མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་གྱི་འབྲེལ་བ་མྱུར་ཏུ་བསྐྱར་གསོ་བྱ་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཉམ་དུ་གསར་འགོད་གསལ་བསྒྲགས་གནང་སྐབས། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ངོས་འཛིན་ཡོད་པ་དང་ཆབས་ཅིག་ཏུ། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་མཉམ་དུ་བོད་རྒྱ་ཞི་མོལ་གྱི་འབྲེལ་བ་མྱུར་ཏུ་བསྐྱར་གསོ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

དེ་རིང་ཕྱི་དྲོའི་ཆུ་ཚོད་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཀྱིས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོ་ཟེར་བའི་ནང་དུ་མཉམ་འབྲེལ་གྱི་གསར་འགོད་ཚོགས་འདུ་ཞིག་སྤེལ་ཡོད་པ་དང་། གསར་འགོད་ཚོགས་འདུ་དེའི་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསུངས་དོན། གོང་དུ་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གསུངས་པ་བཞིན་ཨ་རིའི་ངོས་ནས་རྒྱ་ནག་གི་བདག་དབང་དང་རྒྱལ་ཁོངས་གཅིག་གྱུར་ལ་བརྩི་བཀུར་ཞུ་བཞིན་པ་ལྟར། ང་ཚོས་ཡང་བསྐྱར་རྒྱ་ནག་གཅིག་གི་སྲིད་བྱུས་འཛིན་བཞིན་པ་དེ་གསལ་འདོན་ཞུ་རྒྱུ་ཡིན། དེ་བཞིན། ང་ཚོས་དོ་སྣང་བྱེད་བཞིན་པ་ནི། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཡོད་པ་དང་ཆབས་ཅིག་ཏུ། ཨ་རིའི་ངོས་ནས་རྒྱ་ནག་སྲིད་གཞུང་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་མོལ་མྱུར་དུ་བསྐྱར་གསོ་གནང་སྟེ། བོད་རྒྱའི་བར་གནས་པའི་དཀའ་ངལ་མཐའ་དག་སེལ་ཐུབ་རྒྱུར་རྒྱབ་སྐྱོར་གནང་གིན་ཡོད་ཅེས་གསུངས་ཡོད་པ་རེད། ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གསུངས་དོན། ངས་ཁ་སང་ཧྲང་ཧེ་རུ་བཤད་པ་བཞིན། ང་དང་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཀྱིས་ཨ་རིའི་རྒྱལ་ཁབ་ཀྱི་ཆེས་གཞི་རྩའི་རིན་ཐང་གི་འདུ་ཤེས་སུ་གྱུར་བ་དང་། ཡང་གཅིག་བཤད་ན། སྐྱེས་ཕོ་མོ་ཚང་མས་ལོངས་སྤྱོད་དགོས་པའི་གཞི་རྩའི་ཐོབ་ཐང་སྐོར་ལ་གླེང་མོལ་བྱས་ཡོད། ང་ཚོའི་ངོས་ནས་གཞི་རྩའི་ལམ་ལུགས་འདི་དག་ནི་ཨ་རི་རྒྱལ་ཁབ་ཁོ་ནར་དགོས་ངེས་ཞིག་མ་ཡིན་པར། འཛམ་གླིང་སྤྱི་ཡོངས་ལ་དགོས་པའི་ཐོབ་ཐང་ཞིག་དང་། ཡང་ན། འགྲོ་བ་མི་ཡོངས་རྫོགས་དང་།  མི་རིགས་ཡོད་ཚད་། དེ་བཞིན་ཆོས་ལུགས་དད་མོས་ཅན་གྱི་ཚོགས་སྡེ་ཚང་མར་ཐོབ་དགོས་ངེས་ཞིག་རེད། དེ་ཙམ་དུ་མ་ཟད་ང་ཚོའི་རྒྱལ་ཁབ་གཉིས་ཀྱི་ངོས་ནས་ལོ་རྗེས་མའི་ལོ་མགོར་ཚོགས་གཏན་འཁེལ་བའི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་གི་སྐབས་སུ་སྔར་ལས་ལྷག་པའི་གླེང་མོལ་གནང་རྒྱུ་ཐག་གཅོད་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།


རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་གི་ངོས་ནས་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གཅིག་གི་སྲིད་བྱུས་དང་། ཨ་རྒྱ་མཉམ་འབྲེལ་གྱི་སྤྱི་བསྒྲགས་གསུམ་དང་། དེ་བཞིན་ཐའེ་ཝན་གྱི་གནད་དོན་ཐད་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་བརྩི་འཇོག་གནང་བར་བསྟོད་བསྔགས་ཡོད་ཅེས་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་གཅིག་གྱུར་གྱི་གཞི་རྩའི་ལངས་ཕྱོགས་ལ་བརྩི་བཀུར་དང་། གཞི་རྩའི་ལངས་ཕྱོགས་འདིར་གནོད་པའི་བྱ་སྤྱོད་ཅི་རིགས་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཕན་ཚུན་འདྲ་མཉམ་དང་བརྩི་བཀུར་གྱི་སྒོ་ནས་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་འདུ་ཤེས་ཀྱི་སྒོ་ནས། འགྲོ་བ་མིའི་ཐོབ་དང་དང་ཆོས་ལུགས་ཀྱི་གནད་དོན་ཐད་ཕན་ཚུན་འབྲེལ་འདྲིས་དང་གླེང་སློང་བཅས་བྱས་ཏེ། ཕྱོགས་གཉིས་ངོས་ཀྱི་མི་མཐུན་པའི་ཆ་ཉུང་དུ་བཏང་སྟེ་སྤྱི་མཐུན་གྱི་ཆ་གོང་མཐོར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཧྲང་ཧེ་རུ་རྒྱ་ནག་གི་སློབ་མ་རྣམས་ལ་དུས་རབས་ཉེར་གཅིག་པའི་གཞོན་ནུ་རྣམས་ཀྱི་འོས་འགན་གྱི་སྐོར་ལ་གཏམ་བཤད་དང་། དེ་བཞིན་དྲ་རྒྱའི་འབྲེལ་ལམ་དང་ཚོགས་རའི་སློབ་མ་རྣམས་ཀྱིས་ཐད་ཀར་བཏོན་པའི་དྲི་བ་ཁག་ལ་ལན་འདེབས་ཀྱང་བསྐྱོན་ཡོད་པ་རེད། དེའི་སྐོར་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། དེ་སྔོན་གོ་སྒྲིག་གནང་བའི་སློབ་མའི་གྲངས་འབོར་ ༡༠༠༠ དེ་ཉུང་འཕྲི་བྱས་ཏེ་ ༥༠༠ བཏང་ཡོད་པ་དང་། དེ་བཞིན་ཚོགས་རའི་ནང་གི་སློབ་མ་རྣམས་ནི་རྒྱ་ནག་གཞུང་གིས་ཆེད་དུ་རྩ་འཛུགས་བྱས་པའི་དམར་ཕྱོགས་ཀྱི་དགེ་རྒན་དང་སློབ་མ་རྐྱང་ཡིན་སྐོར་བརྗོད་ཡོད་པ་རེད།  ཨ་རིའི་སི་ཨིན་ཨིན་ CNN གྱི་གསར་འགོད་པ་ ཨེ་མེ་ལེ་ཁྲང་ Emily Chang ཞུ་བས་རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་དམག་ལྭ་གྱོན་པའི་ཨོ་བྷ་མའི་བྲིས་རིས་ཅན་གྱི་སྟོད་གོས་ཞིག་བརྙན་ལེན་བྱས་པ་ལ་བརྟེན་ནས་ཆུ་ཚོད་གཉིས་རིང་བཀག་ཉར་བྱས་ཡོད་འདུག  ཕྱི་ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་པེ་ཅིན་དུ་འབྱོར་ཡོད་པ་དང་། སྐབས་དེར་པེ་ཅིན་དུ་ཞུ་གཏུགས་བྱེད་པར་ཡོང་བའི་མི་སེར་དཀྱུས་མ་བཞི་བཅུ་ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༩ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 33

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོ་བྷ་མས་སྐད་ཆའི་ནང་དོན་འདི་རེད། མི་ལྷམ་མགོ་མེད་མཁན་ཞིག་གི་ལོ་རྒྱུས་ཙམ་ཞིག་ཐོས་པ་རྒྱུ་མཚན་དུ་བྱས་དེ། ཁྱེད་ཀྱིས་མི་དེ་ལ་ལྷམ་མགོ་ཞིག་སྤྲོད་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཟེར་བ་དང་ཁྱད་པར་མི་འདུག དེ་ནི་ཁ་ཡག་ཞིག་ལས་དོན་དངོས་ལག་ལེན་ལ་འདེབས་དགོས་པའི་སྐད་ཆ་ཞིག་མིན། དེ་མིན་ཁོ་རང་གིས་དངོས་ནས་མི་དེ་ལ་ལྷམ་མགོ་མེད་པའི་ན་ཟུག་དང་ལྷམ་མགོ་མེད་པར་འགྲོ་མཁན་གྱི་མི་དེ་ཡི་ན་ཟུག་དངོས་དེ་མི་དེར་བཤད་ཐུབ་མེད་པ་ཡིན། གང་ཡིན་ཟེར་ན་རང་གི་ལྷམ་མགོ་གཙང་མ་བཟོ་བ་དང་། རང་ལ་ལྷམ་མགོ་གསར་བ་ཞིག་གོན་རྒྱུ་འདུན་པ་ཡོད་པ་དང་། ལྷམ་མགོ་གསར་བ་གྱོན་མཁན་གྱི་མི་དེ་ལ་ཁྱེད་རང་གི་ལྷམ་མགོ་གསར་བ་དེ་ང་རང་གིས་ཀྱང་གོན་འདོད་ཡོད་ཟེར་བ་དེ་ཙམ་རེད།

    Reply
  2. Bugig says:
    ལོ་ 16 སྔོན།

    སྐུ་ཞབས་བཙན་པོའི་བུ་ལགས། དེ་ལྟར་བྱུང་ན་ཡག་པོ་རེད་དེ། མཚམས་རེ་གང་ཟག་ལ་ཁྱད་པར་ཆེན་པོ་འདུག མི་ཁ་ཤས་ཀྱིས་ག་རེ་གསུང་གསུང་། མི་ལ་དམའ་འབེབ་ག་རེ་བྱས་བྱས་རེད་འདུག ང་ཚོའི་མིག་མདུན་ལ་མཐོང་བཞིན་པ་འདི་རེད། དེའི་ཐད་ང་ཡང་ཐེངས་འགའ་ཤས་ལ་སེམས་པ་ཕམ་པོ་བཟོས་སོང་། སྤྱི་སྟངས་ཁོག་ནད་ཡོད་ན་དངོས་སུ་མ་ཐུག་པ་དྲ་རྒྱའི་ནང་དུ་གླེང་བསྡད་ན་བྱིས་པའི་རྩེད་མོ་རེད་དེ་མཚམས་རེ་མ་བྱས་རང་བྱས་ཆགས་ཡོད་འདུག

    Reply
  3. བཙན་པོའི་བུ། says:
    ལོ་ 16 སྔོན།

    སྐུ་ཞབས་གསེས་རིས་མིང་ཅན་པ་ལགས། ངས་འདི་ནས་སྐྱག་རྫུན་བཤད་མི་འདོད་ལ། བསམ་བཞིན་དུ་ཁྱེད་ལ་དམིགས་ནས་དྲ་རྒྱ་འདིའི་བརྒྱུད་ལམ་བཙལ་བ་ཡང་མིན། འོན་ཀྱང་། སྔ་མོ་ཞིག་ནས་དུས་བབ་ཚང་གི་ཟིན་བྲིས་པ་དག་གིས་སྨྱུག་མིང་འདྲ་མིན་བཟོས་ཏེ། སྤྱི་ཚོགས་ནང་དགོས་མེད་ཀྱི་དཀྲོགས་གཏམ་སྤེལ་བ་དང་། དེ་བཞིན་གནས་ལུགས་མི་རྩོད་པར་གང་ཟག་སྒེར་གྱི་སྙིང་ནད་མང་པོ་ཞིག་དྲ་ཐོག་འདིར་ཁུར་ཡོང་ནས། དུས་བབ་ཚང་གི་མདུན་སྐྱོད་དང་མཚན་ཤས་ལ་གནོད་པའི་བྱ་བ་མང་པོ་ཞིག་བྱེད་བཞིན་པ་མཐོང་སྟེ། ཟླ་ཤས་ཀྱི་སྔོན་ནས་ཁྱེད་ཅག་གི་དྲ་རྒྱའི་བརྒྱུད་ལམ་དག་སྔོག་གཤེར་དང་། ཡུལ་ལུང་གང་ཞིག་དང་། དྲ་ལམ་སྟེ་ code གང་ཞིག་ནས་མཆན་བུ་འདེབས་ཀྱིན་ཡོད་མེད་སོགས་ཀྱི་སྐོར་ལ་ཞིབ་དཔྱད་བྱས་པ་ཡིན། འོན་ཀྱང་། སྐུ་ཉིད་ཀྱི་དྲ་རྒྱའི་བརྒྱུད་ལམ་འདི་ནས་ནམ་རྒྱུན་སྤྱི་ཚོགས་ལ་གནོད་པའི་མཆན་བུ་མང་པོ་ཞིག་ཡོང་གི་འདུག་པས། རྗེས་ཕྱོགས་མཆན་གང་ཞིག་བཏབ་རུང་གཟབ་གཟབ་བྱོས། ངས་འདི་ནས་ཁྲིམས་མཐུན་གྱི་སྒོ་ནས་དྲ་རྒྱའི་སྟེང་དུ་ལས་ཀ་བྱེད་ཀྱིན་ཡོད། གལ་སྲིད་སྐུ་ཉིད་ཀྱི་དྲ་རྒྱའི་བརྒྱུད་ལམ་དེ་བཙལ་དགོས་བྱུང་ཚེ། སྐུ་ཉིད་ཀྱི་དྲ་རྒྱ་དེ་ཁྲིམས་ཐོག་ནས་འཚོལ་རྒྱུ་ཡིན་པས། དེ་ལུགས་དགོངས་འཇགས་འཚལ། ངས་གང་ཟག་ཁྱེད་སུ་ཡིན་མི་ཤེས་མོད། འོན་ཀྱང་དྲ་རྒྱའི་བརྒྱུད་ལམ་གང་ཞིག་ཡིན་པ་དང་། དྲ་བའི་ཨང་གྲངས་ཅི་ཞིག་ཡིན་པ་རྩོད་མེད་ངང་བཙལ་འཚོལ་བྱུང་ཟིན།

    Reply
  4. གསེས་རིས། says:
    ལོ་ 16 སྔོན།

    རྨོག་རུ་བསྟན་པ་ཟེར་བ་འདི་འདྲ་ག་རེ། ག་རེ་ཟིན་བྲིས་གཙང་མ། ག་རེ་གུ་ཡངས་པོ། ག་རེ་རྫུན་མིང་། ཁྱོད་ཀྱིས་རྨོག་རུ་བསྟན་པ་དངོས་མིང་བེད་སྤྱོད་བྱས་ཡོད་དེ་བྱས་རྗེས་རེད་བསམ་གྱི་ཡོད་དམ། གོ་ན་མི་འདོད། གྲྭ་ས་སེར་འབྲས་དགེ་གསུམ་ལ་དཀྲུག་ཤིང་ག་རེ་བརྒྱབ་ཡོད་ཤེས་ཤེས་མ་ཡིན་ནི་རེད། ཁ་བདེ་བོ་མ་བྱས་ན་ཧྲ་ནི་རེད། རྟ་མགོ་སྐམ་པོ་ཟེར་བ་ངས་དྲ་རྒྱའི་ནང་དུ་མང་པོ་མཐོང་སོང་ཁྱོད་ཡིན་པ་འདྲ།

    Reply
  5. གུང་རུ་འབྱོར་མཆོག says:
    ལོ་ 16 སྔོན།

    བོད་རྒྱ་ཞི་མོལ་གྱི་འབྲེལ་བ་མྱུར་ཏུ་བསྐྱར་གསོ་ཡོང་བ་སྨོན།

    Reply
  6. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    དུས་བབ་ཚང་ལགས། གདམས་ངག་གི་མཆོག་ཚང་ཐོག་ཏུ་རྒོལ་བ། ཞེས་པའི་གནད་ཀ་ཤེས་པར་གྱིས།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    ༼བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད༽ཟེར་བ་འདི་དང་ཐོག་ཕྱི་ལ་བསྒྲགས་མཁན་ཏཱ་ལའི་བླ་མ་རེད། ཁྱབ་བསྒྲགས་ཤུགས་ཆེན་བྱེད་མཁན་དཔལ་ལྡན་བཀའ་ཤག་རེད། དེ་བས། དབྱིན་གཞུང་ཨུ་ཐུག་ནས་རྒྱ་ནག་ལ་བཟོད་གསོལ་ཞུ་དགོས་བྱུང་བ་རེད་ལ། དེ་ལ་བརྟེན་ནས་མོན་རྟ་དབང་རྒྱ་ཁོངས་ཡིན་པའི་རྩོད་གཞི་ཇེ་ཆེར་གྱུར་བ་རེད། མ་གཞི་བྷ་བྷུ་རྗེ་གཞུང་གིས༼བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད༽ཟེར་བ་དེ་བཀོལ་ནས༼ས་མཚམས་ཐག་གཅོད༽བྱེད་འདུན་བཅངས་ཡོད་ནའང་། རྡོ་བ་ལམ་ནས་བླངས་ཏེ་རང་ཉིད་ཀྱི་རྐང་བར་བརྡབས་པའི་དཔེ་རུ་གྱུར་ཡོད་པ་རེད།

    Reply
  8. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་མི་རིགས་དང་རྒྱལ་ཞེན་ཆེན་མོས་རང་རང་གི་བསམ་ཚུལ་གླེང་བ་དེར་དགའ་བོ་བྱུང་། ཡིན་ནའང་ཨོ་བྷ་མས་གསུངས་པའི་ཚིག་དོན་ལ་དབྱེ་ཞིབ་གཏིང་ཟབ་མོ་ཞིག་ལོན་ཨེ་ཡོད་བསམ། ཨོ་བྷ་མས་བོད་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་གསུངས་པ་ལས། རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་གསུངས་ཡོད་པ་མ་རེད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་༦༠ལས་ཕྱིན་མེད་ལ། རྒྱ་ནག་རྒྱལ་ཁབ་དེ་དང་དེང་སྐབས་ཆབ་སྲིད་རིགས་པའི་སྟེང་ནས་བཤད་ན་གཅིག་པ་ཅིག་མིན་པར་འདོད།

    Reply
  9. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་མིའི་ཁྲོད་ཐོག་མར་ཨ་རིར་ཕེབས་ནས་གཞིས་ཆགས་མཁན་དང་པོ་ནི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་རེད། ཨ་རི་ལ་རེ་བ་བརྒྱབ་ན་ཡོང་གི་མ་རེད་ཅེས་ཨ་རིའི་གཞུང་ལ་ཡིད་ཆད་མཁན་ཐོག་མ་ཡང་སྟག་འཚེར་རིན་པོ་ཆེ་རེད། ཁོང་གིས་རྒྱ་ནག་མ་ཡིན་པའི་ཕྱིའི་རྒྱལ་ཁབ་ཅིག་ལ་རེ་བ་རྒྱག་གི་ཡིན་ན་དེ་ནི་རྒྱ་གར་རེད་ཅེས་གསུངས་པ་རེད། འདི་ལྟར་བལྟས་ཡོང་དུས་ཕྱོགས་གང་ཐད་ནས་བོད་པ་ཚོར་ཕན་ཐོགས་མཁན་ནི་རྒྱ་གར་རེད། བོད་དོན་ཐད་སེམས་གཏིང་ནས་སེམས་ཁུར་ཡོད་མཁན་ཡང་རྒྱ་གར་ཡིན་པ་འདྲ། ད་ང་ཚོས་བཙན་བྱོལ་བོད་གཞུང་གི་ཕྱི་སྲིད་ཀྱི་འཐབ་བྱུས་འདི་ལ་བསྐྱར་ཞིབ་ཅིག་བྱེད་རན་འདུག

    Reply
  10. བེ་རི་དཔལ་ལྡན་རྣམ་རྒྱལ། says:
    ལོ་ 16 སྔོན།

    བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱ་དགོས་པ་ནི་རྒྱ་ནག་དང་ཚོང་འབྲེལ་བྱ་བའི་ཐོག་མའི་ཆ་རྐྱེན་ཞིག་ཡིན་པས་ཚོང་འབྲེལ་རྒྱལ་ཁབ་ཀུན་གྱིས་ཁས་ལེན་བྱེད་རྐྱང་ཡིན་པས་ད་རིང་ཨོ་བྷ་མས་ཀྱང་དེ་ལྟར་གསུང་པ་ཁག་ཅི་ཞིག་ཡོད།།
    ད་དུང་ཁོང་གིས་བོད་རྒྱ་འབྲེལ་ལམ་ལ་སྐུལ་མ་གནང་བ་དེ་དགའ་འོས་པ་ཞིག་རེད།།་་་་་་་་་་་་་་་་་་་་དེ་ཙམ་ཞིག་མ་གཏོགས་འུ་ཅག་བོད་པ་ཚང་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ས་མ་རེད།་་་་་་་་་་བོད་པ་ཚང་རང་གིས་མདུན་དུ་ཐོན་ནས་ཤུགས་རྒྱབ་དགོས་པ་ལས་རྒྱལ་ཁབ་གཞན་ལ་རེ་བ་བཅོལ་བས་ཕན་ཐོགས་མེད་པ་འདྲ།།

    Reply
  11. འཁྱམས་པོ། says:
    ལོ་ 16 སྔོན།

    བོད་པ་ཚང་གླེན་པ་རེད། རེ་བ་མི་ལ་རྒྱག་པ་དེ་ནོར་པ་རེད། ལྷག་པར་ཨ་རི་ལ་རེ་བ་རྒྱག་པ་དེ།
    རང་ཉིད་ཀྱི་བྱ་པ་གནད་དོན་གང་ཡིན་ནའང་རང་ཉིད་ལ་རག་ལས་ཡོད།
    ཡང་གཅིག་བཤད་ན། ལོ་རྒྱུས་གང་དུའང་རྒྱལ་ཁབ་གང་ཞིག་གིས་རང་བཙན་རྩོད་ལེན་གྱི་ལོ་རྒྱུས་ཡོད་ཚད་དུ་་སོ་སོ་རང་ཉིད་ལས་ཕྱི་ལོགས་ནས་སུ་གང་ཞིག་གིས་ཁོང་ཚོ་ལ་རང་བཙན་སྤྲོད་མཁན་ཞིག་བྱུང་ཡོད་པ་མ་རེད།
    ང་ཚོས་ཀྱང་མགོ་ལག་པས་བསྐྱོར་དེ་ངུ་བཞིན་གཞན་ཞིག་ལ་ཁེངས་ར་བྱེད་པ་ལས་ལག་པ་རྒྱ་ཕྱོགས་སུ་འགུལ་ན་རན་འདུག་འདོད།

    Reply
  12. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ཨོ་བྷ་མ་ཡི་ཁྱད་ཆོས་གཙོ་བོ་རྣམས་བརླགས་འདུག

    ཨོ་བྷ་མ་སྔོན་ཆད་སྲིད་འཛིན་ལ་ལངས་སྐབས་ཁོང་གིས་ཨ་རིའི་གཞོན་སྐྱེས་མང་པོ་ཞིག་གི་སེམས་བཀུག་པ་རེད། དོན་དམ་དུ་ཁོང་ནི་དྲ་རྒྱ་བརྒྱུད་ནས་ཕོ་བྲང་དཀར་པོའི་ནང་ཕེབས་པ་རེད། འོན་ཀྱང་། ཁ་སང་རྒྱ་ནག་ལ་ཕེབས་སྐབས་ཁོང་དགའ་སའི་ལམ་ཁ་དེ་དག་རྒྱ་ནག་གིས་བཀག་ཡོད་པ་རེད། དེ་ལ་བརྟེན་ནས་ཁོང་དང་རྒྱ་ནག་གི་གཞོན་སྐྱེས་དུང་ཕྱུར་མང་པོ་ཞིག་གི་འབྲེལ་བའང་རང་བཞིན་གྱིས་འགག་པ་རེད།

    ཁོང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསར་འགོད་གསལ་བསྒྲགས་ཤིག་གནང་བ་རེད། དེ་ནི་ཡོངས་ཁྱབ་ཡིན་པའི་ཁུལ་རེད། འོན་ཀྱང་། རྒྱ་ནག་ནང་དུ་རྩ་བ་ནས་ཁྱབ་ཐུབ་མེད། དྲི་བ་འདྲི་མི་ཆོག་ཅེས་རྒྱལ་སྤྱིའི་གསར་འགོད་པ་ཚོའི་ཁ་ཡང་བཀག་པ་རེད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ནང་དུའང་ཟུར་ཙམ་ལས་བཏོན་མེད་ཚོད་ཡིན།

    ཧྲང་ཧེ་ནས་ཨོ་བྷ་མས་རྒྱ་ནག་གི་དྲ་རྒྱ་འགོག་སྡོམ་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་པ་རེད། འདི་ཙམ་མ་གཏོགས་ཁོང་གིས་འཇོན་མེད་ཚོད་འདུག

    འདི་ལྟར་ཁ་སང་རྒྱ་ནག་ལ་ཕེབས་སྐབས་ཨོ་བྷ་མ་ཡི་ཁྱད་ཆོས་གཙོ་བོ་རྣམས་བརླགས་འདུག

    Reply
  13. ནད་པ says:
    ལོ་ 16 སྔོན།

    ཁ་སངས་དགོང་དྲོ་ངས་བྷི་བྷི་སིའི་ BBC world News གསར་འགྱུར་ཉན་དུས་ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཐོག་རྒྱ་ནག་གཞུང་གིས་༸ གོང་ས་ཏྭ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གནང་དགོས་པའི་རེ་འདུན་བཏོན་པ་དེ་གོ་མ་ཐག་ཏུ་ངས་བོད་དེ་ད་ཆ་རྒྱ་ནག་གི་ཁ་བྲལ་དུ་མེད་པའི་གནད་དོན་ཞིག་ཏུ་འགྱུར་བཞིན་འདུག་བསམས་ཏེ་སེམས་ནང་བོད་དང་བོད་མི་རིགས་ཟེར་བ་དེར་འདུན་ལམ་ཟབ་མོ་ཞིག་རྩ་ནས་མེད་པའི་འཚོར་སྣང་དྲག་པོ་སྐྱེས་བྱུང་།

    འོན་བཏང་རྣོ་བསམ་ཞིབ་མོ་ཞིག་བཏང་དུས་ཨོ་བྷ་མས་གནད་དོན་དེ་འདྲ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་ཆེན་མོའི་ནང་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་གཙོས་པའི་ཆེས་མཐོའི་དཔོན་རིགས་ཚོའི་མདུན་དུ་བོད་ཀྱི་གནད་དོན་དེ་གང་འགྱོགས་ཞི་འགྲིག་བྱེད་དགོས་པར་བསྐུལ་མ་ཆེན་པོ་བཏང་ཡོད་པ་དེར་སེམས་གཏིང་ནས་བསམས་ན་ངོ་མ་དགའ་འོས་ཞིག་རེད་སྙམ་བྱུང་།

    དེ་ནི་ད་ལྟའི་ཆར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་། བཙན་བྱོལ་བོད་གཞུང་གི་མཛད་ཇུས། བོད་མི་རིགས་ཀྱི་མདུན་ལམ་དང་ཡོངས་སུ་འཚམས་པ་ཞིག་ཡིན་སྟབས་དེ་ནི་དགའ་འོས་དང་བཀྲ་ཤིས་པའི་གཏམ་བཟང་ཞིག་ལོས་ཡིན།

    Reply
  14. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    རང་ཉིད་རང་གི་མགོན་ཡིན་པ།།
    གཞན་པ་སུ་ལ་རེ་བ་བྱེད།།
    སེམས་ཤུགས་ཆག་པའི་རྐྱེན་དུ་འགྱུར།།
    རང་རྐང་ས་ལ་ཨེ་ཚུགས་ལྟ།།

    Reply
  15. ལྕགས་སྤྲེལ། says:
    ལོ་ 16 སྔོན།

    ཉེ་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་གྱི་དགེ་བསྙེན་དགོན་པ་ལེགས་ཚོགས་ཆར་འབེབས་གླིང་དུ་ཟླ་འདིའི་ཚེས་༥ ནས་༡༡ བར་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་གཏན་ཁེལ་གནང་ཡོད་ཀྱང། རྒྱ་གཞུང་གིས་ཕག་ཆམ་ན་བ་ལ་ཁ་གཡར་ནས་ཆོས་སྡེ་སོ་སོའི་ནང་མ་གཏོགས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོག་མ་བཅུག་པ་དང། དེ་ནི་ད་བར་རྒྱ་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་ཡོད་སྐོར་སོགས་གྱི་རྫུན་རྐྱང་རྐྱང་བཤད་ནས་འཛམ་བུ་གླིང་མགོ་སྐོར་གཏོང་བཞིན་ཡོད་པ་རེད་མ་གཏོགས། དོན་དངོས་ལ་བཙན་གནོན་དང་འཇིགས་སྐུལ་འོག་བོད་མི་ཚོ་གནས་དགོས་ཀྱི་ཡོད་པ་དང། ལྷག་པར་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འདི་རེད། དེ་ཡང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ནི་གསེར་རྟ་བླ་རུང་ཆོས་སྒར་ཆེན་མོར་ལོ་རྟག་པར་ཚོགས་ཀྱི་ཡོད་པ་ཞིག་ཡིན་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་དད་ལྡན་ཕོ་མོ་ཡོངས་མཉམ་ཕེབས་ཀྱིས་ཆེས་དགའ་བསུ་བྱེད་སའི་ཆོས་ཀྱི་བྱེད་སྒོ་ཆེན་པོ་ཞིག་རེད། ད་ལོ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ཕྱོགས་ཡོངས་ནས་མི་མང་ཕེབས་ཀྱི་ཡོད་ཀྱང་རྒྱ་གཞུང་གིས་དམ་དྲག་འོག་འཚོག་བཅུག་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་སོང།།

    Reply
  16. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བོད་མི་རྣམས་ཀྱི་ཆེད་དུ་མི་རིགས་དང་བོད་དོན་ལ་སྙིང་ནས་བརྩོད་ལེན་བྱ་འདོད་ཡོད་ན། སྤྱི་ཚོགས་འཆམ་མཐུན་འམ་ཆོལ་གསུམ་མཉམ་གནས་ཀྱི་ཚོགས་སྡེ་གསར་འཛུག་སོགས་མི་རིགས་གཅིག་གྱུར་གྱི་ཐབས་ལམ་འཚོལ་དགོས་ཤིང་། མི་རིགས་ཀྱི་ཐོབ་ཐང་ནིི་རང་རིགས་ནང་སེམས་ཀྱི་ཡིད་ཆེས་བློ་ཁེལ་གྱི་འཆམ་མཐུན་དཔང་སྒྲིག་ནས་རྩོད་ལེན་བྱེད་དགོས་པ་ཉག་གཅིག་ཡིན། མུད་པ་ཡན་ཆད་ཀྱི་སྤྱི་དོན་དང་། ནང་སེམས་ཀྱི་སྒེར་དོན་གཉིས་བློ་ལས་དོར་མེད་ན། དེ་འདྲའི་ཀུན་ཀློང་ནག་པོ་གཉིས་ཆ་སྒྲིག་ན་མཐའ་འཇུག་ལ་གྲུབ་དོན་སོན་དཀའ་བའི། ང་ཚོའི་སྒེར་གྱི་ཐོབ་ཐང་གཙིགས་ཆེན་དུ་འཛིན་པ་འདི་ཁྱབས་རྡལ་དུ་འགྲོ་བཞིན་པའི། དེས་འབྱུང་ཁུང་ལ་དགོས་པ་ཡོད་མེད་དཔྱད་པ་མཛོད་ཅིགས།

    དེ་དག་ནི་སྐབས་འགར་བདག་ལྟ་བུ་བོད་ཕྲུག་ཕལ་བ་ཞིག་གི་ངོས་ནས་སེམས་ཚོར་འཕར་མ་རེ་ཡིན་སྲིད་ལ། དེ་ལ་དགོས་པ་ཡོད་མེད་ནི་མཁྱེན་ལྡན་རྣམས་པ་ལ་འགན་དབང་ལྕི་མོ་ཡོད་པའི། འགན་ལེན་དགོས་ལ་ཕྱོགས་ཡོངས་ལ་ཇུས་ཏོག་མཛད་དགོས། བོད་རིགས་ནང་ཁུལ་དུ་ད་སྐབས་རྩོད་སྙོག་དང་འཐེན་ཁྱེར་ལ་གཡེང་ནས། དོན་དམ་པར་བོད་མི་རིགས་ཀྱི་བདེ་དོན་འདི་ཡིད་ཆེས་བློ་ཁེལ་དཀའ་བའི་གནས་སུ་ལྷུང་བཞིན་པ་དང་། ཡོད་ཚད་ལྷིང་འཇགས་ངང་བསྡད་མེད་དམ།

    བཙན་བྱོལ་ནང་དུ་བོད་རིགས་མང་ཚོགས་ཀྱི་ངོས་ནས་ཕྱོགས་ལྷུང་མེད་པའི་ཁྱད་ཆོས་དང་དགེ་མཚན་ཤེས་ཤིང་། དེ་ལ་འདོད་མོས་དང་དགའ་ཚོར་གྱིས་ཁྱབས་ཡོད་ཀྱང་། གོང་གི་ལས་སྣེ་བ་ཁག་ཅིག་སྒེར་གཅོད་ཀྱི་རྟ་བ་བཟུང་ནས་ཡོད་ཚད་སྣང་མེད་རྒྱུད་འཇམས་སུ་གཏོང་བཞིན་པ་ལ་བློ་ཚབ་ཡོད་ན་ཡང་། གཅིག་བྱས་ན་རང་ཉིད་སེམས་པ་ཆུང་དྲགས་པའམ་ཅོལ་ཆུང་གིས་སེམས་རྒྱ་ཆུང་སོང་བར་ཡིན་ངེས་ལ། ཆབ་སྲིད་ནི་གཡོ་སྒྱུའི་ལམ་ལ་འཇུག་དགོས་པ་ཡིན་ན་བཤད་ཐབས་བྲལ་ལོ།།

    Reply
  17. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    མི་ཉག་སྐལ་བཟང་། ད་ཚོད་བྱེད། ང་ཚོ་བོད་ཀྱི་ཁ་དཔེར་ བྱམས་པོ་བྱས་ན་དགྲ་ཡང་གཉེར་དུ་འགྲོ་ རྩུབ་ཚོད་མ་ཟིན་བུ་ཡང་དགྲ་རུ་འགྲོ ཞེས་པའི་དཔེ་ལྟར་ད་ཁྱོད་ཀྱིས་ལུང་རིགས་ལ་གང་བྱུང་མ་བཤད་རོགས་ཞུ། ད་ལྟའི་དུས་ལ་ང་ཚོ་བོད་རིགས་ནང་ཁུལ་དེ་འདྲ་བྱས་ན་སེམས་པ་སྐྱིད་པོ་མི་འདུག ངས་ཁྱོད་རང་ངོ་ཡག་པོ་ཤེས་ཀྱི་ཡོད་ཙང་རེ་བསྐུལ་ཙམ་ཞུས་པ་ཡིན་ལགས།

    Reply
  18. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    kk

    Reply
  19. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ཨོ་བྷ་མས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་དང་བདེ་འཇགས་ལ་ཕུགས་སེམས་བཞེས་ནས་གོང་གསལ་གྱི་སྐད་ཆ་དེ་དག་བཤད་པ་རེད།   ཨོ་བྷ་མས་མཚོན་པའི་འགོ་ཁྲིད་མང་དག་ཅིག་ལ་ང་ཚོས་བློ་གཏད་དང་ཡིད་ཆེས་རྒྱ་ཆ་རྒྱ་བྱས་སྟེ་ང་ཚོས་དཀའ་ངན་ཁོས་ཚོའི་ནུས་ཤུགས་ལ་བསྟན་ནས་སེལ་བར་བློ་བཀལ་བྱས་བ་དེ་ནོར་འཁྲུལ་ཆེ་ཤོས་ཤིག་རེད།  ང་ཚོའི་དཀའ་ངན་ང་ཚོའི་ནུས་ཤུགས་དང་བློ་སྟོབས་ལ་བསྟན་ནས་སེལ་དགོས་པ་ཞིག་རེད་མ་གཏོགས་གཞན་གྱིས་ནམ་ཡང་སེལ་གི་མ་རེད།   དེ་བས་ང་ཚོའི་རང་ཉིད་ལ་རང་ཉིད་ཀྱི་ས་ཡིད་ཆེས་དང་རེ་བ་བྱས་སྟེ་སྙིང་ལ་རུས་བ་སྐྱེད་རྒྱུར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་བསམ།

    Reply
  20. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ཡིག་བསྒྱུར་གནང་སྐབས་དོ་སྣང་ཆེན་པོ་གནང་དགོས་ཀྱི་འདུག དཔེར་ན་ཨ་རིའི་སྲིདའཛིན་ཨོ་བྷ་མས་ བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ ཞེས་གསུང་ཡོད་པ་ལས། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་ཡོད་ ཞེས་གསུང་མེད།
    བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་པ་དང་། བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཞེས་བཤད་པ་གཉིས་ལ་ཧེ་བག་ཆེན་པོ་ཡོད།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བསྙེས་ནས་ལོ་དྲུག་བཅུ་མ་གཏོགས་ཕྱིན་མེད། འོན་ཀྱང་རྒྱ་ནག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་རྩོད་མེད་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་ཁ་ཐོབ་སྟེ་བོད་བཙན་འཕྲོག་བྱས་པ་ཡོངས་བསྒྲགས་རེད་དེར་བརྟེན་སྲིད་འཛིན་ཨོ་བྷ་མས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་མ་ལབ་པར་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་ལབ་ཡོད། གོ་ནོར་མ་ཐེབས་པ་གནང་རོགས་ཞུ༎

    Reply
  21. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ཨོ་བྷ་མར་ཁག་མེད། ཁོ་རང་ཉམས་ཆག་ཏུ་སོང་བའི་ཨ་རིའི་དཔལ་འབྱོར་ཁ་གསབ་ཀྱི་ཆེད་དུ་རྒྱ་ནག་ཏུ་བསྐྱོད་པ་རེད།
    དང་ཐོག་ནས་ང་ཚོ་རང་ཉིད་ཀྱིས་ཁོ་པར་རེ་བ་ཤུགས་ཆེན་བྱས་པ་དེ་འཕྱུགས་སོང་བ་རེད།
    མི་རབས་གསར་པའི་ཨ་རིའི་སྲིད་འཛིན། གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ།
    ཞི་བདེའི་དེད་དཔོན། བསམ་བློ་གསར་པར་རློམ་པ། འཛམ་གླིང་ནང་མིང་གྲགས་ཆེ་བའི་སྲིད་འཛིན་དེ།
    རྒྱ་གཞུང་གིས་དགོས་མཁོར་སྤྱད་དེ་བོད་ཐོག་འཛིན་པའི་ཨ་རིའི་ཆབ་སྲིད་ལངས་ཕྱོགས་སྐད་སེང་མཐོན་པོས།
    འཛམ་གླིང་ཡོངས་སུ་བརྒྱུད་བསྒྲགས་བྱེད་བཅུག་པ་རེད། དེའི་ཞོར་དུ་ཨོ་བྷ་མས་བོད་དོན་དེ། རང་ཉིད་ཀྱི་དགོས་མཁོར་དམིགས་ཏེ་དྲུད་འོང་བ་རེད།
    མ་གཏོགས་གཞན་བོད་ནང་དང་ཤིན་ཅང་ནང་གི་ཡ་ང་བའི་ཟློས་གར་རྣམས་ཨོ་བྷ་མས་མིག་མཐོང་ལག་ཟིན་བྱུང་ཡོད་ཀྱང།
    དེ་ཚོར་དམིགས་ནས་ཁ་ཡང་བསྒྲགས་མ་ཐུབ་པ་རེད། ད་ལྟ་ལྷག་པ་ནི་ཕྱོགས་གཉིས་ཀྱི་དཔལ་འབྱོར་མ་གཏོགས་ཅི་ཡང་ལྷག་མེད།
    ང་ཚོས་མཐོང་བཞིན་དུ་ཡག་ཡག་དང་མཛེས་མཛེས་ཀྱི་འགྲེལ་དགོས་མེད།
    གང་ལྟར་ང་ཚོ་རང་ཉིད་ཀྱིས་རེ་བ་བཅོལ་བ་དེ་ག་རང་མ་འགྲིགས་པ་རེད།

    Reply
  22. གནས་ཚང་། says:
    ལོ་ 16 སྔོན།

    ཨོ་བྷ་མ་ནོར་ཡོད་པ་མ་རེད། མདོ་དོན་གནད་དོན་འདིར་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་གཞིས་ཀས་འགན་འཁུར་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི༼བོད་དོན་རྒྱ་ནག་གི་ནང་སྲིད་རེད༽ཅེས་ངོས་ལེན་བྱས་ཟིན་པས། ཨོ་བྷ་མས་མ་རེད་ལབ་ཐུབ་ཀྱི་མ་རེད་ལ། ལབ་དགོས་ཀྱང་ཆགས་ཡོད་པ་མ་རེད།

    Reply
  23. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨོ་བྷ་མ་ཡིན་ན་མྱི་ནག་དེས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་པོ་གསུངས་སོང་ང་། བུ་ངར་བ་ཟེར་ནོ་རེད་ཡ། བོད་མི་ཚང་མའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་པ་ཡིན་ལོ།

    Reply
  24. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དོན་དངོས་ཐོག བོད་འདི་རྒྱ་ནག་གི་མངའ་ཁུངས་རེད་ཟེར་ནས་བཤད་སྤོབས་པའི་ཁུངས་ལྡན་གནས་ཚུལ་གང་ཞིག་ཨོ་བྷ་མ་ལ་ཡོད་པ་རེད་དམ། སྤུན་ཟླ་ཚོ། སྐད་ཆ་འདི་འདྲ་གོ་ན་དངོས་ནས་སེམས་པ་སྐྱིད་པོ་འདུག་གམ། ད་དུང་། དགའ་བསུ་སེམས་གཏིང་ནས་ཞུ་ཐུབ་ས་རེད་དམ།

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོ་བྷ་མས་གང་བཤད་ཡོད་ཚད་ལ་རྒྱ་ནག་གི་ཆ་འཇོག་བྱེད་མི་སྲིད་ཟེར་ན་དཀའ་ཡང་། ཆ་འཇོག་དང་ཡི་རུང་བརྩི་བཀུར་བྱེད་སའི་ཚིག་གཅིག་རྒྱའི་སྲིད་གཞུང་ལ་རེག་པ་རེད། དེ་ནི་བོད་འདི་རྒྱ་ནག་གི་མངའ་ཁུངས་རེད་ཟེར་བ་དེ་ཡིན། ད་ནི་བོད་པ་ཚོ་རང་གི་རྒྱལ་ཁབ་དུ་ཕྱིར་ལོག་རན་རེད། རང་གི་རྒྱལ་ཁབ་ཀྱིས་རང་གི་མངའ་འབུངས་ལ་སེམས་འཁུར་དང་འགན་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་ཙམ་མ་ཡིན་པར། ཡིག་ཐོག་དང་འཕྲིན་ཐོག བརྙན་འཕྲིན། རྒྱང་སྒྲོག ཚགས་ཤོག་སོགས་གང་སར་འགྲེལ་སྤེལ་བྱས་སོང་། བོད་པ་ཚོ་གྲྭ་སྒྲིག་བྱས་དང་བོད་དུ་འགྲོ

    Reply
  26. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རླབས་ཆེན་གྱི་རྩོམ་སྒྲིག་པ་ལགས།་གང་ཟག་སྒེར་གྱི་ཞེ་འདོད་ཙམ་ལ་སྟབས་བསྟུན་མ་ཡིན་པར་དགོས་མེད་དང་ཁུངས་མེད།་་གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་གྱི་སྐད་ཆའི་རིགས་ལ་ཚོད་འཛིན་བྱེད་རྒྱུ་ནི་རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་འགན་དབང་དུ་མཐོང་བ་མ་ཟད་སྟངས་འཛིན་ནན་པོ་བྱེད་པས་འབོད་སྐུལ་ཞུ་རྒྱུ་ཡིན།་་་གང་ལ་ཞེ་ན་རྩོམ་པ་པོ་མང་པོ་ཞིག་ཟིན་བྲིས་སུ་ཞུགས་འདོད་ཆེ་ནའང་འཚེར་སྣང་དང་དོགས་ཟོན་བྱེད་ཀྱིན་འདུག་་གང་ལ་ཞེ་ན།་ཟིན་བྲིས་སུ་རྫུན་མིང་བེད་སྤྱོད་གཏོང་མཁན་རེ་ཟུང་གིས་འགན་འཁུར་མེད་པའི་སྐད་ཆ་སྣ་ཚོགས་བཤད་པར་བརྟེན་མང་པོ་ཞིག་ཟིན་བྲིས་ལ་སུན་སྣང་སྐྱེས་བཞིན་འདུག་་ཟིན་བྲིས་སུ་ཞུགས་ཟིན་པ་རེ་ཟུང་འང་སྡིགས་ར་དང་།་འཆལ་གཏམ་སོགས་ལ་ཡིད་མུག་ཏེ་ཕྱིར་ཐོན་པ་མང་།་་དེ་ཙམ་མ་ཟད་ཟིན་བྲིས་ནི་རིག་གཞུང་དང་།་ཆབ་སྲིད།་ལོ་རྒྱུས།་་སྙན་ངག་སོགས་སྙུག་ཐོགས་པ་ཚོས་སེམས་ཚོར་དང་དོན་དངོས་གླེང་སའི་སྡིངས་ཆར་མཚན་མཐོང་བསྐྲུན་དགོས་པ་ལས།་་་ཁུངས་ལུང་མེད་པའི་འཆལ་གཏམ་གྱི་ཞིང་ས་ཞིག་ཏུ་ངོས་འཛིན་ཐོབ་ན་མི་འགྲིག་པའི་འགན་འཁུར་ནི་ཟིན་བྲིས་པ་ཚོར་ཡོད་པ་མ་ཟད་རྩོམ་སྒྲིག་པར་དེ་བས་ཀྱང་ཡོད།་་་ལྷག་པར་ནག་མོའི་འཁོན་འཛིངས་ལྟ་བུའི་ཕན་ཚུན་ལ་སྡིགས་ར་རྐྱང་རྐྱང་བཀོད་བསྡད་ན་གཞིས་ལུས་རྒྱ་ཆེའི་མི་མང་གི་མདུན་སར་བྱེས་སྡོད་ཟིན་བྲིས་པ་ཚོས་རང་མདོག་བསྟན་པ་མ་ཡིན་ནམ།་་་རྩོམ་སྒྲིག་པ་ལགས།་་ཟིན་བྲིས་གཙང་མ་དང་གུ་ཡངས་པོ་ཚིག་འདི་གཉིས་ལ་ངེས་པར་བདག་པོ་རྒྱག་རོགས་་་་ཐུགས་རྗེ་གཟིགས།།

    Reply
  27. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    གལ་ཏེ་བོད་ཀྱི་དུས་བབས་ཞེས་པ་མིང་བསྒྱུར་ནས་ལུང་རིགས་རྒྱལ་ཀྱི་དུས་བབས་ཞེས་འདོགས་པ་ཡིན་ན། ང་རང་དུས་ནམ་ཡང་ཁྱེད་ཟིན་བྲིས་ཀྱི་མགྲོན་དུ་མི་སླེབས་རྒྱུ་རྩ་བའི་དམ་བཅའ་ཡིན།

    Reply
  28. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་རང་གི་ང་ངོ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་ངའི་མཆན་འདི་དག་བསུབས་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་གསུངས་པ་ལྟར་ན་དྲ་ཐོག་གི་ཁོར་ཡུག་འདི་གཙང་མ་དང་་གུ་ཡངས་པོ་ཞིག་བསྐྲུན་རྒྱུར་ཧུར་ཐག་གྱིས་
    ཞེས། གཙང་མ་དང་གུ་ཡངས་པོ་ཞིག་བསྐྲུན་དགོས་ན་ཁྱེད་རང་དེ་མ་ཐག་བོད་ཀྱི་དུས་བབ་ཚགས་ཤོག་དང་རྒྱང་རིང་དུ་འགྲོ་རོགས། ངའི་་བཤད་བཞིན་པ་དག་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། སྒོ་ནས་༧གོང་ས་མཆོག་གིས་བཀའ་སློབ་ལྟར་བོད་མི་མི་རེ་ངོ་རེ་ལ་འགན་རེ་ཡོད་ཅེས་གསུངས་པ་སེམས་ལ་བཅངས་ཏེ་བཤད་ཀྱིན་ཡོད། དྲ་གྲོགས་ཐུབ་བསྟན་ཟེར་བ་དེར་ལན་ཞིག་བཏབ་ཡོད་ཀྱང་སྒེར་གྱི་འཁོན་རྩོད་མིན། དོན་དག་རེ་རེ་བཞིན་ར་འཕྲོད་གསལ་པོ་ཤོད་དགོས་ན་མགོ་ནས་མཇུག་བར་དུས་ཚོད་མཁོ་མིན་ལ་མ་ལྟོས་པར་གསལ་བཤད་ཞུ་ཆོག དེ་མིན་ཕྲག་དོག་དང་དགའ་མི་དགའ། ངོ་ཤེས་དང་མ་ཤེས། ཕ་ཡུལ་གཅིག་པ་ཡིན་མིན། ཚིགས་བཅད་རྩོམ་ཡིག་ཤོ་ལོ་ཀ་རེ་འབྲི་ཐུབ་མིན། སོགས་ཀྱི་གདོང་ལ་བལྟས་ཏེ་བསུབས་པ་ཡིན་ན་ནམ་ཡང་ངོ་རྒོལ་ཡོད།

    Reply
  29. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་དང་ལྷན་བོད་རྒྱའི་བར་དཀའ་ངལ་གང་ཡོད་སེལ་དགོས་སྐོར་ཨོ་བྷ་མ་མཆོག་གིས་གསུངས་པ་དེ་ཙམ་ཡང་རང་ཅག་ལ་ཧ་ཅང་རྒྱལ་ཁ་ཆེན་པོ་རེད་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེ་བཞིན་མདོར་ན་ཁོང་གིས་བོད་དོན་ལ་སྐད་ཆ་རེ་བཤད་ཨེ་ཡོང་གི་རེ་སྒུག་ང་ཚོས་བྱེད་དགོས་པ་དེས་ང་ཚོས་ང་རང་ཚོའི་གནས་སྟངས་གང་འདྲ་ཆགས་ཡོད་པ་དྲན་སོས་དགོས་ངེས་རེད།
    ཁོང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་བླངས་པ་དེ་ནི་དེང་དུས་རྒྱལ་སྤྱིའི་ཆབ་སྲིད་དབུ་ཁྲིད་རྣམས་ཀྱི་གཅིག་གྱུར་གྱིས་རྒྱ་ནག་ལ་བསྟུན་མཁས་ཀྱི་སྐད་ཆ་དེ་རེད།
    ཨོ་བྷ་མས་ཐེ་ཝན་སོགས་རྒྱ་ཁོངས་ཡིན་པ་ངོས་ལེན་བྱས་པར་ཧུའུ་ཅིན་ཐོ་ཡིས་བསྔགས་བརྗོད་བྱས་པ་འདི་དེ་རིང་འཛམ་གླིང་མི་མང་གིས་དངོས་སུ་མིག་གིས་མཐོང་སར་ཨོ་བྷ་མར་ཐོབ་པའི་གྲུབ་འབྲས་རེད་ལ་གྲུབ་འབྲས་དེ་ཙམ་ཁྱེར་ནས་གནས་སྐབས་ཨོ་བྷ་མ་ཨ་རི་ལ་ཕྱིར་ཕེབས་ཀྱི་རེད།

    ཧུའུ་ཅིན་ཐའོ་ཡིས་༼འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་གཉིས་ཀྱི་མི་མཐུན་པའི་ཆ་ཉུང་དུ་བཏང་སྟེ་སྤྱི་མཐུན་གྱི་ཆ་གོང་མཐོར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་༽ཟེར་བ་ཧུའུ་ཡི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྟུན་མཁས་འདྲ་ཆགས་ཀྱི་སྐད་ཆ་རེད།
    སྲིད་འཛིན་ཧུའུ་ཡི་སེམས་གཏིང་གི་སྐད་ཆ་ནི་༼ཕན་ཚུན་འདྲ་མཉམ་དང་བརྩི་བཀུར་གྱི་སྒོ་ནས་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་སྒོ་ནས།༽ཟེར་བ་འདི་རེད།ཚིག་འདིའི་དོན་དག་ནི་སྲིད་དབང་སྒེར་གཅོད་པ་རྒྱ་ནག་དམར་པོས་དབུ་ཁྲིད་པའི་རྒྱ་ནག་གི་སྲིད་གཞུང་ལ་ནི་ཨ་རི་སྲིད་གཞུང་དང་འདྲ་མཉམ་བརྩི་བཀུར་ཞུ་དགོས་ཀྱི་ཡོད། ཅེས་དང།
    ང་ཚོའི་ནང་སྲིད་ལ་གཞན་སུ་གང་གིས་ཐེ་གཏོགས་བྱེད་མི་ཆོག གལ་སྲིད་ཐེ་གཏོགས་བྱས་ན་ང་ཚོས་ཁུར་མི་ཐུབ་ཟེར་གྱི་ཡོད་པ་རེད།
    ང་ཚོར་བརྩི་བཀུར་བྱས་ཏེ།ང་ཚོའི་ནང་སྲིད་ལ་ཐེ་གཏོགས་མ་བྱས་ན་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་ང་ཚོ་མཉམ་དུ་སྐད་ཆ་སྙན་པོ་བཤད་ཆོག་ཅེས་བཤད་འདུག

    ཨོ་བྷ་མས་རྒྱ་ནག་ལ་བསྟུན་མཁས་བྱས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏང་ཐབས་ཆེད་དུས་ཐུང་ནང་ང་ཚོའི་སྐུ་ཚབ་ཚོགས་པསླར་ཡང་རྒྱ་ནག་ལ་སྐད་གཏང་སྲིད་པ་རེད།

    གང་ལྟར་རྒྱ་གཞུང་གིས་ག་རེ་བྱས་ཀྱང་མགོ་སྐོར་ཡིན་པར་ཐག་བཅད་ན་འགྲིག་པ་རེད་ལ་སྐབས་དེར་ང་ཚོའི་སྐུ་ཚབ་འགྲོ་དགོས་ཀྱི་རེད་དམ། ཟེར་བ་འདི་དྲི་བ་གལ་ཆེན་ཞིག་རེད།
    གལ་སྲིད་སྐབས་དེར་ང་ཚོའི་སྐུ་ཚབ་མ་སོང་ན་རྒྱ་གཞུང་གིས་ཁོང་ཚོ་ཡོང་གི་མི་འདུག་ཅེས་ང་ཚོས་མགོར་ནག་འགེལ་ངེས་རེད།
    སོང་ཡང་རྒྱ་གཞུང་གིས་རྒྱལ་སྤྱི་མགོ་སྐོར་གཏང་ཐབས་དང། དུས་ཚོད་སྐྱེལ་ཐབས་ཙམ་ཡིན་པ་ལས་ང་ཚོའི་སྐུ་ཚབ་ཕྱིར་ལག་སྟོང་དུ་གཏང་ངེས་རེད།
    དཔེར་ན། སྐུ་ཚབ་ཚོགས་པ་ཐེངས་བདུན་པ་དང་བརྒྱད་པ་གཉིས་ཀྱི་བར་དུ་སྤྱི་ལོ་༢༠༠༨ལོར་དམིགས་བསལ་ཐེངས་གཅིག་ཕེབས་སྐབས་ཀྱང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཀྱིས་ཁྱེད་ཚོས་ཨོ་ལིམ་ཕིག་ལ་རྒྱབ་སྐྱོར་གྱིས་དང་དེས་རྒྱ་གཞུང་གི་ལང་ཕྱོགས་དང་བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་བཅས་ལ་འགྱུར་བ་འགྲོ་གི་རེད། དེ་ལ་ཏན་ཏན་ལྟ་ས་ཡོད། ཅེས་བཤད་ཡོད། ཨོ་ལིམ་ཕིག་ཚར་རྗེས་སྐུ་ཚབ་ཐེངས་བརྒྱད་པ་ཕེབས་སྐབས་རྒྱ་གཞུང་གིས་ངེད་ཚོའི་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། བོད་མི་ཆེས་ཉུང་ཤས་ཤིག་གིས་བོད་ནང་ཟིང་ཆ་བསླངས་སོང་ཡང་ད་ལྟ་བདེ་འཇགས་བྱུང་ཡོད།
    ཁྱེད་ཚོའི་དགོས་འདུན་ཡིག་ཆའི་ཐོག་མཐའ་བར་གསུམ་ཆ་ཚང་རང་བཙན་ཁོ་ནའི་སྐོར་རེད་འདུག འདི་འདྲ་ཞིག་ཡོང་ཐབས་ཡོད་པ་མ་རེད། ཅེས་སྐུ་ཚབ་ཚོགས་པ་ཕྱིར་མངག་ཡོང་བ་ལྟ་བུ་རེད།
    དེའི་ཕྱིར་ང་ཚོས་མ་འོངས་པར་གང་དགོས་སམ།ཞེས་པ་འདི་དྲི་བ་ཆེན་པོ་ཞིག་ཡིན་པར་སྙམ།

    Reply
  30. འོས་ལངས། says:
    ལོ་ 16 སྔོན།

    དགོངས་དག གོང་དུ་མཆན་བརྒྱབ་མ་ཚར་གོང་ནས་རྡེག་གནོན་ཤོར་འདུག
    ཨོ་བྷ་མས་བོད་དོན་ཐད་གླེང་སློང་ཙམ་གནང་བར་ཡང་དགའ་བསུ་ཡོད། འོན་ཏང་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་གཙང་མ་གནང་བ་དེས་ངའི་སེམས་ཁོང་དྲོན་མོ་འཁྱག་ལ་སྦྱར་སོང་། ཁོ་ལ་རྒྱུ་མཚན་ཞིག་ཡོད་ངེས་ཡིན་ཡང་། ཤ་གསེང་རུས་གསེང་ནས་བོད་རྒྱ་གཉིས་རྦད་དེ་ཐ་དད་དུ་འཛིན་མཁན་དག་ལ་མཚོན་ན། བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་པའི་ཐབས་ཇུས་དེ་དག་ནི་བོད་ཀྱི་བདེན་དོན་དང་། བོད་ཀྱི་ལོ་རྒྱུས། བོད་མིའི་མངོན་འདོད་སོགས་དང་ཧ་ཅང་རྒྱབ་འགལ་དུ་སོང་ཡོད་པར་མ་ཟད། དེ་ནི་རྒྱ་གཞུང་ལ་དགོས་ངེས་ཀྱི་གཏམ་བཤད་ངོ་མ་ཞིག་དང་། རྒྱ་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱས་པའི་མཚོན་དོན་ཞིག་ཀྱང་རེད། གང་ལྟར་ང་ཚོ་བོད་མི་རིགས་ཀྱི་ཁ་སྟབས་འདི་འདྲའི་ཉམས་དམའ་བོར་གྱུར་པ་ནི་སེམས་ལ་ཆེས་བཟོད་དཀའ་བའི་ན་ཚ་འབྱུང་གཞི་ཞིག་རེད།

    Reply
  31. འོས་ལངས། says:
    ལོ་ 16 སྔོན།

    ཨོ་བྷ་མས་བོད་དོན་ཐད་གླེང་སློང་ཙམ་གནང་བར་ཡང་དགའ་བསུ་ཡོད། འོན་ཏང་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་གཙང་མ་གནང་བ་དེས་ངའི་སེམས་ཁོང་དྲོན་མོ་འཁྱག་ལ་སྦྱར་སོང་། ཁོ་ལ་རྒྱུ་མཚན་ཞིག་ཡོད་ངེས་ཡིན་ཡང་། ཤ་གསེང་རུས་གསེང་ནས་བོད་རྒྱ་གཉིས་རྦད་དེ་ཐ་དད་དུ་འཛིན་མཁན་དག་ལ་མཚོན་ན། བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་པའི་ཐབས་ཇུས་དེ་དག་ནི་བོད་ཀྱི་བདེན་དོན་དང་། བོད་ཀྱི་ལོ་རྒྱུས། བོད་མིའི་མངོན་འདོད་སོགས་དང་ཧ་ཅང་རྒྱབ་འགལ་དུ་སོང་ཡོད་པར་མ་ཟད། དེ་ནི་རྒྱ་གཞུང་ལ་དགོས་ངེས་ཀྱི་གཏམ་བཤད་ངོ་མ་ཞིག་དང་། རྒྱ་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱས་པའི་མཚོན་དོན་ཞིག་ཀྱང་རེད། གང་ལྟར་ང་ཚོ་བོད་མི་རིགས་ཀྱི་ཁ་སྟབས་ནི་འདི་འདྲའི་ཉམས་དམའ་བོར་གྱུར་པ་

    Reply
  32. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    མི་སྣ་ཚོའི་ཞེས་པར་བཅོས།

    Reply
  33. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ལག་དམར་བ་འདིས་རྒྱ་ནག་གཅིག་དང་མངའ་ཁོངས་གཅིག་གྱུར་ཡོང་བའི་གཞི་རིམ་གྱི་གནས་སྟངས་ལ་བསམ་བློ་མི་གཏོང་བར་རྒྱ་ནག་གཅིག་དང་མངའ་ཁོངས་གཅིག་གྱུར་ཞེས་པའི་བརྡ་ཚིག་སྐམ་པོ་འདི་ཚོ་ཕྱི་ནང་གི་འདུ་ཚོགས་གང་དུའང་མ་ནི་འདོན་པ་ལྟར་གྱེར་གྱིན་ཡོད།

    དོན་དམ་གྱི་རྒྱ་ནག་གཅིག་དང་བརྟན་ལྷིང་གི་མངའ་ཁོངས་གཅིག་གྱུར་ཡོང་མིན་དེ་ཨོ་བྷ་མའི་མོས་མཐུན་ཡོད་མེད་དང་ཆབ་སྲིད་མི་སྣའི་ཚོའི་རྒྱབ་སྐྱོར་ཡོད་མེད་ལ་ཐུག་ཡོད་དམ།
    འདི་སྲིད་འཛིན་ཧུའུ་ཅིན་ཐའོ་ཁྱོད་ལ་དྲིས་པའི་དྲི་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese