མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱི་རྩོམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནད་དོན་འགའ་ཞིག་ལ་བརྟག་ཞིབ།

སྤྱི་ཟུར། སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

ད་རེས་ས་རཱ་མཐོ་སློབ་ནང་བསྐོངས་འཚོགས་གནང་བའི་ལྔ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་མཐོ་རིམ་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཚགས་འདུའི་ཐོག་ལ་ཞལ་མཇལ་བྱུང་བའི་མཁས་དབང་རྣམ་པ་ཚོར་གུས་བརྩིའི་འཚམས་འདྲི་ཞུ་རྒྱུ་ཡིན། ས་ཐག་རིང་བོ་ནས་དུས་ཚོད་མང་པོ་ཞིག་བློས་གཏོང་བྱས་ནས་ཆེད་དུ་ཚོགས་བཅར་བྱེད་རྒྱུ་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་། བོད་ཀྱི་རྩ་དོན་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དངོས་སུ་ཕྱག་ལས་གནང་མཁན་མང་པོ་ཞིག་འདིར་ལྷན་འཛོམས་གནང་སྟེ། བོད་ཀྱི་རིག་གཞུང་ཐོག་ཁ་ཡོད་ལག་ཡོད་ཀྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་མཁན་འགའ་ཞིག་མཇལ་མྱོང་ཙམ་དང་། ལ་ལ་ཞིག་མཚན་གོ་མྱོང་བ་ཙམ་རེད་དེ། ད་རེས་དཀྱིལ་འཁོར་གཅིག་ཏུ་འདུ་འཛོམས་ཐུབ་པ་དེར་ཧ་ཅང་དགའ་བོ་བྱུང་། ངས་དེ་རིང་འདིར་ཞུ་དགོས་རྒྱུ་དེ་གང་ཡིན་ཞེ་ན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནད་དོན་འགའ་ཞིག་གི་ཐད་བརྟག་ཞིབ་བྱས་པའི་གནས་ཚུལ་ཁ་ཤས་ཤིག་ཞུ་འདོད་བྱུང་། དེ་ལ་དོན་ཚན་ཁ་ཤས་དབྱེ་ཞིབ་བྱས་ནས་བཤད་རྒྱུ་ཡིན།

དང་པོ། བརྡ་སྤྲོད་རིག་པའི་གལ་ཆེའི་རང་བཞིན།

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གང་ཞིག་ལ་འཇུག་ན་ཡང་། མིང་ཚིག་གི་བརྡ་སྤྲོད་ཀྱི་དག་ཆ་ལ་བརྟེན་ནས། དངོས་ཤུགས་བསྟན་དོན་གྱི་གནད་འབྱིན་པ་དང་། དོན་གྱི་གོ་བ་ལ་བརྟེན་ནས་ཚིག་གི་དག་ཆ་འདོན་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ཚིག་གི་དག་ཆ་དང་། དོན་གྱི་གོ་བ་གཉིས་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ལ། བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ལ་ནང་བྱན་ཆུད་པ་ཙམ་དུ་མ་ཟད་ཉམས་མྱོང་ཅན་གྱི་མཁས་པ་ཚོའི་ལག་ལེན་གྱི་མན་ངག་ལ་ཡང་བརྟན་དགོས་པ་ཡིན། དེ་ཡང་། རྗེ་བཙུན་བྱམས་པའི་མན་ངག་བཞིན། ༧གོང་ས་ལྔ་བ་ཆེན་པོས། ཚིག་དང་དོན་ལ་འཁྲུལ་བ་ཚར་གཅོད་པ་བརྡ་དང་ཚད་མ་ཞེས་དང་། ངེས་དོན་སྨྲ་བའི་དབང་ཕྱུག་པྲ་སྟི་དགེ་བཤེས་རིན་པོ་ཆེ་རིན་ཆེན་དོན་གྲུབ་ཀྱིས། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །རབ་འབྱམས་ཤེས་རབ་སྣང་བ་ཀུན་སྟེར་ཞིང། །མཐའ་ཡས་མཁས་པ་དགྱེས་པའི་སྲོལ་བཟང་པོ། །གངས་ཅན་བརྡ་སྤྲོད་ཀུན་གྱི་ཕྱི་མོ་མཆོག །སུམ་རྟགས་ཞེས་འདོམས་པར་མཛད་ཅིང། །གངས་ཅན་བརྡ་སྤྲོད་ཀུན་གྱི་ཕྱི་མོ་སུམ་རྟགས་ལྟ་བུ་ལ་མཚོན་ན། སྔོན་བྱོན་བརྡ་སྤྲོད་མཁས་པ་མང་པོས། འབྲུ་འགྲེལ་དང་། སྤྱི་དོན། མཐའ་དཔྱོད་དཔེར་བརྗོད་དང་བཅས་པའི་དཔྱད་གཏམ་སོགས་ཕུལ་དུ་བྱུང་བའི་ལེགས་བཤད་བགྲང་གིས་མི་ལང་བ་བཞུགས་ཤིང་། མགོ་མཚན་དོན་ནས་བཟུང་སྟེ་མཇུག་དགེ་བ་བསྔོ་བའི་བར་དུ་ཆ་ཚང་ཨ་ཅང་ཅང་སྟེ། དོན་ཚན་རེ་རེ་ལ་ཡང་། འཆད་ཐབས་མི་འདྲ་བ་དང་། བཤད་རྒྱུན་མི་མཚུངས་པ། ལག་ལེན་མི་གཅིག་པ་སོགས་བརྗོད་ཀྱིས་མི་ལངས་པ་ཡོད་ཅིང་དེ་དག་གི་ནང་ནས་འཕྲིན་ལས་ཆེ་ཤོས་དང་། ཚད་ལྡན་དུ་ཀུན་གྱིས་ཁས་ལེན་པ་གང་དག་ཡོད་པ་རེད་ཅེ་ན། དེ་ལ་འབྲས་སྤུངས་ཁྲི་བ་བསྟན་པ་བསྟན་འཛིན་གྱིས་བརྩམས་བྲིས་སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག་( ༢ ) ལས་གསུངས་དོན། བོད་ཀྱི་བརྡ་སྤྲོད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མ་མཆིས་པ། ཐུ་མི་སམ་བྷོ་ཊས་མཛད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཞེས་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་པོ་དེ་ཉིད་ཀྱི་རྣམ་བཤད་ནམ་མཁའི་སྐར་ཚོགས་ལ་འགྲན་བཟོད་པ་མཆིས་ལ། ཁྱད་པར་འཇམ་དབྱངས་མཁྱེན་པའི་གཏེར་གྱིས་རྗེས་སུ་བཟུང་བ་པྲ་སྟི་དགེ་བཤེས་རིན་པོ་ཆེ་རིན་ཆེན་དོན་གྲུབ་དང་། གནས་ལྔ་རིག་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། དམུ་དགེ་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་རྣམས་ཀྱིས་མཛད་པ་ཕུལ་དུ་བྱུང་བའི་ལེགས་བཤད་ཀྱིས། བོད་ཀྱི་ཐུན་མོང་མིན་པའི་བརྡ་སྤྲོད་པའི་བསྟན་བཅོས་འདི་སྙེད་བོད་ཡུལ་ཙམ་དུ་མ་ཟད། རྒྱ་དཀར་ནག་གི་གཙོས་པའི་ཡུལ་གྲུ་དུ་མར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་པ་སྤྲོ་བ་མཆོག་ཏུ་བརྟས་ཤིང་། མཁས་མཆོག་རྣམས་ལའང་ཡིད་རབ་ཏུ་དད་ཅེས་དད་གུས་བསྔགས་བརྗོད་མཛད་པའི་མཁས་པ་དེ་དག་གི་བརྡ་སྤྲོད་པའི་བསྟན་བཅོས་དང་གཞུང་ལུགས་དེ་ཚོ་ནི། བརྡ་སྤྲོད་སྨྲ་བ་ཚོས་ཐོས་བསམ་གྱིས་འཇུག་པ་དང་། ཞིབ་འཇུག་གི་རིན་ཐང་ལྡན་པ། བརྡ་སྤྲོད་རིག་པའི་གཞུང་ལུགས་ཚད་ལྡན་དུ་ངོས་འཛིན་བྱེད་བཞིན་པ། བོད་ཕྱི་ནང་གི་བརྡ་སྤྲོད་སྨྲ་བའི་མཁས་པ་ཚོས་ངེས་ཅན་དུ་མཁྱེན་དགོས་པའི་གནད་དོན་ཞིག་ཡིན།

སྤྱིར་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་ཡག་པོ་ཞིག་མེད་ན། བོད་ཀྱི་སྐད་ཡིག་ཐོག་བརྩམས་པའི་གཞུང་ལུགས་གང་ཞིག་གིའང་ཚིག་དོན་གྱི་ཆ་ཡོངས་སུ་རྫོགས་པ་ཁུར་ཏུ་འཁྱེར་བའི་མཁས་པ་ཞིག་དང་། ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བོད་ཀྱི་མཁས་པ་ཞིག་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན། བཀའ་བསྟན་དགོངས་འགྲེལ་དང་བཅས་པའི་གསུང་རབ་གླེགས་བམ་ཁག་དང་། སྔོན་བྱོན་ཆོས་རྒྱལ་ཁག་གི་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་པར་སྐྲུན་ཆེད་པར་ཞུ་གཏོང་བ་འམ། ཡང་ན། རང་གིས་རྩོམ་པ་མཛད་པའི་ཚེ་ལག་ལེན་སྐོར། བརྡ་སྤྲོད་ཀྱི་གཞུང་ལུགས་སྤྱི་འགྲོས་དང་བསྟུན་གང་ཐུབ་བྱེད་དགོས་ཤིང་། གཞུང་ལུགས་ནང་ཐག་གཅོད་རང་བཞིན་གྱི་འགྲོ་སྟངས་ལམ་སྟོན་གསལ་ཁ་མེད་རིགས་རྣམས་སྔོན་བྱོན་མཁས་པ་ཚད་ལྡན་དག་གི་མཐོང་མྱོང་བརྒྱུད་པའི་ཕྱག་ལེན་རེ་ལ་གཏན་ཚིགས་དང་ལྡན་པའི་རིགས་པས་ཁུངས་གཏུགས་ཏེ་ལག་ལེན་གནང་རྒྱུ་ནི་ཡོང་སུ་ཁྱབ་ཅིང་གྲགས་པའི་ཕེབས་སྟངས་ཤིག་ཡིན། འོན་ཀྱང་། ཞུ་དག་དང་། རང་རྩོམ་གང་གི་སྐབས་སུའང་། གནད་དོན་གཞན་ཞིག་ཡོད་པ་ནི་དགོས་པ་ཞིག་གམ་ཡང་ན། ལུང་ཚན་དང་ས་གནས་རེ། གཞན་ཆོས་བརྒྱུད་ཁག་གི་ནང་བྱུང་བའི་རང་རང་གི་ཕྱོགས་ཀྱི་མང་པོས་བཀུར་བའི་སློབ་དཔོན་མཁས་པ་གྲགས་ཅན་རེའི་བརྡ་སྤྲོད་ཀྱི་ལག་ལེན་ཐད་མིང་ཚི་དང་ཐོབ་ཐང་། དུས་གསུམ་དང་འབྲེལ་བའི་ཚིག་གྲུབ། མིང་ཚིག་གི་སྔ་རྗེས་ཀྱི་སྡེབ་སྦྱོར་སོགས་ལ་བར་ཁྱད་ཧ་ཅང་ཆེ་བའི་བརྡ་སྤྲོད་ཀྱི་གྲུབ་མཐའ་འམ། འགྲོ་ལུགས་མི་འདྲ་བ་རེ་ཡོད་པས། ལག་ལེན་ཐད་གྲུབ་མཐའ་ཆགས་ཚར་བའི་གནད་དོན་མང་པོ་ཞིག་གཅིག་གྱུར་བཟོ་བའམ། ཡང་ན། འདི་འགྲིག་དང་དེ་མི་ལེགས་ཞེས་བསམ་འཆར་བཏོན་ནས་ཁ་གཅིག་གྲགས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡང་ཧ་ཅང་དཀའ་བའི་གནས་ཤིག་ཡིན་པས་ཞུ་དག་པ་རྣམས་ཀྱིསཤིན་ཏུ་གཟབ་དགོས་པའི་གནས་ཤིག་ཡིན།  

གཉིས་པ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ངོས་འཛིན་དང་དེའི་དགོས་མཁོའི་གནས་བབ།

བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནས་ལུགས་གླེང་བ་ལ། ཐོག་མར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གང་ཡིན་པ་ངོས་འཛིན་བྱ་དགོས་པས། དེ་ལ་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་གཏན་འབེབས་བྱས་པའི་བོད་ཀྱི་ཡི་གེ་ལ་བསྟུན་ཏེ་རྣམ་དབྱེ་དང་། ཕྲད་ཀྱི་སྦྱོར་བ་གཙོ་བོར་རྒྱ་ཆེར་སྟོན་པའི་བརྡ་སྤྲོད་སུམ་ཅུ་པ་དང་། སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་རྣམ་གཞག་གཙོ་བོར་རྒྱ་ཆེར་སྟོན་པའི་བརྡ་སྤྲོད་རྟགས་འཇུག་དང་། སུམ་ཅུ་པའི་རྣམ་དབྱེ་དང་པོ་ལས་འཕྲོས་པའམ། དེའི་ཟུར་བཀོལ་དག་ཡིག་གི་རྣམ་གཞག་གསུམ་ལ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཟེར། གཞུང་ལུགས་འདི་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་ཀྱི་དབང་དུ་བྱས་ན། བོད་པ་དང་། འབྲུག་པ། རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་བཞིའི་ནང་དུ་ཁྱབ་ཅིང་། ཉམས་ཞིབ་པ་ཁ་ཤས་ཀྱི་སྡོམ་ཐོ་གཞིར་བཟུང་ན། བོད་ཀྱི་བརྡ་སྤྲོད་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་འཛམ་གླིང་ནང་མི་གྲངས་བྱེ་བ་དྲུག་ལས་བརྒལ་ཞིང་། བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ནང་། བོད་པ་ཡིན་མཁན་བརྒྱ་ཆའི་བཅུ་ཙམ་ཡང་ཟིན་མེད་ཚུལ་བཀོད་འདུག ད་ལྟའི་གནས་སྐབས་ལ་སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་སྤྱི་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཡོངས་སུ་རྫོགས་པ་དང་། བྱེ་བྲག་ཏུ་གསང་སྔགས་ཀྱི་རྣམ་གཞག་ལུང་དུ་སྟོན་པའི་སྡེ་སྣོད་དེ་དག་བོད་ཀྱི་བརྡ་སྤྲོད་སྐད་ཡིག་ལ་མ་བརྟེན་ན་ཆ་ཚང་བ་ཞིག ཤེས་རྟོགས་དང་། རྒྱུས་ལོན། ཉམས་ཞིབ། ཐོས་བསམ་སྒོམ་སྒྲུབ་གང་བྱ་ནའང་། དཀའ་ལས་ཁག་གི་ཡོད་པ་ནི་ཡོངས་སུ་གྲགས་པ་ཞིག་ཡིན། དེ་བཞིན་དུ་བོད་ཀྱི་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བོན་དང་བཅས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་གཞི་ལམ་འབྲས་གསུམ་དང་། མན་ངག་ལག་ལེན་དང་བཅས་པ་རྟོགས་དཀའ་ཞིང་། རྟོགས་ན་དོན་ཆེ་བའི་རིག་པའི་གཞུང་ལུགས་དེ་ཚོར་ལྟ་བ་ལ་ཡང་བོད་ཀྱི་བརྡ་སྤྲོད་སྐད་ཡིག་མ་ཤེས་ན། མིག་དང་བྲལ་བའི་ལོང་བས་མཚར་སྡུག་གི་གཟུགས་ལ་ལྟ་བ་བཞིན་ཡོང་ཐབས་མེད་པ་རེད། དེ་ཙམ་དུ་མ་ཟད་བོད་མི་རིགས་ཀྱི་རྒྱལ་རབས་དང་། ལོ་རྒྱུས། ཡུལ་སྲོལ། གོམས་གཤིས། ཚད་མ་དང་། གསོ་བ་རིག་པ། སྐར་རྩིས་དང་དབྱངས་འཆར་སོགས་མདོར་ན། དེ་ཡང་འཛམ་གླིང་ཐོག་བོད་ཀྱི་སྐོར་ཤེས་འདོད་ཡོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐབས་འདིར། བོད་ཀྱི་བརྡ་སྤྲོད་སྐད་ཡིག་གི་དགོས་མཁོ་ཡང་རྒྱ་ཇེ་ཆེ་དང་། གཏིང་ཇེ་ཟབ་དུ་འགྲོ་བཞིན་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། དུས་རབས་ཉི་ཤུ་བའི་ནང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་། བཙན་གནོན། རྩ་མེད་བཟོ་བའི་སྲིད་ཇུས་ཀྱི་གནོན་ཤུགས་ལས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་། བོད་ཀྱི་རིག་གནས་ཁྱོན་ཡོངས་ལ་གོད་ཆག་ཚབས་ཆེན་ཐེབས་ཤིང་། དཔེར་ན། རིག་གནས་གསར་བརྗེའི་སྐབས་བརྡ་སྤྲོད་གཞུང་ལུགས་ལ་བཅོས་བསྒྱུར་བྱེད་ཁུལ་བྱས་ཏེ། རྩོམ་ཡིག་ལ་མཆོད་བརྗོད་བཞག་མི་ཆོག་པ་དང་། མགོ་ཅན་གསུམ་ལས་གཅིག་གིས་ཆོག་པ་དང་། བྱེད་འབྲེལ་ལ་ཕྲད་གི་དང་གིས་ཆོག་པ་དང་། རྒྱན་སྡུད་ལ་ཕྲད། ཡང་། ལྷག་བཅས་ལ། ཏེ། ཚིག་ཕྲད་ལ། ཞིང་། གཅིག་པུ་ལས་བཀོད་མི་ཆོག་པ་བཟོས་པ་ལྟ་བུའི་གོད་ཆག་བྱུང་བ་དང་། བོད་ཀྱི་བརྡ་སྤྲོད་སྐད་ཡིག་ཐོག་ཡོད་པའི་གཟི་འོད་འབར་བའི་གསུང་རྩོམ་མང་པོ་འབྱུང་བཞིའི་ཁ་ཟས་སུ་བསྟབས་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་བསམབརྗོད་ལས་འདས་པ་བྱུང་ཡོད། འོན་ཀྱང་། ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནས་སྲིད་ཇུས་ཅུང་ཟད་ལྷོད་ཡངས་ལྟ་བུས་དཔེ་སྐྲུན་ཁང་གང་འཚམ་ནས་བོད་ཀྱི་གནའ་དཔེ་དཔར་བསྐྲུན་བྱ་བ་མང་པོ་བསྒྲུབས་ཡོད་ནའང་། ཞུ་དག་སྐབས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ་སྣོན་འཕྲིའི་འདྲེ་ལག་བརྐྱངས་པའི་གནས་ཚུལ་ཡང་རབ་དང་རིམ་པ་བྱུང་ཡོད། འདིའི་ཐད་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཐུགས་བློས་མ་བཟོད་པའི་གསུང་སྐད་ཀྱང་ཤོར་མྱོང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆུང་བ་ནས་མེད་པ་བཟོ་ཐབས་བྱས་ཏེ། བོད་ཀྱི་སྐད་ཡིག་རིག་གནས་ལ”སློབ་རའི་རིག་གནས”སམ། “དགོན་གྲྭའི་རིག་གནས”ཞེས་ཟུར་ཟའི་དམའ་འབེབས་ཀྱང་བྱས་དང་བྱེད་བཞིན་ཡོད། རྒྱ་བོད་འབྲུག་གསུམ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། གཞན་དབང་སྟབས་བསྟུན་གྱི་རྦ་རླབས་ནང་ཐིམ་སྟེ། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་ཁོར་ཡུག་ནི། སློབ་གྲྭ་དང་། དགོན་པ་ཙམ་ཞིག་ཏུ་སོང་། གཞུང་ངོས་ནས་ཀྱང་ལས་བྱེད་ས་མིག་ཐོག་བསྡུ་ལེན་བྱེད་སྐབས་སྐད་ཡིག་གཉིས་རང་རྐྱ་འཕེར་བ་གཙོ་འདོན་བྱས་དང་བྱེད་བཞིན་པ་དང་། དབུས་སའི་གཞུང་གི་ལས་ཁུངས་ཁག་གང་ཡིན་ཀྱང། མི་རིགས་རང་གི་སྐད་བརྡ་དེ་ཉིད་རིམ་པ་གཉིས་པ་དང་། གསུམ་པར་བཞག་པ་དང་། བོད་ཀྱི་སྐད་ཡིག་གལ་ཆེའི་གཏམ་བཤད་མང་ན་ཡང་། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་གི་ལས་རིགས་ལ་མཁས་པ་དང་། ཤེས་ཡོན་ཅན་ལ་གཟིགས་ཐང་ཆུང་བ་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་གསོན་ཤུགས་དང། མཐུ་ནུས་ཀྱང་ཉམས་དམའ་བའམ། ཡ་ང་བ་ཞིག་ཡིན་པའང་མ་གླེང་ཐབས་མེད་ཡིན།

 
གསུམ་པ། ཐ་སྙད་ཀྱི་བརྡ་སྤྲོད་དང་ལག་ལེན་དབར་གྱི་འགལ་འདུ་ལ་ལྟ་བ།

སྤྱིར་བཏང་སྐད་ལ་ཁ་སྐད་དང་། ཡུལ་སྐད། ཕལ་སྐད། གྲོང་སྐད། ཡིག་སྐད། ཆོས་སྐད། བསྟན་བཅོས་ཀྱི་སྐད་སོགས་མི་འདྲ་བ་མང་པོ་ཡོད་ཅིང་། དབུས་གཙང་དང་མདོ་ཁམས་སོགས་ལུང་ཚན་མི་འདྲ་བ་རེར་གཟུགས་གཅིག་པའི་ཡི་གེ་སྦྱོར་ཀློག་སྐབས་སྒྲ་གདངས་མི་འདྲ་བ་རེ་འབྱུང་བཞིན་ཡོད་ཅིང་། སྒྲ་གདངས་མི་འདྲ་བ་དང་། ཕལ་སྐད། སྐད་ཡིག་གཞན་གྱི་ཟུར་ཆག་དང་། ཤུགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐ་སྙད་དང་། མིང་ཚིག་སྦྱོར་ཀློག་སྐབས་ཁྱད་གཞི་དང་ཁྱད་ཆོས་ཨ་ལོག་བརྒྱབ་ནས་ཀློག་ཅིང་འབྲི་བ་དང་། དབུས་དང་ས་གནས། མཐའ་མཚམས་ལ་སོགས་ས་གནས་རིང་ལུགས་ཀྱི་སྐད་བརྡ་སྤྱོད་ཤུགས་ཆེ་བའི་བསྟན་བཅོས་རྩོམ་པ། གནའ་དུས་སུ། (པོ་ཏོ་བ་རིན་ཆེན་གསལ་ནི། འཕན་ཡུལ་སྤྲས་ཀྱི་བྲའོ་ཐང་དུ་(གསུམ་འཕྲེང་ཤང་) སྤྱི་ལོ་ ༡༠༢༧_༡༡༠༥ ལ་གཤེགས། ) དཔེར་ན། དཔེ་ཆོས་རིན་ཆེན་སྤུངས་པ་ལྟ་བུ་ཐ་སྙད་ཕལ་མོ་ཆེ་འཕན་པོའི་ཡུལ་སྐད་ལྟར་བྲིས་འདུག་པས། བརྡ་བཀྲོལ་མེད་ན་གཞུང་དོན་གོ་ཁག་པོ་བྱུང་བ་དང་། ཉེ་ཆར་བོད་ནང་མགོ་ལོག་གི་ཡུལ་སྐད་ལྟར་བྲིས་པའི་ォནགས་ཚང་ཞི་ལུའི་སྐྱིད་སྡུགサཅེས་པ་བཙན་བྱོལ་ནང་ཡིག་སྐད་དུ་བསྒྱུར་དགོས་ཐུག་པ་ལྟ་བུ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྤྱི་སྐད་དང་ལག་ལེན་དབར་འགལ་འདུ་འབྱུང་བཞིན་ཡོད་་དང་། ཕལ་སྐད་ཀྱི་ནུས་པ་ཆ་ཚང་ཡིག་སྐད་ཐོག་བསླེབས་མ་ཐུབ་པའི་དཀའ་ངལ་ཡང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། ༧གོང་ས་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ། གཞན་ཡང་། དེང་སང་གནད་ཡོད་མི་སྣ་ཁག་གི་ཕལ་སྐད་ཐོག་གི་གསུང་བཤད་སྒྲ་བླངས་ཏེ་ཡིག་ཐོག་ཏུ་འབེབས་སྐབས་ས་གནས་ལུང་ཚན་གྱི་སྐད་ལྟ་ཅི་སྨོས། དབུས་སྐད་དུ་གསུངས་པ། དཔེར་ན། ཞེ་དྲག བྱས་ཙང་། ཞེ་བོ་ཅིག བཤད་ཡ། བསྡད་མཁན། བཞག་མཁན་སོགས་དང་། ཨམ་སྐད་ནང་། ཡོད་ཀི མེད་ཀི འདོད་ཀི མི་འདོད་ཀི བསམ་གི ཡོད་ནི་རེད། ཤེས་ནི་རེད། སོགས་དང་། ཁམས་སྐད་ཀྱི་ཡོད་ལེ་རེད། ཡོད་ལེ་མ་རེད། རེད་བྱས་མགུ རེད་བྱས་མི་མགུ་སོགས་བེད་སྤྱོད་བཏང་སྟེ། ཕལ་སྐད་ཡིག་སྐད་དུ་གཅིག་གྱུར་གྱི་བརྡ་དག་དང་། མིང་མཛོད་ཚད་ལྡན་གསར་བཟོ་མ་ཐུབ་པ་དང་། ཁ་སྐད་ཡིག་སྐད་ཀྱི་སྒྲིག་གཞིའི་བརྡ་སྤྲོད་གཞུང་ལུགས་དང་བསྟུན་པའི་ལག་ལེན་རྗེས་ལུས་ཐེབས་པའམ། ཡང་ན། ཡིག་སྐད་བརྡ་དག་གིས་ཁ་སྐད་ཀྱི་ནུས་པ་ཇི་ལྟ་བ་བཞིན་འདོན་མ་ནུས་པས་བསམ་བཞིན་ཕལ་པའི་ཁ་སྐད་དུ་བྲིས་པ་སོགས་ཀྱིས་ཚགས་དེབ་དང་། དྲ་ཚིགས་ཟིན་བྲིས་སོགས་ཀྱི་ནང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་ཡིག་བྲིས་ཕལ་སྐད་རྒྱུན་འབྱམས་སུ་འགྲོ་བཞིན་པ་འདིས། ང་ཚོ་ལ་ཅི་ཞིག་དྲན་སྐུལ་བྱེད་བཞིན་ཡོད་པ་རེད་ཅེ་ན། ཕལ་སྐད་ཡིག་སྐད་དུ་འབྲི་བའི་བརྡ་དག་གི་རྣམ་གཞག་ཅིག་གསར་བཟོ་དང་། ཁྱབ་སྤེལ་བྱེད་དགོས་པར་སྟོན་བཞིན་ཡོད། དེ་ཡང་རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན(ཕྱི་ལོ་༡༨༡༠ལོར་བརྩམས)ལས། “མཁས་པ་རྣམས་འཆད་རྩོད་རྩོམ་གསུམ་ལ་འཇུག་སྐབས་དང་། བླུན་པོ་རྣམས་མིང་ཚིག་དོན་གསུམ་གྱི་བྱ་བ་བྱེད་དུས་བརྗོད་བྱའི་དོན་ལ་བསམས་ཏེ། རྗོད་བྱེད་ཀྱི་སྒྲ་དག་པར་སྨྲ་དགོས་ཀྱང་དེང་སང་ནི། མཁས་བླུན་བར་མ་ཕལ་ཆེར་ཡུལ་སྐད་ཁོ་ནའི་གཞན་དབང་དུ་གྱུར་ཏེ། གཙང་པ་རྣམས་སྲས་པོ་ལ་ཧྲས་འོ་ཟེར་བ་དང་། དབུས་པ་རྣམས་བཀྲས་པོ་ཟེར་བ་དང། དེ་མཚུངས་དབུས་གཙང་ཚང་མས་མིག་ལ་སྨིག་ཟེར་བ་སོགས་སྒྲ་མ་དག་པ་མང་པོ་འདུག་པས། དེ་ལྟར་བྱས་ན་ཚིག་སྐྱོན་ཤོར་བས་དོན་ལ་གནོད་པ་འབྱུང་ངེས་ན། སྒྲ་དག་ཅིང་བརྗོད་པ་གསལ་བ་གལ་ཆེའོ་”ཞེས་ལོ་ཉིས་བརྒྱའི་སྔོན་ནས་སྐད་ཡིག་གི་བརྗོད་པ་དག་དགོས་པར་གདམས་པ་དང་། ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་། “དེས་ན། རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་། ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་། ཐམས་ཅད་ཀྱིས་ཀློག་ཐུབ་ཅིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས་དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་། གླེགས་བམ་བསྡེབས་པ་འདི་རིགས་བརྒྱ་ལ་དར་སོ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱི་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ་ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་། ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཡོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་། སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གིས་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་གོ་མི་ཐུབ་པའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།” ཞེས་ང་ཚོར་ཤ་ཚ་བའི་ཉམས་མྱོང་གི་ལམ་སྟོན་གལ་ཆེན་གནང་ཡོད། ཡང་བོད་ཕྱི་ནང་གང་སར་ཅ་དངོས་མང་པོའི་ཐ་སྙད་ལུང་དུ་སྟོན་པ་ན་གཞན་སྐད་ཀྱི་ཤན་ཤུགས་འགོས་ནས་རྒྱ་དཀར་ནག་སོགས་ཀྱི་ཐ་སྙད་མཉམ་བསྲེས་བྱེད་པ ཐ་ན་བོད་ཡིག་གིས་བྲིས་པའི་ཚགས་དེབ་ཐོག་གི་རྩོམ་ཡིག་བརྒྱ་ཆའི་གྲངས་ཚད་ངེས་ཅན་ཞིག་གཞན་གྱི་སྐད་ཡིག་ནས་ཚུར་བོད་སྐད་དུ་བསྒྱུར་བའི་འགྱུརཡིག་ལྟ་བུའི་ཉམས་ཅན་ཆགས་པས་གོ་དཀའ་བ་ལྟ་བུར་གྱུར་འདུག་པ་འདིས་ང་ཚོ་ལ་ཅི་ཞིག་གསལ་འདེབས་བྱེད་ཀྱི་ཡོད་པ་རེད་ཅེ་ན། རྒྱུན་སྤྱོད་ཉེར་མཁོའི་ཐ་སྙད་ལས་གཞན། ད་དུང་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་སྲོལ་རིག་པ། འཕྲོད་སྟེན། ཚན་རིག འཛུགས་སྐྲུན། སྐྱེས་དངོས་རིག་པ། འཕྲུལ་རིག སེམས་ཁམས་རིག་པ། འབྱུང་བཞི་དང་། སྲོག་ཆགས་རིག་པ། གནམ་གཤིས་དང་། སྐར་རྩིས་རིག་པ་སོགས་ལས་བྱུང་བའི་ཤེས་བྱའི་རྣམ་གྲངས་དག་ལ་ཐ་སྙད་གསར་བཟོ་བྱེད་དགོས་པར་དྲན་སྐུལ་གཏོང་བཞིན་ཡོད། དེ་ཡང་མིང་བརྡ་གསར་བཟོ་སྐབས། རྒྱུ་དང་རྐྱེན། ངོ་བོ་དང་བྱེད་ལས། དབྱིབས་དང་རྣམ་པ། འདྲ་བ་དང་འབྲེལ་བ། མངོན་བརྗོད་སོགས་གང་གི་སྒོ་ནས་མིང་བཏགས་ཀྱང། འཚོ་བའི་ནང་བཀོལ་སྤྱོད་བྱེད་སྐབས་བག་ཆགས་བཟང་ཕྱོགས་སུ་ཐེབས་ཐུབ་པ་དེ་འདྲ་མང་ཙམ་བཟོ་ཐུབ་ན། དེའི་ཚོད་ཀྱིས་མི་རྣམས་ཀྱི་བསམ་པ་དང་སྤྱོད་ལམ་ཁྱེར་ཕྱོགས་ཐད་སྣེ་འཁྲིད་ཡག་པོ་བྱེད་ཐུབ་ངེས་ཡིན། མདོར་ན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་བསྟུན་ཏེ། ཕལ་སྐད་ཡིག་སྐད་དུ་གཏན་ལ་འབེབས་པའི་མིང་མཛོད་ཅིག་དང་། གསར་ཐོན་ཤེས་བྱའི་མིང་མཛོད་ཚད་ལྡན་ཕུན་སུམ་ཚོགས་པ་གསར་བཟོ་དང། ཁྱབ་སྤེལ་བྱེད་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་འདུག་སྙམ། ད་དུང་རྒྱུན་སྤྱོད་ཐ་སྙད་ཀྱི་ནང་དུ་གཅིག་གྱུར་མ་བྱུང་བ། དཔེར་ན། འགོ་འཛུགས་དང་། མགོ་འཛུགས། མགྲོན་ཁང་དང་། འགྲོན་ཁང་། བལྟ་སྐོར་དང་། ལྟ་སྐོར། དྭང་བླང་དང་། དང་བླང། དྭོགས་གཅོད་དང་། དོགས་གཅོད། རྭ་བ་དང་། ར་བ། གཞིར་འཛིན་ཏེ་དང་། གཞིར་བཟུང་སྟེ། ཕྱི་ལོ་དང་། སྤྱི་ལོ། སྲུང་གཙི་དང་། སྲུང་བརྩི། རྣམ་བཞག་དང་། རྣམ་གཞག དྷ་རམ་ས་ལ་དང་། རྡ་རམ་ས་ལ་སོགས་ལྟ་བུ་གཅིག་གྱུར་མེད་པའི་བརྡ་དག་གི་ཐ་སྙད་རྣམས་གཅིག་གྱུར་བཟོ་ཐབས་དགོས་རྒྱུ་དང་། མ་མཐའང་རྡ་རམ་ས་ལའི་བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་། རྒྱལ་ཁབ་དང་། སྲིད་འཛིན་དང་སྲིད་བློན། གཞན་ཡང་། གནད་ཡོད་མི་སྣ་ཁག་གི་མིང་བོད་ཡིག་ཐོག་གཅིག་གྱུར་མ་བྱུང་བ་དང་། ལྷག་པར་ཏུ་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་། དེ་དང་འབྲེལ་ཡོད་ཀྱི་མི་སྣའི་གོ་གནས་དང་འབྲེལ་བའི་ཐ་སྙད། ཁྲིམས་ཡིག་ལས་བྱུང་བའི་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚགས་དེབ་རྩོམ་སྒྲིག་པའི་མི་སྣས་ཕྱར་གྲུ་མཉམ་འདེགས་གནང་གལ་ཆེ།

བཞི་པ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ཐོབ་ཐང་ལག་ལེན་དབར་གྱི་འགལ་འདུ་ལ་ལྟ་བ།

དཔེ་རྙིང་པར་ཞུས་གཏོང་བའམ། རང་ཉིད་རྩོམ་པ་ལ་འཇུག་སྐབས་བརྡ་སྤྲོད་རིག་པའི་ཐོབ་ཐང་གི་རྣམ་གཞག་ཐད་དཀའ་ངལ་ཕྲད་གཞི་ཆེ་བ་གཅིག་ནི། ད་དྲག་གང་ལ་ཐོབ་མི་ཐོབ་དང་། དེའི་དབང་གིས་མིང་མཐའ་གང་ཞིག་འདྲེན་མི་འདྲེན་ལ་མཁས་པ་དག་ལག་ལེན་ཧ་ཅང་མི་འདྲ་བ་ཞིག་ཡིན།
སྤྱིར་བཏང་ད་དྲག་གི་རྣམ་གཞག་སུམ་ཅུ་པའི་གཞུང་ལས་བསྟན་ནམ་མ་བསྟན་ཞེ་ན། གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་གི་ཡི་གེ་བཅུ་དབྱུང་བར་བསྟན་པའི་ཤུགས་ཀྱིས་སམ་ཞར་ལ། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་འཇུག་པའི་ད་དྲག་ཀྱང་བསྟན་པར་གསུངས་ཏེ། བསྟན་འགྱུར་སྣ་ཚོགས (ཅོ༡༡༥ ཤོག་ངོས༣༩༧ ) ལས། བསླབ་པ་ཀུན་གྱི་གཞི་འཛིནད་ཅིང། །ཞེས་འཛིན་ལ་ད་དྲག་ཐོབ་པར་བྱས་འདུག་པས་ད་དྲག་གི་རྣམ་གཞག་སུམ་ཅུ་པའི་རྩ་བའི་དངོས་བསྟན་དུའང་བྱུང་བར་འདོད་དགོས་སོ། །
ད་དྲག་ནི་དུས་མཚམས་འདི་ཙམ་ཞིག་ལ་བསྡུས་ཞེས་གསལ་བར་གསུངས་པ་མི་སྣང་ཡང་། བསྟན་པ་ཕྱི་དར་གྱི་རྗེས་དེ་ནས་རིམ་བཞིན་དཔེ་འབྲི་བཤུས་ཀྱི་སྐབས་སུ་ཡིག་ཚོགས་བསྐྱུངས་ཤིང་ཟོར་ཡང་བའི་ཆེད་དུ་ད་དྲག་བསྡུས་འདུག འོན་ཀྱང་ད་དྲག་དོར་བའི་ཤུལ་གྱི་མིང་ཚིག་ལ་གང་སྦྱོར་རྒྱུའི་རྣམ་དབྱེ་དང་ཚིག་ཕྲད་ལས། སླར་བསྡུའི་ཏོ། ལ་དོན་གྱི་ཏུ། ཨི་ལྡན་གྱི་རྣམ་དབྱེའི་ཕྲད་ཀྱི་དང་ཀྱིས། རྒྱན་སྡུད་ཀྱི་ཀྱང་། ཚིག་ཕྲད་ཀྱི་ཅིང་། ཅེས། ཅེའོ། ཅེ་ན། ཅིག་རྣམས་ད་དྲག་གི་རྗེས་སུ་ཐོབ་པའི་ཕྲད་ཡིན་པས་ད་དྲག་བསྡུས་ན་ཡང་ཐོབ་ཐང་རང་འཇགས་སྦྱོར་དགོས་པ་ནི་སྨོས་མ་དགོས་སོ། །

འོན་ཀྱང་ལག་ལེན་གྱི་སྐབས་སུ་སྡེ་དགེའི་བསྟན་འགྱུར་གླེགས་བམ་༢༡༣ཡོད་པ། (ཕྱི་ལོ་༡༧༣༧ ནས་༡༧༤༤ བར་རྫོགས་པར་བཞེངས།) ཞུས་ཆེན་གནང་མཁན་ལྔ་རིག་སྨྲ་བའི་དབང་པོ་བཙུན་པ་ཚུལ་ཁྲིམས་རིན་ཆེན་(༡༦༩༧_༡༧༧༤)གྱིས་ཞུས་ཆེན་མཛད་པའི་ནང་། ཤིན་ཏུ་ལ་ཤིན་དུ་དང་། ཀུན་ཏུ་ལ་ཀུན་དུ། སོགས་སུ་བྲིས་ཤིང་། ཏོ་དང་ཅིང་སོགས་ན་ར་ལ་གསུམ་ཕལ་ཆེར་ལ་ད་དྲག་ཐོབ་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་པ་དང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གླེགས་བམ་ ༢༢༥ ཡོད་པའི་ནང་། ཤིན་ཏུ་དང་ཀུན་ཏུ་སོགས་ད་དྲག་ཐོབ་པའི་དབང་དུ་བྱས་ནས་བྲིས་འདུག་པས་ལག་ལེན་གྱི་བར་ཁྱད་ཆེན་པོ་བྱུང་བ་དང་། སྔོན་བྱོན་བརྡ་སྤྲོད་མཁས་པའི་གཞུང་ལུགས་ནང་། ད་ནི་ན་ར་ལ་གསུམ་དང་། །ཞེས་ཡང་འཇུག་ད་དྲག་དེ་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་སྦྱོར་དགོས་པར་གསུངས་ཤིང་། དེ་ཡང་ཞིབ་ཆ་བཏོད་དེ། ངོ་བོ་ཉིད་ཀྱིས་ད་དྲག་ཐོབ་པ་ལས་གཞན། ན་ར་ལ་གསུམ་གྱི་རྗེས་འཇུག་ཅན་འདས་སྐུལ་གང་རུང་ལ་ད་དྲག་སྦྱོར་དགོས་པར་གསུངས། འོན་ཀྱང་། ལག་ལེན་གྱི་ཚེ་ན་མི་འདྲ་བ་བྱུང་བ་དཔེར་ན། རྗེ་རིན་པོ་ཆེའི་གསུང་རྩོམ་གཙང་པར་གྱི་ནང་དུ། ཡིན་ཡང་དང་། ཡིན་ཞེ་ན། ཕྱིར་ཞེ་ན། འགྱུར་ཞེ་ན། མ་འབྲེལ་ཞེ་ན། ཞེས་ད་དྲག་མེད་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་ཀྱང་། རྒྱལ་ཚབ་དང་མཁས་གྲུབ་ཀྱི་གསུང་རྩོམ་ཁག་གི་ནང་། ཡིན་ཀྱང་། ཡིན་ཅེ་ན། ཕྱིར་ཅེ་ན། མ་འབྲེལ་ཅེ་ན། ཞེས་ན་ར་ལ་གསུམ་གྱི་རྗེས་སུ་ད་དྲག་ཐོབ་པའི་དབང་དུ་བྱས་ནས་ཚིག་ཕྲད་སྦྱར་འདུག སྡེ་དགེའི་བཀའ་འགྱུར་པར་མའི་ནང་། ཡིན་ཞེ་ན། ཕྱིར་ཞེ་ན། ཞེས་སོགས་ད་དྲག་ཐོབ་མེད་པའི་དབང་དུ་བྱས་ནས་བྲིས་འདུག འོན་ཀྱང་། སྐུ་འབུམ་པར་མའི་ནང་། ཕྲད་འགའ་ཞིག་ལ་ད་དྲག་ཐོབ་པ་དང་། འགའ་ཞིག་ལ་མི་ཐོབ་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་པས་གཅིག་གྱུར་རང་བྱུང་མི་འདུག་པ་སོགས་ཕྱག་ལེན་མི་འདྲ་བར་བྱུང་བ་གསུང་འབུམ་ཁག་ལམཇལ་བས་ཤེས་ནུས་ཤིང། དེ་ཡང་འགའ་ཞིག་གིས། འཁྲུངས་ཡུལ་གྱི་ཁྱད་པར་ལས་ད་མཐའི་གདངས་ལ་ཁྱད་པར་ཡོད་པ་ཡིན་ནམ་ཟེར་ཡང་། རྗེ་རིན་པོ་ཆེའི་ལེགས་བཤད་མཛད་པའི་ཡི་གེ་བ་མང་དུ་ཡོད་ཀྱང་གསུང་གིས་ཟིན་པའང་ཅི་རིགས་སྣང་མོད། གཙོ་བོ་ཡི་གེས་ཐུགས་ཟིན་གྱི་བུ་ཆེན་གསུམ་དུ་གྲགས་པ་སྐུ་ཚེ་སྟོད་དུ་གཡག་སྡེ་བསོད་ནམས་དཔལ་བཟང་། སྐུ་ཚེ་བར་གྱི་ཡི་གེས་ཐུགས་ཀྱི་བུ་ཆེན་སྡོམ་བརྩོན་བསོད་ནམས་བློ་གྲོས། སྐུ་ཚེ་སྨད་དུ་དཀའ་བཞི་པ་རིན་ཆེན་དཔལ་བ་གསུམ་དུ་གྲགས་པ་རྣམས་ཀྱང་མཐའ་གཅིག་ཏུ་འཁྲུངས་ཡུལ་མདོ་སྨད་མིན་ཞིང་། རྗེ་རིན་པོ་ཆེའི་བརྡ་སྤྲོད་ཀྱི་གཞུང་ལུགས་སྦྱང་ས་ཡང་དབུས་གཙང་ཕྱོགས་ཡིན་པ་ནི་རྣམ་ཐར་དག་ལས་ཤེས་ནུས་ཏེ། ལོ་ཆེན་ནམ་བཟང་དང། ས་བཟང་མ་ཏི་པཎ་ཆེན་སོགས་ལས་སྒྲ་དང་སྙན་ངག སྡེབ་སྦྱོར་སོགས་ལ་སྦྱངས་པར་ཡོངས་སུ་གྲགས་པའི་ཕྱིར་རོ། །ད་དྲག་གང་ལ་ཐོབ་དང་མི་ཐོབ་པའི་ཁྱད་པར་ལས། མིང་མཐའ་འདྲེན་ཚུལ་ལ་ཡང་ཁྱད་པར་ཆེན་པོ་འབྱུང་སྟེ། ད་དྲག་ཐོབ་པ་རྣམས་ཀྱིས་མིང་མཐའ་འདྲེན་པ་ན་ཡང་། ད་དྲག་རྗེས་འཇུག་ཕོ་ཡིན་པས་དེས་ཕོ་མཐའ་འདྲེན་དགོས་པས་པ་བ་གཉིས་ལས་པ་འདྲེན་པ་དང་། འདས་སྐུལ་དང་ངོ་བོ་ཉིད་ཀྱིས་ད་དྲག་ཐོབ་པ་མ་ཡིན་པའི་ན་ར་ལ་གསུམ་གྱི་རྗེས་འཇུག་གིས་བ་འདྲེན་པ་ནི་རྟགས་མཚུངས་འདྲེན་པ་ཡིན་པས། པ་བ་དང་། པོ་བོ་འདྲེན་ཚུལ་གྱི་རྣམ་གཞག་འདི་ཡང་མ་གླེང་ཐབས་མེད་ཡིན་ལ། གཞུང་ལུགས་ཀྱི་སྒྲིག་འཛུགས་ལྟར་ན། དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས། སྒྲ་རིག་པའི་བསྟན་བཅོས་ལས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་དང་། མཁས་དབང་དམུ་དགེ་བསམ་གཏན་གྱི་བརྡ་སྤྲོད་བློ་གསལ་འཇུག་ངོགས་ལས། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་གཉིས་སྦྱོར་བ་སྟེ། །ཞེས་གསུངས་ལ། དེ་དང་མཐུན་པར་དག་ཡིག་ངག་སྒྲོན་ལས། མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །གྱུར་པ་དང་བ་ལ་དགའ་བ། །མྱུར་བར་མཇལ་བར་སྤྲོས་པ་ལས། །ཞེས་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང་། སྐྱོགས་ལོ་ཙཱ་བ་གཉིས་ཀྱི་སློབ་མ་དཔལ་ཁང་ཆོས་མཛད་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་ཕྱི་ལོ་ ༡༥༣༨ ལོར་བརྩམས་པའི་དག་ཡིག་གྲགས་ཆེ་བ་དེ་ལས་སྡོམ་ཚིག་གནད་འགག་ཅན་ཞིག་བཟོས་འདུག་པ་ལྟར། མཁས་པ་མང་པོ་ཞིག་གིས་ཕྱག་ལེན་དུ་བསྟར་བཞིན་མཆིས་མོད། འོན་ཀྱང། དབུས་གཙང་ཕྱོགས་ཀྱི་དཔེ་ཆ་མང་པོ་ཞིག་ཏུ། སྟོང་པ། སུམ་ཅུ་པ། ཐར་པ། ཕྱི་རོལ་པ། ཞེས་ང་འ་ར་ལ་རྣམས་ཀྱི་མཐར་པ་སྦྱར་བ་མང་པོ་མཐོང་རྒྱུ་འདུག དེ་ནི་བརྗོད་བདེའི་དབང་གིས་ཡིན་པ་ལས་རྟགས་མཚུངས་མིན་ལ། རྟགས་མཚུངས་དང་བརྗོད་བདེ་གང་ཡིན་ཀྱང་། སྒྲ་མཐུན་ཡིན་ཏེ། མུ་ཏིག་ཕྲེང་མཛེས་ཀྱི་རྟགས་འཇུག་སྐབས། འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་། རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་། གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་པ་ཤས་ཆེ་བར་སྣང་ཞེས་གསུངས་པའི་ཕྱིར་རོ། །

དེས་ན། རྩ་བ་མཁན་པོས། མིང་མཐའ་འདྲེན་ཚུལ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །སོགས་དང་། དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །ཞེས་སོགས་གསུངས་པ་ལྟར་ན། རྗེས་འཇུག་གིས་མིང་མཐའ་འདྲེན་ཚུལ་ལ་རྟགས་མཚུངས་དང་བརྗོད་བདེ་གཉིས་ཀ་ཡོད་ཅིང་། དེ་གཉིས་ཀ་སྒྲ་མཐུན་ཡིན་པར་གསུངས་པས་ན། དབུས་དཔར་མང་པོར་སྟོང་པ། ཐར་པ། སུམ་ཅུ་པ། ཕྱི་རོལ་པ། སོགས་བྲིས་པ་ནི་དབུས་སྐད་ཀྱི་བརྗོད་བདེ་དང་། སྐུ་འབུམ་དཔར་མ་སོགས་སུ། སྟོང་བ། ཐར་བ། སུམ་ཅུ་བ། ཕྱི་རོལ་བ། སོགས་བྲིས་པ་ནི་རྟགས་མཚུངས་དང་། ཨམ་སྐད་ཀྱི་བརྗོད་བདེ་གཉིས་ཀ་ཡིན་པའི་ཕྱིར་ན། དེ་དག་དང་། འདི་མ་དག་ཅེས་ཕྱོགས་གཅིག་དབང་བཙན་པར་བྱས་ནས་ཕྱོགས་གཞན་དེ་སུབ་བཅོས་གཏོང་དགོས་ན། བཀའ་བསྟན་དགོངས་འགྲེལ་དང་བཅས་པའི་གནའ་དཔེ་ཕལ་མོ་ཆེ་བཟོ་བཅོས་བྱེད་དགོས་ཁེལ་ན། སྔོན་གྱི་ཞུ་ཆེན་པ་དག་ལ་མཐོང་ཆུང་ཁྱད་གསོད་དུ་འགྱུར་ཉེན་ཆེ་བས། བཟོ་བཅོས་མ་དགོས་པར་སོར་བཞག་བྱས་ན་ལེགས་ཚོགས་ཆེ་སྙམ། ཞུ་དག་པ་རྣམས་ཀྱིས་ཤེས་དགོས་པའི་གནད་དོན་གཞན་ཞིག་ཡོད་པ་ནི། ཞུ་དག་སྐབས་པར་མ་གང་ཞིག་གཞིར་བཟུང་གིས་ཞུ་དག་བཏང་བའི་མཆན་རྟགས་འགོད་རྒྱུ་གལ་ཆེ། དེ་ཡང་གང་ལ་ཁུངས་བྱེད་སའི་རྩ་བའི་རྩོམ་པ་པོའི་བརྡ་སྤྲོད་ཀྱི་ལག་ལེན་གང་ཡིན་ལྟར་ཞུ་དག་གཏོང་ན་ལས། གཞན་རང་འདོད་དབང་བཙན་པར་བྱས་ནས་སུབ་བཅོས་བྱེད་རྒྱུ་ནི་ཤིན་ཏུ་ནས་མ་གུས་པའི་ལས་ཀ་ཞིག་ཡིན། །

ལྔ་པ། བྱེད་འབྲེལ་གྱི་ཕྲད་སྦྱོར་སྟངས་ལ་ལྟ་བ།

བྱེད་སྒྲ་དང་འབྱུང་ཁུངས་ཀྱི་ཕྲད་སྦྱོར་སྟངས་ཐད་གཞུང་ལུགས་དང་ལག་ལེན་འགལ་འདུ་བྱུང་བ། དཔེར་ན། བོད་མིའི་རང་དབང་ཞེས་པའི་ཚགས་དེབ་ཀྱི་ནང་། བྱེད་སྒྲའི་ཕྲད་བེད་སྤྱོད་ཀྱི་ཚབ་ཏུ་འབྱུང་ཁུངས་ཀྱི་ཕྲད་བེད་སྤྱོད་བཏང་བ། ཤེས་རིག་ལས་ཁུངས་ནས་བཏང་བའི་གནས་ཚུལ། ཁོང་ནས་གསུང་གསལ། ༧གོང་ས་མཆོག་ནས་གསུང་བཤད་གནང་། འགྲོ་གྲོན་སོ་སོ་རང་ཉིད་ནས་བཏང་། ཞེས་བྲིས་འདུག་པ་དང་། དེ་བཞིན་བོད་ལྗོངས་བརྙན་འཕྲིན་ཁང་ནས་བསྒྱུར་བཟོ་བྱས། ལྟ་བུ་དང་། ཡང་དཔེ་དེབ་ཁ་ཤས་ཀྱི་མདུན་ཤོག་ཐོག་གང་ཟག་དེ་དང་འདི་ནས་བརྩམས་ཞེས་འབྱུང་བ་སོགས་མ་དག་རྒྱུན་འབྱམས་ལྟ་བུར་སོང་སྟེ། བརྡ་སྤྲོད་ཀྱི་སྒྲིག་ཁྲིམས་མ་བརྩིས་པ་དང་། གཞན་ཡང་། ད་ལྟའི་བར་དུ་ཞེས་འབྲེལ་སྒྲ་ཡོད་དགོས་སར་འབྲེལ་སྒྲ་མ་བཞག་པར་ད་ལྟ་བར་དུ་ཞེས་དང་། ངོས་འཛིན་ཞུ་བཞིན་ཡོད་ཅེས་པའི་ཚབ་ཏུ་ངོས་འཛིན་ཞུ་གི་ཡོད། ཅེས་དང་། ཟ་བཞིན་ཡོད་དང་ཟ་གིན་ཡོད་ཅེས་པར་ཟ་ཡི་ཡོད་ཅེས་བརྗོད་མི་བདེ་བའི་ཐོབ་ཐང་སྦྱར་བ་དང་། ཡང་། ཁ་སྐད་དུ་འགྲིག་པ་ལྟར་སྣང་ཡང་བརྡ་སྤྲོད་ཀྱི་ཐོབ་ཐང་དང་མི་མཐུན་པ། གནོད་གི་རེད། ཕན་གི་ཡོད། ལབ་གི་འདུག བསམ་གི་ཡོད། དགའ་གི་རེད། བསྐུར་གི་འདུག འགུལ་གི་ཡོད། གནས་གི་ཡོད། ག་ང་ལས་གཞན་པའི་རྗེས་འཇུག་གཞན་བརྒྱད་ཀྱི་རྗེས་སུ་འབྲེལ་སྒྲའི་གི་ཁོ་ན་སྦྱོར་བ་སོགས་མ་དག་རྒྱུན་འབྱམས་སུ་འགྲོ་བ་འདི་དག་ལ་ཉེ་ལམ་༧གོང་་མཆོག་གིས་རྡ་སྟེང་བོད་ཁྱིམ་དུ་བཀའ་སློབ་གནང་སྐབས། ཁ་སྐད་དང་བརྡ་དག་གི་འགྲོ་སྟངས་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པར་ཐུགས་འཚབ་ཀྱིས་རྩོམ་སྒྲིག་པ་དག་ལ་ཐུགས་སྣང་དགོས་པའི་གསུང་ནན་ཕེབས་སྟས། དོན་གནད་འདི་དག་གི་སྐོར་ལག་པ་འགུལ་ཏེ་རྩོམ་གྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་བརྡ་སྤྲོད་ཀྱི་རྣམ་གཞག་ལག་ལེན་དུ་འཁྱོལ་བ་ཞིག་ཅིས་ཀྱང་མཛད་གལ་ཆེ། །

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 58

  1. སྐལ་བུ་ says:
    ལོ་ 16 སྔོན།

    ངས་དང་པོ་གཞུང་རང་གི་ཡིག་ཆ་ལ་སོགས་པ་རྣམས་བོད་ཡིག་ཐོག་འབྲི་མ་ཐུབ་པ་གང་ཡིན་ནམ་མཉམ་ གལ་སྲིད་དེ་ལ་དཀའ་ཡོད་པ་ཡིན་ན་་དབྱིན་ཇི་དང་བོད་ཡིག་གཉིས་མཉམ་དུ་འབྲི་པ་ཡིན་ན་དེ་ལ་སྐྱོན་ཡོད་དམ་གལ་སྲིད་མིད་པ་ཡིན་ན་ངེས་པར་དུ་དབྱིན་བོད་གཉིས་ཡོད་པ་ཞིག་བྱེད་རོག་ཞེས་འབོད་སྐུལ་ཞུ་ཡག་ཡིན་་གལ་སྲིད་སྐྱོད་ཡོད་པ་ཡིན་ན་འདིར་གསུངས་རོག་ཞེསཞུ་་རྒྱུ་ཡིན།

    Reply
  2. སྐལ་བུ་ says:
    ལོ་ 16 སྔོན།

    བསམ་འཆར་ཞིག་ཡོད་པ་ནི་

    Reply
  3. སྨྱུག་སྡོང་། says:
    ལོ་ 16 སྔོན།

    དགེ་བཤེས་བློ་བཟང་སྙན་གྲགས་སོགས་བརྡ་སྤྲོད་ལ་བྱང་ཆུབ་པ་རྣམ་པར་དྲི་བ་ཞིག་ནི།
    ཡུལ་སྐད་འགའ་ཞིག་ཏུ།
    ལས་རིགས་གང་ཞིག་བྱེད་གི་ཡོད་ལྟ་བུར་་་་གི་་་ཀི་་་་སོགས་གང་ཡིན།
    འགྲོ་གི་་་་་ཀི་་་ཡོད་ལྟ་བུ་་་་གི་་་དང་་་་ཀི་་་གང་ཡིན།

    གོང་གསལ་ཁ་སྐད་དམ་ཡུལ་འབྲི་སྐབས་གང་འབྲི་དྲིས་པ་ཡིན།

    Reply
  4. རྐང་རྗེན་པ། says:
    ལོ་ 16 སྔོན།

    པ་བའི་སྐོར་ལ། ཡོངས་གྲགས་བདག་སྒྲའི་པ་བ་དང་མིང་མཐའི་པ་བ་ཞེས་རིགས་གཉིས་ཡོད་པ་ལྟར། དང་པོ་བདག་སྒྲའི་པ་བ་ནི་ཕྲད་གཞན་དབང་ཅན་དུ་འདོད་པ་དང་རང་དབང་ཅན་དུ་འདོད་པའི་ལུགས་གཉིས་ཡོད་པ་ལས། གཞན་དབང་ཅན་དུ་འདོད་པའི་ལུགས་ལའང་ནང་གསེས་ལུགས་མི་འདྲ་བ་དུ་མ་ཡོད། དེའང་མི་མཐུན་ས་གཙོ་བོ་རྗེས་འཇུག་ང་འ་ར་ལ་མཐའ་མེད་རྣམས་ཡིན་པ་ལས་ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་མཐར་པ་ཡིག་སྦྱོར་བ་ལ་རྩོད་པ་མེད། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་དབུས་སྐད་དུ་པ་དང་ཨམ་སྐད་དུ་བ་སྦྱོར་བ་ཤས་ཆེ་ནའང་ཁྱབ་པ་མེད་དེ། དབུས་སྐད་ལའང་ཆ་ཡའི་ཁྱད་པར་གྱིས་ནང་པ་དང་ཇོ་ནང་བ་ཞེས་པ་ལྟ་བུ་རྗེས་འཇུག་གཅིག་གི་མཐར་བདག་སྒྲ་པ་སྦྱོར་བ་དང་བ་སྦྱོར་བ་གཉིས་ཀ་ཡོད་ཅིང། ཡང་ཚངས་པ་བ་དང་གཅེར་བུ་པ་ལྟ་བུ་ཡ་ཅན་རང་ལའང་བདག་སྒྲ་པ་སྦྱོར་བ་དང་བ་སྦྱོར་བ་གཉིས་ཡོད་པ་སོགས་གཙོ་བོར་བརྗོད་བདེ་ཡིན་མིན་ལ་བལྟོས་པ་ལས་མཐའ་གཅིག་ཏུ་ཆ་ཡའི་ཁྱད་པར་ལ་བལྟོས་པའང་མིན་པས་འདི་ཡང་སྐབས་སོ་སོར་དཔྱད་དགོས་པ་ཞིག་ཡིན། ད་དུང་ར་ལ་གཉིས་ཀྱི་མཐར་ད་དྲག་ཡོད་མེད་ཀྱིས་སྐབས་རེར་པ་དང་སྐབས་རེར་བ་སྦྱོར་བའང་ཡོད།
    བདག་སྒྲ་ཕྲད་རང་དབང་ཅན་དུ་འདོད་པའི་ལུགས་ལ་ནི་པ་ཡིག་ཁོ་ན་ལས་བ་ཡིག་བདག་སྒྲར་མི་འདོད་ཅིང། རྗེས་འཇུག་ཐམས་ཅད་ཀྱི་མཐར་པ་ཁོ་ན་སྦྱོར་བ་ཡིན་པས་ཉོག་འཛིངས་མེད། འོན་ཀྱང་བདག་སྒྲ་མིན་པའི་རིགས་ལ་བ་ཡིག་སྦྱོར་དགོས་པ་ཡོད་པས་སྐབས་སོ་སོར་བདག་སྒྲ་ཡིན་མིན་གསལ་པོར་ཤེས་དགོས་པ་ནི་གནད་ཀྱི་དོན་པོ་ཡིན།
    གཉིས་པ་མིང་མཐའི་པ་བའང་རྗེས་འཇུག་ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་མཐར་པ་ཡིག་སྦྱོར་བ་ལ་རྩོད་པ་མེད་ཅིང། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་ཡིག་སྦྱོར་བའང་གོང་དང་འདྲ་ནའང། འདི་ལ་ཆ་ཡའི་ཁྱད་པར་མེད། འོན་ཀྱང་། སྟོང་པ། ཁང་པ། དཀར་པོ། བཟང་པོ། སྦལ་པ། ཕོར་པ་སོགས་རྗེས་འཇུག་ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་པ་ཡིག་སྦྱོར་བ་འདི་རིགས་ཨམ་སྐད་ལ་མི་བདེ་ནའང་སྔོན་གྱི་དཔེ་དག་པ་རྣམས་སུ་མང་དུ་འབྱུང་བའི་དམིགས་བསལ་གྱི་སྦྱོར་ཚུལ་ཞིག་ཡིན་པར་མཁས་པ་དག་གིས་གསུངས་པ་ལྟར་དམིགས་བསལ་རང་དུ་འཇོག་པ་ལེགས་སྙམ། དེས་ན་༼སུམ་ཅུ་པ། ཐར་པ། ཕྱི་རོལ་པ།༽ཞེས་པའི་ཕྱི་རོལ་པ་ནི་བདག་སྒྲ་ཡིན་ལ་ད་དྲག་ཀྱང་ཡོད་པས་པ་ཡིག་སྦྱོར་བ་འདི་འཐད་ངེས། སུམ་ཅུ་པའང་གྲངས་གནས་དེ་དང་ལྡན་པའི་དོན་ཡིན་པས་བདག་སྒྲར་གཏོགས་ཚུལ་དམུ་དགེ་བསམ་གཏན་གྱིས་གསུངས་པ་ལྟར་ཏེ། དེས་ན་འདི་ལ་དབུས་སྐད་དུ་སུམ་ཅུ་པ་དང་སུམ་ཅུ་བ་ཞེས་འབྲི་ལུགས་གཉིས་དང། ཨམ་སྐད་དུ་སུམ་ཅུ་བ་ཁོ་ན་འབྲི་བ་བཅས་གསུམ་ཡོད་པ་ལས་གང་འཐད་ཅེ་ན། སྔོན་གྱི་གསུང་རབ་པར་རྙིང་ཚད་ཐུབ་རྣམས་ལ་བལྟས་ཚེ་དང་པོ་སྟེ་སུམ་ཅུ་པ་ཞེས་པ་འཐད་སྙམ། ཐར་པ་ཞེས་པའང་པར་རྙིང་རྣམས་སུ་མང་དུ་འབྱུང་ལ་བྱ་ཚིག་མིང་རྐྱང་དུ་གྱུར་པ་ཞིག་་ཡིན་པར་ད་དྲག་ཡོད་པའི་དབང་གིས་ཀྱང་ཡིན་འདྲ་བས་པ་ཡིག་འབྲི་བ་འདི་ག་འཐད་སྙམ།
    མདོར་ན་བདག་སྒྲ་ཡིན་མིན་དང། མིང་མཐའ་ཙམ་ཡིན་མིན། བྱ་ཚིག་ཡིན་མིན། ཁྱད་ཆོས་བརྗོད་པ་ཡིན་མིན། ད་དྲག་ཡོད་མེད་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟགས་ཏེ་པ་བའི་ཐོབ་ཐང་ཤེས་དགོས་པར་སྣང་ངོ་།།

    Reply
  5. རྐང་རྗེན་པ། says:
    ལོ་ 16 སྔོན།

    ད་དྲག་གི་སྐོར་ལ། རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་ཀྱང་དང་ཡང་། ཅེ་ན་དང་ཞེ་ན་སོགས་ཕྲད་ཀྱི་ཐོབ་ཐང་མི་འདྲ་བ་གཉིས་རེ་འབྱུང་བ་ནི་ད་དྲག་ཡོད་མེད་ཀྱི་དབང་གིས་ཡིན་པ་ཀུན་གྱིས་ཤེས་ནའང། གང་ལ་ད་དྲག་ཡོད་དང་མེད་ཀྱི་ཁྱད་པར་ཤེས་རྒྱུ་དེ་ཁག་པོ་ཆགས་ཡོད། དེའི་ཁྱད་པར་ནི་མིང་རྐྱང་དང་བྱ་ཚིག་ཡིན་མིན། བྱ་ཚིག་ཀྱང་འདས་སྐུལ་ཡིན་མིན་གྱི་ཁྱད་པར་ལས་ཤེས་དགོས་པས་སྐབས་སོ་སོར་ཞིབ་ཏུ་དཔྱད་དགོས་པ་ཞིག་ཡིན། སྤྱིར་མིང་རྐྱང་ལ་ད་དྲག་ཉུང་ཞིང་བྱ་ཚིག་ལ་མང། བྱ་ཚིག་ཀྱང་འདས་སྐུལ་ལ་མང་ཞིང་ད་ལྟ་བ་དང་མ་འོངས་པའི་ཚིག་ལ་ཕལ་ཆེར་མེད། མིང་རྐྱང་ལ་བྱ་ཚིག་ལྟར་གཟུགས་འགྱུར་རྒྱུ་མེད་པས་ད་དྲག་ཡོད་ན་སྐབས་ཐམས་ཅད་དུ་ཡོད་དགོས་པ་དང་མེད་ན་སྐབས་ཐམས་ཅད་དུ་མེད་དགོས་པ་ཞིག་ཡིན་པ་དང་། བྱ་ཚིག་ལ་སྤྱིར་བཏང་གཟུགས་འགྱུར་རྒྱུ་ཡོད་པས་ད་དྲག་ཡོད་མེད་ལ་ངེས་གཏན་མེད་ཚུལ་ཨ་ལག་ཤའི་མཁས་པའི་ཁ་རྒྱན་དུ་གསུངས་པ་ལྟར་ཡིན། དེས་ན། ༼ཡིན་ཀྱང་། ཡིན་ཅེ་ན། ཕྱིར་ཅེ་ན། མ་འབྲེལ་ཅེ་ན།༽༼འགྱུར་ཞེ་ན༽ཞེས་པའི་ཡིན་དང་ཕྱིར་ནི་བྱ་ཚིག་མིན་པས་གཟུགས་འགྱུར་རྒྱུ་མེད་པ་དང། ད་དྲག་ཡོད་མེད་གཉིས་ཡོང་དོན་མེད་ཅིང། ལྷག་པར་ཨ་ལག་ཤས། དེ་ལྟར་ན། ཡིན་ཏོ་ཞེས་ཐོབ་དགོས་པ་ལས་དཔེ་དག་པ་རྣམས་སུ་ཡིན་ནོ་ཞེས་མང་དུ་བྱུང་བས། དེས་ན་ཡིན་ཞིང། ཡིན་ཡང་ཞེས་བྲིས་ན་མཛེས་པར་སེམས་སོ།། ཞེས་གསུངས་པ་ལྟར་རྫོགས་ཚིག་སྐབས་ཡིན་ཏོ་དང་ཕྱིར་ཏོ་ཞེས་འབྲི་མཁན་སུ་ཡང་མེད་པ་སོགས་ལ་གཞིགས་ན། ཡིན་ཡང་དང་ཡིན་ཞེ་ན་ཞེས་སོགས་སུ་འབྲི་བ་དེ་དག་གམ་སྙམ།
    འབྲེལ་དང་འགྱུར་ནི་བྱེད་མེད་ལས་ཚིག་ཡིན་ཞིང། འབྲེལ་འདས་པ་ཡིན་ཚེ་ད་དྲག་ཡོད་པས་འབྲེལ་ཅེ་ན་སོགས་སུ་འབྲི་ལ། དེ་མིན་འབྲེལ་ཞེ་ན་སོགས་སུ་འབྲི། འགྱུར་ནི་བྱ་ཚིག་ལ་འགྲོ་སྟངས་གཉིས་ཡོད་པ་ལྟར། དང་པོ་གཡོ་བའམ་འཕོ་བའི་དོན་ཅན་གྱི་འགྱུར་ཡིན་ཚེ་འདས་པ་ལ་ད་དྲག་ཡོད་པས་འགྱུར་ཅེ་ན་སོགས་དང། དེ་མིན་འགྱུར་ཞེ་ན་སོགས་སུ་འབྲི། གཉིས་པ་གྱུར་གྱི་མ་འོངས་པ་དང་ད་ལྟ་བའི་འགྱུར་ཡིན་ཚེ་སྐབས་ཐམས་ཅད་དུ་ད་དྲག་མེད་པས་འགྱུར་ཞེ་ན་སོགས་ཁོ་ནར་འབྲི་དགོས་པ་ཡིན་ནོ།།

    Reply
  6. རྐང་རྗེན་པ། says:
    ལོ་ 16 སྔོན།

    ཡང། ༼དཔེར་ན། འགོ་འཛུགས་དང་། མགོ་འཛུགས། མགྲོན་ཁང་དང་། འགྲོན་ཁང་། བལྟ་སྐོར་དང་། ལྟ་སྐོར། དྭང་བླང་དང་། དང་བླང། དྭོགས་གཅོད་དང་། དོགས་གཅོད། རྭ་བ་དང་། ར་བ། གཞིར་འཛིན་ཏེ་དང་། གཞིར་བཟུང་སྟེ། ཕྱི་ལོ་དང་། སྤྱི་ལོ། སྲུང་གཙི་དང་། སྲུང་བརྩི། རྣམ་བཞག་དང་། རྣམ་གཞག དྷ་རམ་ས་ལ་དང་། རྡ་རམ་ས་ལ་སོགས་ལྟ་བུ་གཅིག་གྱུར་མེད་པའི་བརྡ་དག་གི་ཐ་སྙད་རྣམས་གཅིག་གྱུར་བཟོ་ཐབས་དགོས༽ ཞེས་པའི་སྐོར་ལ།
    1 འགོ་འཛུགས་དང་མགོ་འཛུགས་ལ། ཐོན་མིའི་ཞལ་ལུང་དུ། འགོ་བརྩམས་ལ་དབུ་བརྩམས་ཟེར་བ་སོགས་ཞེ་ས་སྦྱོར་ཚུལ་གྱི་རིགས་པས་མ་མགོ་དག་པར་གསུངས་པ་ལ་རྒྱུ་མཚན་ཡོད་ཀྱང། ཨ་ལ་ཤའི་དག་ཡིག་སྐྱ་རེངས་གསར་པར། ཐོག་མའི་འགོ་དང་ལུས་ཀྱི་མགོ།ཞེས་དང། བོད་རྒྱ་ཚིག་མཛོད་ཆེན་མོར། འགོ་ནི་ཐོག་མ་དང་རྩ་བ། ཞེས་འབྱུང་བ་སོགས་ལ་གཞིགས་ན་འ་འགོ་མ་མགོ་གཉིས་ཐོག་མའི་དོན་ལ་འཇུག་མི་འཇུག་གི་ཁྱད་པར་ཞིག་ཡོད་འདུག་པས་ད་དུང་དཔྱད་དགོས།
    2 འགྲོན་ཁང་དང་མགྲོན་ཁང་ལ། ཨ་ལ་ཤའི་དག་ཡིག་ཏུ། ཚོང་པའི་འགྲོན་པོ་འབོད་རྒྱུའི་མགྲོན།།ཞེས་གསུངས་པ་ལྟར་ན་འ་འགྲོན་ནི་ཚོང་འགྲུལ་བའི་མིང་ཡིན་པས། འགྲོན་ཁང་ཡང་འགྲུལ་ཁང་ལ་གོ་དགོས་པ་ལས་ཆེད་དུ་བོས་པའི་མགྲོན་པོ་སྡོད་སའི་ཁང་པ་ལ་མི་གོ་བས་དེ་གཉིས་ལ་ཁྱད་ཆེ། འོན་ཀྱང་དེང་སང་དེ་གཉིས་གོ་ལྡོག་སྟེ་མགྲོན་ཁང་ལ་འགྲུལ་ཁང་དང། འགྲུལ་ཁང་ལ་མགྲོན་ཁང་ཞེས་འབྲི་སྲོལ་དང་འབོད་སྲོལ་དར་བས་ནོར་བཅོས་བྱེད་དཀའ།
    3 བལྟ་སྐོར་དང་ལྟ་སྐོར་ནི་ཡོངས་གྲགས་སུ་ལྟ་སྐོར་ཞེས་ལྟ་དང་སྐོར་གཉིས་ཀར་བས་འཕུལ་མེད་པའི་བྱེད་ཚིག་འབྲི་བ་རྒྱུགས་ཆེ་བས་སྔ་མ་མ་དག་པར་བརྩི་་དགོས།
    4 དྭང་བླང་དང་། དང་བླང་། དྭོགས་གཅོད་དང་། དོགས་གཅོད། རྭ་བ་དང། ར་བ་རྣམས་ནི། དག་ཡིག་ཚད་ལྡན་རྣམས་སུ་འདི་དག་ལ་ཝ་ཟུར་མེད་ཅིང། ཝ་ཟུར་འདོགས་དགོས་པའི་རྒྱུ་མཚན་ཡང་མེད་པས་ཝ་ཟུར་ཅན་རྣམས་ནོར། འོན་ཀྱང་ཆོས་ཀྱི་ར་བ་ལ་ཆོས་རྭ་་དང་རྟ་བསྡུ་སའི་ར་བ་ལ་རྟ་རྭ་ལྟ་བུ་ཚིག་བསྡུས་པའི་སྐབས་སུ་ར་ལ་ཝ་ཟུར་གྱི་སྒྲ་ཐོན་པས་ཝ་ཟུར་འདོགས་དགོས་པར་མངོན་ནའང། དམུ་དགེ་བསམ་གཏན་གྱིས་བློ་གསལ་དགའ་སྟོན་དུ། རྭ་ནི་ཕྱུགས་ཟོག་གི་མགོའི་རྭ་དང། ཕྱུགས་ཟོག་བསྡུ་སའི་ཟོག་ར་གཉིས་ཀྱི་ཁྱད་པར་དོད་བྱེད་ཡིན་ལ། སྒྲ་གདངས་ལ་དེང་དུས་ཁྱད་པར་ཆེར་མི་གསལ། ཞེས་གསུངས་པས་ད་དུང་དཔྱད་དགོས།
    5 གཞིར་འཛིན་ཏེ་དང། གཞིར་བཟུང་སྟེ། ཞེས་པ་ནི། དམ་བཅའ་བའི་ལྷག་བཅས་ཡིན་ཚེ་སྔ་མ་དང། མཚམས་སྦྱོར་བའི་ལྷག་བཅས་ཡིན་ཚེ་ཕྱི་མ་ལྟར་འབྲི་དགོས་པ་ནི་བརྡ་སྤྲོད་ཀྱི་ལུགས་ཏེ། དམུ་དགེ་ཚང་གིས་ཀྱང་བྱ་བ་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་སྦྱོར་སྐབས་བྱ་ཚིག་སྔ་མ་དེ་ངེས་པར་འདས་ཚིག་བྱེད་དགོས་ཚུལ་གསུངས་ཡོད་ལ། དེ་ནི་བྱ་བ་ཕྱི་མ་ལ་བལྟོས་པའི་འདས་པ་ཡིན་པའི་གནད་ཀྱིས་ཡིན་ཚུལ་དོར་ཞིའི་བརྡ་སྤྲོད་དུ་གསུངས།
    6 ཕྱི་ལོ་དང་། སྤྱི་ལོ་ནི། སྔ་མ་ནི་ཕྱི་གླིང་པའི་ལུགས་ཀྱི་ལོ་བརྩི་སྟངས་ལ་ཕྱི་ལོ་ཞེས་བོད་པ་རང་གིས་བཏགས་པ་ཞིག་ཡིན་པ་དང། ཕྱི་མ་ནི་རྒྱ་སྐད་公元 ཞེས་པ་བསྒྱུར་པ་སྟེ་འཛམ་གླིང་སྤྱི་སྤྱོད་ཀྱི་ལོ་ཟེར་བ་ཡིན་ཚོད་ཀྱང། ཡེ་ཤུའི་སྟོན་པའི་འདས་ལོ་ཡིན་པ་ལས་འཛམ་གླིང་སྤྱིའི་ལོ་ཞིག་མིན་ལ། དེང་སང་ཡང་ལུང་པ་དང་མི་རིགས་སོ་སོར་ལོ་བརྩི་སྟངས་མི་འདྲ་བ་རེ་ཡོད་ཅིང། ཡེ་ཤུའི་འདས་ལོ་འདི་ཡེ་ཤུ་པ་ཡིན་མིན་ཐམས་ཅད་ཀྱི་སྤྱིའི་ལོའམ་ཐུན་མོང་གི་ལོ་ཞིག་ཏུ་གྱུར་མེད་པས། བོད་སྐད་རང་གི་བརྗོད་སྲོལ་ཕྱི་ལོ་ཞེས་པ་འདི་བྲིས་ན་ལེགས་སྙམ།
    7 སྲུང་གཙི་དང། སྲུང་བརྩི་ནི། དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་རྩ་འགྲེལ་སོགས་དག་ཡིག་ཚད་ལྡན་གྲགས་ཅན་གང་དུའང་གཙི་ཞེས་པའི་ཐ་སྙད་འདི་མེད་པས། དག་ཡིག་གསར་བསྒྲིགས་ཀྱི་དེ་ཁུངས་མེད་རང་བཟོ་ཡིན་པར་མངོན། སྤྱིར་དག་ཡིག་གསར་བསྒྲིགས་ནང་ཁུངས་མེད་གསར་བཟོ་དང་མ་དག་པ་མང་བས་ཤ་གཟུག་ཟ་རྐྱང་ཞིག་མིན། ལར་ནས་སྲུང་བརྩི་ཞེེས་པ་ནི་སྲུང་ཞིང་བརྩི་བ་སྟེ། དམ་ཚིག་སྲུང་ཞིང་བརྩི་བ་ལྟ་བུའི་བརྩི་ནི་དམ་ཚིག་ལས་མི་འདའ་བར་དེ་ལ་གནས་ཤིང་ཆ་འཇོག་བྱེད་པའི་དོན་དང། དུས་ཆེན་སྲུང་ཞིང་བརྩི་བ་ལྟ་བུའི་བརྩི་ནི་དུས་ཚིགས་དེ་ལས་མི་འདའ་བའམ་དེ་ལ་ཆ་འཇོག་དང་ཆེ་མཐོང་ཞུས་པའི་དོན་ཡིན་པས། དུས་ཆེན་སྲུང་བརྩི་སོགས་ལ་སྔོན་གྱི་མཁས་པ་དག་གི་ཕྱག་རྒྱུན་ལྟར་༼བརྩི་༽འདི་རང་འབྲི་བ་འཐད་ལྡན་དུ་མཐོང།
    8 རྣམ་བཞག་དང་། རྣམ་གཞག་ནི། ཟ་མ་ཏོག་དང་ངག་སྒྲོན་སོགས་སུ་རྣམ་གཞག་ཅེས་གས་འཕུལ་ཅན་འབྱུང་བ་ལས་བས་འཕུལ་ཅན་མེད་ལ། མཉམ་གཞག་ཀྱང་གས་འཕུལ་ཅན་བྱེད་དགོས་པ་དང། དེ་དག་ནི་བྱ་ཚིག་གི་སྒོ་ནས་བཏགས་པ་ལས་འདས་ཚིག་གིས་བཏགས་པ་མིན་ཚུལ་ཨ་ལ་ཤའི་མཁས་པའི་ཁ་རྒྱན་སོགས་སུ་གསུངས་པ་ལྟར་ཡིན་པས། གས་འཕུལ་ཅན་དག་པར་མངོན།
    9 དྷ་རམ་ས་ལ་དང་། རྡ་རམ་ས་ལ་ནི་རྒྱ་གར་སྐད་ཡིན་པས་བོད་སྐད་ཀྱིས་དག་བཅོས་བྱེད་དུ་མེད་ནའང། རྒྱ་སྐད་དག་མ་ལ་དྷརྨ་ཤཱ་ལ་ཞེས་འབྱུང་བ་བོད་སྐད་དུ་ཆོས་ཀྱི་མགྲོན་ས་ཞེས་བསྒྱུར་བ་མཐོང་བས། དེ་ཟུར་ཆག་པའི་སྒྲ་ལ་བོད་ཡིག་ཏུ་དྷ་རམ་ས་ལ་ཞེས་བྲིས་ན་མ་སྐད་དང་ཉེའོ།།

    Reply
  7. རྐང་རྗེན་པ། says:
    ལོ་ 16 སྔོན།

    བློ་བཟང་སྙན་གྲགས་ལགས་ནས།༼ཕལ་སྐད་ཡིག་སྐད་དུ་འབྲི་བའི་བརྡ་དག་གི་རྣམ་གཞག་ཅིག་གསར་བཟོ་དང་། ཁྱབ་སྤེལ་བྱེད་དགོས༽ཞེས་བཤད་འདུག་པར་བསམ་ཚུལ་ཞིག་ཞུས་ན། ཁྱེད་ཀྱིས་བཞག་པའི་ཕལ་སྐད་ཀྱི་དཔེ་མཚོན།༼དབུས་སྐད་ཀྱི། ཞེ་དྲག བྱས་ཙང་། ཞེ་བོ་ཅིག བཤད་ཡ། བསྡད་མཁན། བཞག་མཁན་སོགས་དང་། ཨམ་སྐད་ནང་། ཡོད་ཀི མེད་ཀི འདོད་ཀི མི་འདོད་ཀི བསམ་གི ཡོད་ནི་རེད། ཤེས་ནི་རེད། སོགས་དང་། ཁམས་སྐད་ཀྱི་ཡོད་ལེ་རེད། ཡོད་ལེ་མ་རེད། རེད་བྱས་མགུ རེད་བྱས་མི་མགུ།༽ ཞེས་པ་རྣམས་ཡིག་སྐད་དུ་རིམ་བཞིན། ཤིན་ཏུ། དེར་བརྟེན། ཧ་ཅང། བཤད་རྒྱུ། སྡོད་མཁན། འཇོག་མཁན། འདུག མི་འདུག འདོད་དོ། མི་འདོད་དོ། བསམ་མོ། ཡོད་དོ། ཤེས་སོ། མེད། རེད་ཅེའོ། མ་རེད་ཟེར་ལྟ་བུར་འབྲི་རུང་བར་མ་ཟད། ཕལ་ཆེར་འདི་ལྟར་འབྲི་དགོས་པ་ཞིག་ཀྱང་ཡིན། འདུག་མི་འདུག་སོགས་ཨ་མདོ་བས་དབུས་སྐད་དུ་མཐོང་སྲིད་ཀྱང་དེ་ཡིག་སྐད་ཡིན། འདོད་མི་འདོད་སོགས་ལ་རྫོགས་ཚིག་མ་སྦྱར་ནའང་འགྲིག་ངེས། དེས་ན་འདི་རིགས་ལ་ཡིག་སྐད་དུ་འབྲི་སྟངས་སྔ་མོ་ནས་ཡོད་མུས་ཡིན་པས། ང་ཚོས་དེ་དག་ཡིག་སྐད་དུ་འབྲི་བའི་བརྡ་དག་གཞན་ཞིག་གསར་བཟོ་བྱེད་དགོས་པ་མེད་སྙམ།

    Reply
  8. ཡེ་ཤེས། says:
    ལོ་ 16 སྔོན།

    བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་བསམ་ཚུལ།། དགོནཔ་གང་ལ་སྤྲུལ་སྐུ་དགོས་ན་ཐོག་མར་དེ་ཡི་ནང་གི་གྲྭ་ཚང་ནང་དུ་མཁས་བཙུན་བཟང་གསུམ་གང་གི་ཐད་ནས་བླ་མི་མཚན་ཉིད་ཙང་བ་རྣམས་ཀྱི་མིང་ཟན་རིལ་ནང་དུ་དྲེལ་ནས་བཀའ་བདར་བ་འམ། ཡང་ན་བླ་ཆེན་གྱི་བཀའ་རྟགས་སོགས་ཀྱིས་གདམ་ནས་བཞག གར་སྲིད་དགོན་ཆུང་ལྟ་བུར་གོང་གི་མཚན་ཉིད་ཚང་བ་མེད་ན། རང་གི་མ་དགོན་ལ་ཞུས་ཏེ་གོང་དང་འདྲ་བས་གཞག་ན། སོ་སོའི་རང་ལུགས་ཟིན་པ་སོགས་དགེ་མཚན་དུ་མ་ཡོད་པར་སེམས་ཚང་མས་བསམ་གཞིག་གནང་རོག་ཐུགས་རྗེ་ཆེ། །

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese