་སྟེ། གུང་ཁྲན་གྱི་མགོ་ཁྲིད་མཐོ་རིམ་ཞིག་གིས་རྩོམ་ཡིག་ཅིག་བྲིས་པའི་ནང་། རྒྱ་ནག་གི་མི་རིགས་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པའི་བསམ་འཆར་བཏོན་འདུག རིགས་གཅིག་གིས་མཁྲེགས་པོ་བྱ་དགོས་ཟེར་གྱིན་ཡོད། དེ་ལ་ཁག་ཀྱང་ཡོད་པ་མ་རེད། ད་བར་འཐུས་ཤོར་དེ་ཙམ་ཞིག་བཏང་ཡོད་སྟབས། གློ་བུར་དུ་བསྒྱུར་བཅོས་བྱས་ན་བརྡབ་གསིག་བཏང་མི་ཡོང་ངམ་སྙམ་པའི་ཞེད་སྣང་ཡོད། ཅེས་དང་།

 

འོན་ཀྱང་། ནམ་རིང་སྒྲུང་གིས་འཁྱོལ་ཐབས་ཡོད་པ་མ་རེད། རིམ་པས་རྒྱ་ནག་གི་སྲིད་བྱུས་ཏན་ཏན་འགྱུར་གི་རེད། དེ་རྒྱ་ནག་གཞུང་གི་ཁེ་ཕན་ལ་ཐུག་ཡོད། རྒྱ་ནག་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བར་རྒྱ་ནག་གི་མི་རིགས་ཁག་གོང་བུ་གཅིག་གྱུར་ཡོང་དགོས་ལ། དེ་ཡོང་རྒྱུར་སེམས་པ་གཅིག་གྱུར་ཡོང་དགོས་པ་ལས་མེ་མདའི་འོག་གི་གཅིག་གྱུར་དེར་ཕན་ཐོགས་མེད། ཨ་རི་དང་ཡུ་རོབ་ཁུལ་དུ་བོད་པའི་བདེན་རྒྱབ་ཏུ་ལངས་མཁན་ལོ་རེ་ནས་ལོ་རེར་ཇེ་མང་རེད། དེ་ཡང་སྙིང་རྗེ་ཙམ་གྱི་རྒྱབ་སྐྱོར་མ་རེད། བོད་མིའི་ཆོས་དང་རིག་གཞུང་དང་། དམངས་གཙོའི་ཐོབ་ཐང་བཅས་ཀྱི་ཆེད་རེད། དེ་ཙམ་དུ་མ་ཟད། བོད་པའི་བདེན་པའི་འཐབ་རྩོད་འདིས་རྒྱ་ནག་ཀྱང་དམངས་གཙོར་བསྒྱུར་ཐུབ་པའི་རེ་བ་ཡོད། ཅེས་རྒྱ་རིགས་ནང་རེ་བ་རྒྱག་མཁན་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ་བཀའ་སློབ་ནན་གྱིས་བསྩལ་དོན། དོལ་རྒྱལ་སྐོར་ལ་ཞོར་འཕྲོས་ཀྱིས་སྐད་ཆ་ཞིག་བཤད་ན་བསམ་སོང་། རིགས་གཅིག་གིས་རྒྱལ་བ་རིན་པོ་ཆེས་བཤད་པ་ཡིན་སྟབས། ང་ཚོས་སྤང་བླང་བྱས་པ་ཡིན་ཟེར། དེ་མ་རེད། ༧རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྐོར་ལ་དམ་དྲག་བྱས་པའི་རྒྱུ་མཚན་གང་ཡིན་ཤེས་དགོས། སྔ་མོ་ངོས་ཀྱང་འཇམ་དགོན་རྒྱལ་བའི་བསྟན་སྲུང་ལ་ཡིད་ཆེས་བྱས་ཏེ་བསྟེན་པ་རེད། འོན་ཀྱང་། ངས་བརྟག་དཔྱད་མང་པོ་བྱས་མཐར་མཚམས་བཞག་པ་ཡིན། སྐབས་དེར་ཡོངས་འཛིན་རྣམ་པ་གཉིས་ཀ་བཞུགས་ཡོད། ཡོངས་འཛིན་གླང་རིན་པོ་ཆེས་སྔོན་མ་ནས་དོལ་རྒྱལ་ལ་འབྲེལ་བ་ཁྱོན་ནས་མི་འདུག ངོས་མཚམས་འཇོག་བྱེད་སྐབས་ཁོང་གིས། ད་འགྲིག་འདུག་ཐུགས་བློ་བདེ་བོ་བྱུང་སོང་ཞེས་བཀའ་གནང་སོང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོན་རྒྱལ་ཞེ་དྲག་བསྟེན་གྱིན་ཡོད་ཀྱང་། ངོས་བརྟག་དཔྱད་བྱས་པའི་སྐོར་སྙན་གསེང་ཞུས་སྐབས། བརྟག་དཔྱད་བྱེད་སྟངས་འགྲིག་འདུག དོགས་པ་རྣམ་རྟོག་ཁྱོན་ནས་མེད། ཅེས་བཀའ་གནང་སོང་།

 

ཡོངས་འཛིན་རྣམ་གཉིས་ཞལ་བཞུགས་སྐབས་ངོས་གནས་ཚུལ་ཆ་ཚང་ཞུས་ཏེ་རྒྱབ་སྐྱོར་གནང་ཡོད། ཁ་ཤས་ཀྱིས་ངོས་བཤེས་གཉེན་བསྟེན་ཚུལ་ལོག་སྟེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དགོངས་པ་རྫོགས་ཤུལ་ནས་ངོས་དེ་འདྲ་བྱས་པ་རེད་ཟེར། ༧རྒྱལ་དབང་ལྔ་བས་དོལ་རྒྱལ་ཟེར་བ་དེ་དམ་སྲི་འབྱུང་བོ་སྨོན་ལམ་ལོག་པ་ཞིག་ལ་ཐག་གིས་བཅད་པ་རེད། ༧རྒྱལ་དབང་ལྔ་བས་ཐག་གིས་བཅད་པ་དེ་༧རྒྱལ་དབང་ལྔ་བ་དང་རྟོགས་པ་མཉམ་པའི་སྐྱེས་བུ་དམ་པ་ཞིག་བྱུང་ན་བསྒྱུར་བཅོས་གཏོང་སྲིད་ཀྱི་རེད་མ་གཏོགས། དེ་འདྲ་ཞིག་མ་བྱུང་བར་དུ་སུ་གང་གིས་ཀྱང་བསྒྱུར་བཅོས་གཏོང་ཐུབ་གི་མ་རེད། སྐུ་མདུན་སྐུ་གོང་མས་དོལ་རྒྱལ་དམ་དྲག་བྱས་པ་རེད། ངོས་ཐོག་མར་ནོར་བ་རེད་དེ་རིམ་གྱིས་ནོར་འཁྲུལ་ངོས་ཟིན་ཏེ། ༧རྒྱལ་དབང་སྐུ་གོང་མ་ཚོའི་རྣམ་ཐར་ནང་བཞིན་ལམ་དེར་ཞུགས་པ་རེད། རྒྱུ་མཚན་དེ་ཁྱེད་རང་ཚོས་ཤེས་པར་བགྱིས། ངོས་བོད་རྒྱ་ཆེའི་མི་མང་ལ་ཤ་ཚ་སྟེ་བཤད་ཀྱིན་ཡོད་མ་གཏོགས་རྙོག་དྲ་བཟོས་པ་མིན། ཅེས་བཀའ་གནང་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་འབུམ་སྡེ་ལ་ནས་སྤེལ། ༽

 

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༤ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༦ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

མཆན། 12

  1. GYAMTSO says:
    ལོ་ 16 སྔོན།

    ལྷོ་བྲག་སྣ་བོ་ཆེས་གསུངས་པ་ངོ་མ་བདེན་གི། ང་ཚོས་ཤོ་སྦག་དང་རྒྱན་རྩེད་ཀྱི་ཐད་ལ་ནན་ཏན་གྱིས་ལས་འགུར་ཞིག་སྤེལ་དགོས་པ་ཆགས་འདུག ཉེ་སྔོན་ལ་དྭགས་བློ་ཆེན་ལགས་ནས་གོང་ས་མཆོག་ལ་བོད་པ་ཚོས་རྒྱན་རྩེད་བསླབ་ཀྱིན་འདུག ་དེ་ཡག་པོ་མི་འདུག་ཞེས་སྙན་སང་ཞུས་པ་སོགས་བློ་འགྱོད་ཆེན་པོ་རེད། མ་རེད་དམ། མ་གཞི་བོད་པ་ཚོས་རྒྱན་རྩེད་བསླབ་ཀྱིན་འདུག་ཟེར་པ་བདེན་པ་རེད། དཔེེར་ན། ང་རང་གི་དངོས་སུ་མཐོང་པ། མེ་ལོར་འགྲོ་སའི་ལམ་པར་གྱི་བོད་པ་ཐང་ཁྲོམ་སྟོན་མཁན་འགའ་རེའི་རྒྱ་གར་ཚོ་ལ་བསླབ་ཀྱིན་འདུག རྒྱ་གར་ཚོ་དགའ་ཐག་ཆོད་ནས་རྒྱན་རྩེད་སྟངས་སྐྱིད་པོ་ཞིག་འདུག་ལམ་སང་སྒོར་མོ་ཡོང་གི་འདུག་ཅེས་བོད་པ་ཚོ་ལ་བཀའ་དྲིན་ཞུ་གི་འདུག ཁྱེད་རང་ཚོ་ཡིད་མི་ཆེ་ན་མེ་ལོར་འགྲོ་ཞོར་ལྟོས་དང་རྒྱུན་ལྡན་རེད།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    སེ་རུ་ལགས།
    ཡར་ཆབ་སྔོན་མོའི་གཞུང་ལ་བཀའ་སློབ་རིན་ཆེན་ནོར་བུ་འདི་བསྐུར་དང་བསྐུར།
    འོན་ཀྱང་ངེད་གྲོང་གསེབ་པ་རྣམས་ལ་ཤོ་སྦག་རྒྱན་རྩེད་ཀྱིས་ཁྱིམ་སྟོངས་མི་སྟོངས་བྱེད་པའི་འཇིག་ཉེན་འདི་བསམ་བློ་དང་ཁོར་ཡུག་སོགས་ཕྱོགས་གང་ནས་ཀྱང་ཉེན་ཚབས་ཆེ་བ་རང་མིན།
    གྲོང་གསེབ་པ་དང་གྲོང་ཁྱེར་བ་ཐམས་ཅད་ལ་སྤང་བར་དཀའ་བའི་གཤིས་ཀ་ཞིག་ཡོད་པ་ནི་ཆགས་སྲེད་ཀྱིས་དབང་གིས་རྒྱ་མོ་ཤ་དཀར་བའི་རྗེས་ན་རི་སྤྱང་ལུ་གུར་རྔམ་པ་ལྟར་འདུར་རྒྱུགས་བྱེད་པ་འདི་ཡིན། འདི་ནི་དེང་དུས་རེག་དུག་དང་མཆིན་པའི་གཉན་ཚད་དུ་འབོད་པའི་བཅོས་ཐབས་མེད་པའི་ནད་གཞི་མང་དག་གི་འབྱུང་རྐྱེན་ཡང་ཡིན།
    སྔོན་ཡིན་ན་ཕ་མ་དང་རྒན་རབས་པའི་འགྲམ་ནས་སྨད་འཚོང་མ་དང་འཁྲིགས་སྤྱོད་སོགས་རྒྱོ་ཡི་རིག་གནས་དང་འབྲེལ་བའི་ཐ་སྙད་འདི་དག་ལབ་སྲོལ་དང་གླེང་སྲོལ་མེད་ཞིག་མེད་ཁར་གལ་ཏེ་ཤེས་མེད་ཚོར་མེད་ཀྱིས་ངག་ནས་ཐོན་ཐལ་འདྲ་བྱུང་ན་ཡང་ཡ་རབས་དང་གོང་བཀུར་གྱི་ཀུན་སྤྱོད་མེད་པའི་མ་རབས་པྲ་ཚགས་ཞིག་གི་ཚད་དུ་བསྐྱེལ།
    འོན་ཀྱང་དེང་དུས་ལྷག་ཏུ་ཨ་ཕ་དང་གཅེན་གཅུང་ཚོར་ཐ་སྙད་འདི་དག་དམར་དམར་བརྗེན་བརྗེན་གྱིས་སྤྱད་དེ་སྐད་ཆ་མ་བཤད་ན་མི་འགྲིག་པའི་ཚད་དུ་བསླེབས་སྟབས་ངས་དེ་སྔོན་རེག་དུག་དང་མཆིན་པའི་གཉན་ཚད་ཀྱི་འགྲེལ་བཤད་ཅིག་དང་སྦྲགས་འཁྲིགས་སྤྱོད་དང་འབྲེལ་བའི་ཐ་སྙད་གང་མང་མང་ཡོད་པའི་སྒྲ་འཛིན་འཁོར་ཐག་ཅིག་ཁོང་ཚོར་བསྐུར་བ་ཡིན།
    སྟབས་ལེགས་ནས་ཁོང་ཚོས་ངོ་ཚ་གོ་ལོག་ཞིག་གིས་མེར་བསྲེག་ཆུར་བསྐྱུར་རང་མ་བྱས་པའི་སྟེང་ཁྱིམ་མཚེས་དང་དགའ་ཉེ་སྤུན་ཉེ་ཚོར་ཡང་ཕར་གཡར་ཚུར་གཡར་གྱིས་སྐབས་ཞིག་རིང་ངའི་སྐད་ཆ་དེ་བླ་མ་ཞིག་གི་གསུང་ཆོས་ཇི་བཞིན་ཆགས་གྲབས་བྱས་འདུག
    འདི་ཡང་ཕ་ཡུལ་གྱི་མི་རྣམས་ལ་ཤེས་ཡོན་གྱི་ལམ་ནས་ཞབས་འདེགས་སྒྲུབ་སྟངས་ཤིག་དང་ཧམ་པ་ཆེ་ཙམ་གྱིས་བཤད་ན་བོད་དོན་སྒྲུབ་སྟངས་ཤིག་ཀྱང་ཡིན་ཆོག
    ཁྱེད་ཚོས་ཀྱང་བརྒྱུད་ལམ་འདི་འདྲའི་ལམ་ནས་ཕ་ཡུལ་གྱི་འབྲོག་རྒན་དང་ཞིང་པ་གཉོམ་ཆུང་རྣམས་ལ་འབྲེལ་བ་རེ་བྱོས་དང་མིག་མཐོང་ལག་ཟིན་གྱི་འབྲས་བུ་རེ་འཐོན་རྒྱུར་དྭོགས་པ་མི་དགོས།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།་་བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།་་བཀའ་བཞིན་བསྒྲུབ་པའི་མཆོད་པའི་རབ་བརྙེས་ནས།།་་ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ཤོག།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།་་གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    Reply
  4. dolmatso2 says:
    ལོ་ 16 སྔོན།

    ty

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས།
    དངོས་ཡོད་ཀྱི་གནས་ཚུལ་གླེང་གནང་བར་བདེན་གཏམ་དུ་འདོད།
    གོང་གི་བཀའ་སློབ་དེ་ང་ཚོས་གང་སར་སྤེལ་ན་ཅུང་ཕན་སྲིད།
    ཡར་ཆབ་སྔོན་མོའི་གཞུང་ལ་བཀའ་སློབ་རིན་ཆེན་ནོར་བུ་འདི་བསྐུར་རོགས།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    དགོངས་འགལ་མེད་པ་ཞུ།

    ༸གོང་ས་མཆོག་གིས་བཀའ་སློབ། ཅེས་པའི་ནང་གི་
    བྱེད་སྒྲ་གིས་དེ་འབྲེལ་སྒྲ་གི་ལ་བཅོས་རོགས།།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་བཀའ་སློབ།

    ཱ”ཆང་རག་དང་ཐ་མག་ཚོད་མེད་འཐུང་སྟེ། གཟུགས་པོ་འཕྲོ་བརླག་ཏུ་མ་གཏོང་རོགས། ང་ཚོ་བོད་པ་མི་གཅིག་འཕྲོ་བརླག་ཏུ་ཕྱིན་ནའང་ཕངས་པོ་རེད། དེ་རིགས་ལ་ཁྱེད་ཅག་ཚང་མས་གཟབ་གཟབ་བྱོས། གོ་སོང་ངམ། ”

    གོང་འཁོད་བཀའ་སློབ་འདི་དྲ་གྲོགས་ཚོས་གང་སར་འགྲེམས་སྤེལ་གནང་རོགས།
    རྣག་ཐོག་གི་བཙག་བུ་བཞིན་ཆང་འཐུང་སོགས་ཀྱི་རིགས་ལ་ཅུང་ཕན་སྲིད།།

    Reply
  8. ཁྲི་སྙན་ས་ལེ། goral says:
    ལོ་ 16 སྔོན།

    ཨ་ཅེ་བདེན་ཡ་ན་ནིང་ཡིན་ན།

    Reply
  9. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་བཤད་པ་གདན་པ་རེད།
    བོད་ནང་གི་བོད་མི་དེ་ཚོ་རྒྱ་ནག་གི་གཡོ་སྒྱུ་འོག་ཚུལ་པ་རེད།
    འོ་ན་བཙན་བྱོལ་ལ་གནས་པས་བོད་མི་མི་ཉུང་བ་ཞིག་གི་ཤོ་སྦག་མ་ཅང་སོགས་འདྲ་མིན་རྩེད་རྒྱུ་ཡོད་དེ་ག་བྱས་པ་རེད་དམ།
    དཔེར་ན་རྡ་རིམ་ས་ལ་མོག་ལེར་གྷེན་ཅི་བོད་པས་མགྲོ་ཁང་འོག་ཏུ་མ་ཅང་རྩེད་ས་མི་ཚང་ཁ་ཤས་འདུག ད་དུང་གངས་སྐྱིད་དང་ནོར་བུ་གླེང་ག་སོགས་ཤོ་སྤག་དང་མ་ཅང་སོགས་འཛེམ་བག་མེད་པར་རྩེད་མོ་རྩེད་གནང་གི་ཡོད་པ་དེ་ག་རུ་གནང་གིན།

    Reply
  10. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    དྷ་ས་གཙོས་ཕྱོགས་གང་སར་བོད་མི་མི་ཉུང་བ་ཞིག་གཡེང་ཆས་རིགས་ལ་ཧ་ཧ་ཧོ་ཧོ་བྱས་ནས་བསྡད་འདུག
    དེ་ཙམ་དུ་མ་ཟད་བོད་དོན་གྱི་འགན་འཁུར་བ་དང་། ལས་སྣེ་བ་རྣམས་ཀྱིས་་ཀྱང་བོད་དོན་ལྷིང་འཇགས་ཀྱི་ངང་འཇོག་གི་མེད་དམ།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དེང་སང་ཤོ་སྦག་དང་རྒྱན་རྩེད་ཀྱི་ཐད་ལ་༸གོང་ས་མཆོག་ནས་ནན་ཏན་གྱིས་བཀའ་སློབ་གནང་གི་འདུག འདི་མི་རིགས་ཤིག་གི་ཆགས་འཇིག་གི་གནད་དོན་དང་འབྲེལ་བ་ཡོད་པས་རེད། བོད་ནང་རྒྱ་ནག་གི་ཉེན་རྟོག་པ་དང་ཆབ་སྲིད་པ་ཚོས་གནད་དོན་འདི་འདྲའི་ཐད་དམ་དྲག་ཤིག་བྱ་རྒྱུ་ཕར་བཞག ད་དུང་གུ་ཡངས་དང་འདི་འདྲའི་ཁོར་ཡུག་ཅིག་མི་མངོན་པའི་ས་ནས་བསྐྲུན་གྱི་ཡོད་པའི་བཟོ་ལྟ་ཡོད།

    དེ་སྔོན་ངའི་ཕ་ཡུལ་ནས་བསླེབས་པའི་མི་ཞིག་གིས་བཤད་མྱོང་། རྩེད་ཐང་གྲོང་ཁྱེར་ནང་ཤོ་སྦག་རྒྱན་རྕེད་རྩེད་སའི་ཁང་ཆེན་ཞིག་ཡོད་པ་དང་སྐབས་རེ་ཁང་ཆེན་དེ་ཡོངས་སུ་ཁེངས་ནས་རྒྱན་རྕེད་པའི་རིགས་རྣམས་སྒོ་ཁ་དང་ལམ་ཟུར་དུ་འགྲུལ་མི་རླངས་འཁོར་ལ་སྒུག་པ་ཇི་བཞིན་རྒྱན་རྩེད་ཀྱི་ཆེད་སྒུག་ནས་སྡོད་ཀྱི་འདུག་ཟེར།
    འདི་དངོས་ཡོད་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་རེད།
    རྒྱ་རིགས་པ་རྣམས་འདི་འདྲའི་གྲལ་དུ་མཐོང་རྒྱུ་མེད་པའི་ཐོག་ལག་པ་སེར་ཁ་གས་གས་ལས་དོན་འབུངས་ཀྱིན་འདུག་ཟེར།
    སྔོན་མ་རྩེད་ཐང་ཉེ་འཁོར་དུ་ས་ཞིང་ཡོད་པའི་བོད་མི་རྣམས་ཀྱིས་དེང་དུས་ས་ཞིང་ཡོངས་རྫོགས་རྒྱ་ནག་པ་རྣམས་ལ་བཙོངས་ཏེ་ས་ཆ་དེ་དག་ཚོང་ཁང་དང་ཟ་ཁང་གི་ཆེད་དུ་སྤྱད་ནས་དེང་སང་རྒྱ་ནག་པ་ཁོང་ཚོ་འབྱོར་བདག་ཅན་ཏུ་གྱུར་འདུག་ཟེར།
    འོན་ཀྱང་བོད་རིགས་པ་རྣམས་ས་ཞིང་བཙོངས་ཤུལ་གྱི་མ་རྩ་དག་ཤོ་སྦག་རྒྱན་རྩེད་ཀྱི་ཆེད་དུ་བཀོལ་ཏེ་ཡར་རྒྱས་ཀྱི་རྣམ་པ་ཅི་ཡང་མངོན་དུ་མེད་ཟེར།
    དེ་བཞིན་བོད་རིགས་རྣམས་ཀྱིས་གྲོང་ཁྱེར་ནང་རོལ་གྱི་ས་ཁང་དང་སྡོད་ཁང་ཕལ་ཆེར་རྒྱ་ནག་པ་རྣམས་ལ་དངུལ་དངོས་ཕྲན་ཚེགས་དང་བརྗེས་ཏེ་དེང་སང་ཁོང་ཚོ་གྲོང་འཁྱེར་ནས་མཐའ་བུད་དུ་འགྲོ་ཡིན་ཡོད་པར་བཤད།

    འདི་ང་ཚོ་རང་ངོས་ནས་མ་འགྲིག་པའི་གནད་དོན་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་ཡིན་ཅིང་སྐབས་རེ་བོད་པ་རང་ངོས་ནས་ཀྱང་རྒྱ་མིའི་སྲིད་ཇུས་ལ་འགྲོ་བདེ་སྡོད་བདེའི་གུ་ཤངས་ཞིག་སྤྲོད་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese