མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་རར་ཡོད་དུས་ཀྱི་རེ་འདོད། པད་མ་བསམ་གྲུབ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་ལ་ཉེ་བའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བར་ཆེད་དུ་ཕུལ་བ།

པད་མ་བསམ་གྲུབ། ཤེས་རབ་དགའ་ཚལ་སློབ་གླིང༌།

མི་ལོ་བཅུ་དྲུག་ལྷག་གི་ཡར་སྔོན་ཞིག་ལ། ང་རང་བོད་འབྱོར་ན་ཆུང་བྱིས་པ་བྱིངས་དང་འདྲ་བར་ཧི་མ་ལ་ཡའི་གངས་གསེང་བརྒྱུད་དེ་བྲོས་བྱོལ་ལ་སླེབས། སྐབས་དེའི་བསམ་མེད་ཀྱི་བུ་ཆུང་ང་ཡུལ་ནས་ཐོན་ཁར། ཕ་མས་ང་ལ་ནམ་ཡང་དྲན་རྟེན་དུ་ཉར་འོས་པའི་རྒྱུན་སྲོལ་གྱི་དངོས་པོ་གང་ཡང་གནང་མི་འདུག རྒྱབ་ཁུག་ཆུང་ཆུང་དེར་ལྭ་བའི་བརྗེ་ལེན་སོགས་ལམ་ཁའི་མཁོ་ཆས་འགའ་བླུགས་ཡོད། མ་གཞི་རླངས་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད་དུས། དེ་ངས་རྒྱབ་དུ་འཁུར་མི་དགོས་པས་ནང་དུ་ཅི་ཡོད་ལ་དོ་སྣང་མ་བྱུང༌། དེ་ནས་ཟླ་ངོ་གཅིག་རིང་རྐང་ཐང་དུ་བསྐྱོད་པའི་ལམ་བར་དུ་རྒྱབ་ཁུག་དེ་ཧ་ཅང་ལྗིད་ཆེ་བའི་སྣང་བ་ཞིག་འདུག ཨ་མྱེས་ཀྱིས་རྒྱུན་དུ་བཤད་པ་ལྟར་༼ཁུར་བོ་ཁུར་གིན་ཁུར་གིན་ལྕི་༽བས་ཡིན་ནམ། ངལ་གསོ་ཞིག་གི་གླགས་བཙལ་ཏེ། ངས་རྒྱབ་ཁུག་གི་ཁ་བསྔོགས་ནས་གཡུག་ཆོག་པའི་ཅ་དངོས་འདྲ་ཨེ་ཡོད་བལྟས། དེའི་ནང་དུ་ལྗིད་ཆེ་བའི་ཅ་དངོས་ཤིག་ཡོད་པ་ནི་བོད་ཡིག་གི་དེབ་གཟུགས་ཆེན་པོ་ཞིག་སྟེ། ༼བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ་༽ཞེས་འཁོད་པའི་གསེར་ཏོག་སུམ་རྟགས་ཀྱི་དེབ་ཅིག་རེད། དུས་དེ་ནས་བཟུང་ཕ་མས་ང་ལ་སྔོན་ཆད་ནས་དྲན་རྟེན་རྩ་ཆེན་ཞིག་གནང་ཡོད་པ་དང་དེ་ཡང་ཤིན་ཏུ་ལྗིད་ཆེ་ཞིག་ཡིན་པ་ཤེས་བྱུང༌།

དྲན་རྟེན་དེའི་དབང་གིས། ང་རང་སློབ་གྲྭར་ཡོད་དུས་བོད་ཡིག་གི་དགེ་རྒན་ཚོ་ལས་ཀྱང་བོད་སྐད་ལ་དུངས་ཤིང་བོད་ཡིག་ལ་དགའ་བའི་སློབ་མ་ཞིག་ཡིན་པའི་སྣང་བ་འཆར་མྱོང༌། ཁ་ཕོ་ཆེ་ཚོད་འདུག་ཀྱང་། དེ་ནི་སྐབས་དེའི་བྱིས་བློ་དྭངས་གཙང་ཞིག་རེད། དེར་བརྟེན་སློབ་བུ་ཆུང་ཆུང་ངས་ཕ་མ་དྲན་པ་ནང་བཞིན། ཉིན་མཚན་དུས་དྲུག་ལ་རང་གི་ལག་ཏུ་ཀློག་སྤྲོ་བའི་བོད་ཡིག་གི་དེབ་རེ་ཨེ་འཐོབ་ལ་རེ་བ་ཡིན། འོན་ཀྱང་ལོ་ཆུང་བྱིས་པ་ང་ལ་ཕ་སྐད་ཀྱི་ལམ་ནས་དབུགས་ཀྱི་འབྱིན་རྔུབ་བྱེད་སའི་རྩེད་རྭ་སྐྱིད་པོ་ཞིག་གཏན་ནས་མ་ཐོབ། ང་ལ་ཐོབ་པ་ནི་སུན་སྣང་བསྐྱེད་བྱེད་ཀྱི་སློབ་དེབ་དང་དོན་ཅི་ཡང་མི་གོ་བའི་གཞུང་ལུགས་དང་ལྟ་གྲུབ་གྱི་དཔེ་ཆ། ཡང་ན་ངའི་བློô་ཁ་ལ་མི་འཚམ་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཆ་འགའ་རེད། དེ་བས་ངས་བོད་སྐད་ཡིག་ནི་བྱིས་པའི་སྦྱོང་ཐུབ་པའི་སྐད་ཡིག་ཅིག་མིན་པར་སྙམ་ཞིང༌། རང་གི་ཕ་སྐད་སྦྱོང་བའི་རེ་འདོད་ཆེ་ནའང་ནུས་པས་མ་ལྕོགས་པའི་སྡུག་བསྔལ་ལྕི་མོ་ཞིག་གིས་མནན་ཞིང་མནར། ཐབས་ཟད་པའི་གནས་བབ་དེ་འདྲའི་འོག་ཏུ། ན་ཆུང་སློབ་བུ་ངས་འུ་ཚུགས་དང་སྡུག་རུས་ཀྱི་ངང་ནས། མཐོང་ན་མགོ་ན་བར་བྱེད་པའི་དཔེ་ཆ་དེ་དག་ཡང་ཡང་ཁ་མི་འབྱེད་ཀ་མེད་བྱུང༌། ཚུལ་དེ་ནི་བཟོ་ལས་གསར་བརྗེ་ཡི་ཚུན་དང༌། ལྷག་པར་འཛམ་གླིང་དམག་ཆེན་སྔ་གཞུག་སྐབས་ཀྱི་བྱིས་པའི་ཐོབ་ཐང་ཤོར་བའི་དྭ་ཕྲུག་དག་གི་དཀའ་སྡུག་དང་ཅིས་མི་མཚུངས།

དྲན་རྟེན་དེའི་དབང་གིས། ང་རང་ལོ་ན་སོན་པའི་སློབ་བུ་ཞིག་སྟེ་ན་གཞོན་ཆུང་ཆུང་ཞིག་ཡིན་དུས། ང་ལ་ལས་ཀྱི་སྣེ་མོ་བ་གང་ལས་ཀྱང་༼ཕ་ཡུལ་བརྗེད་ཀྱང་ཕ་སྐད་མི་བརྗེད་༽རྒྱུའི་འགན་ཁུར་ཀྱི་བསམ་པ་དྲག་པོ་ཞིག་ཡོད་པར་འདོད་མྱོང༌། ང་རྒྱལ་ཆེ་ཚོད་འདུག་ཀྱང་། དེ་ནི་ན་གཞོན་ཞིག་གིས་དྲན་འོས་པའི་ཐོབ་ཐང་རེད། དེར་བརྟེན་གཞན་ལ་ཡོད་པ་མཐའ་དག་ང་ཚོར་ཡོད་མི་ཆོག་པ་ཅི། སྐད་ཡིག་ཡིན་པ་གཅིག་འདྲ་ཡིན་ན་འདི་འདྲའི་བར་ཁྱད་ཅིག་ཅི་ལ་དོད་པ་ཡིན་ནམ། བསམ་མ་ཤེས་པ་ཡིན་ནམ་ཡང་ན་ནུས་པས་མ་ལྕོགས་པ་ཡིན། ཐབས་གཞན་མེད་པ་རེད་དམ་ཡང་ན་གཞན་ལ་བཀོལ་ན་མི་འོས་པ་ཡིན་སོགས་ཀྱི་དྲི་རྟགས་གང་མང་གིས། ན་གཞོན་སློབ་བུ་ངའི་སེམས་པ་སྡུག་ཡུས་དང་འཁང་ར་མོད་པའི་དཔུང་གིས་གཙེས་ཤིང་རྒོལ། ཡི་མུག་པའི་ལས་དབང་བཙན་པོ་དེའི་འོག་ཏུ། ངས་ད་དུང་མྱ་ངམ་ཐང་ན་ཆུ་འཚོལ་བ་ནང་བཞིན། རང་གི་དགའ་ཁ་མོས་ཕྱོགས་ལ་རན་པའི་བོད་ཡིག་གི་དེབ་རེ་ཨེ་འཐོབ་ལ་འབུར་ཚུགས་ཀྱིས་རེ་ཞིང༌། ཧམ་རྒྱུག་གིས་བཙལ། འོན་ཀྱང་ང་ལ་ཐོབ་པ་ནི་སྔར་ལྟར་ཡིན། ཚུལ་དེ་ནི་ངའི་ཨ་མྱེས་ང་བརྒྱད་ལོར་རྒྱའི་བཙོན་དུ་ཚུད་སྐབས་དང༌། ལྷག་པར་དྲུག་ཅུ་ཐམ་པའི་མུ་གེ་ཁྲོད་དུ་ཀོ་དུམ་སྐམ་པོ་ལ་དམར་དྲི་བྲོ་རྒྱུ་ཡོད་པའི་དངོས་མྱོང་གི་གཏམ་རྒྱུད་དང་འདྲ་ཚོད་ཡིན་ངེས། དྲན་རྟེན་དེའི་དབང་གིས། ད་ལྟ་བདག་ཉེས་མེད་ན་ཆུང་བྱིས་པ་སྟོང་གི་སྐུ་ཚབ་ཏུ་འགྲེང་སྟེ། ཨ་ཁུ་དང་ཨ་ནེ་ཚོ་ལ་ཐུགས་རྗེ་གཟིགས་རོགས་ཞུ་ཞུ།

སྐད་ཡིག་ནི་ང་ཚོ་བོད་མི་རིགས་ཀྱི་སོན་རྩ་ཡིན་པའི་ངོ་རྟགས་གཅིག་པུ་དེ་ཡིན་ན། ན་ཆུང་ང་ཚོར་མཁོ་བ་ནི་སྣ་འཛོམས་སྤྱོད་བདེ་ཡིན་པའི་ཕ་སྐད་བསླབ་གཞིའི་སློབ་དེབ་ཡིན། མཛེས་ཆ་ལྡན་ལ་ཡིད་ཀྱི་དང་བ་འདྲེན་པའི་ལྟ་ཀློག་དེབ་ཆས་ཕུན་སུམ་ཚོགས་པོ་ཡིན། རྣམ་པ་མཛེས་ཤིང་ཇུས་འགོད་ཁྱད་པར་ཅན་གྱི་བརྙན་དེབ་སྣ་ཚོགས་ཡིན་ལ། ད་དུང་ཚིག་གིས་མི་ཤོད་པའི་དོན་དེ་རི་མོས་སྟོན་ཅིང༌། ལག་ལེན་དངོས་ལ་ཁྲིད་པའི་སྐད་ཡིག་སློབ་ཁྲིད་ཅིག་མཁོ་བ་ནི་ཨ་ཅང་ཅང༌། དེ་ལྟར་ན། ཕ་སྐད་དཔེ་དེབ་མེད་པ་ནས་ཡོད་པ་དང༌། ཡོད་པ་དེའང་གྲ་རྒྱས་ཕུན་ཚོགས་ཤིག་ཏུ་བསྒྱུར་བར་འོས་པའི་ཁར། སྐད་ཡིག་ནི་འཚོ་བ་དང་རྩོམ་རིག་ལ་བརྟེན་ནས་གོམས་འདྲིས་སུ་འགྲོ་དགོས་པ་ཞིག་ཡིན་གཤིས། ང་ཚོར་མི་མཁོ་བ་ནི་འཚོ་བ་དང་རྒྱང་བཀྱེད་ཅིང༌། རྩོམ་རིག་ལ་ཁ་བྲལ་ཏེ་ལག་ལེན་དངོས་ལ་མི་འབེབས་པའི་སྐད་ཡིག་གི་ཤུན་སྐོགས་ཙམ་པུ་བ་དེ་ཡིན། དེའི་ཕྱིར་ན། དེང་གི་བོད་ཡིག་དཔེ་དེབ་ཀྱི་འོས་འགན་ཤིན་དུ་ལྕི་སྟེ། བྱིས་པ་ང་ཚོའི་སྐད་ཡིག་གི་གོམས་འདྲིས་དེ་ཕ་མའི་ཁ་སྒོ་ཙམ་དུ་ཟད་ལ། ཕ་མ་ཚོའི་རང་སྐད་ཀྱང་ཁྱིམ་སྒོའི་ཕྱི་རོལ་ལ་བུད་ཚེ། འཚོ་བའི་དགོས་མཁོ་ཡི་བཙན་འཛུལ་ཧ་ཅང་རྒོད། ཁ་སྟབས་ཞན་པའི་སྣང་ཚུལ་འདི་བསྒྱུར་འདོད་ན། ཁ་ཚ་དགོས་གཏུགས་ཀྱི་ཁག་ཐེག་དེ་བྱིས་པའི་ལྟ་ཀློག་དཔེ་དེབ་ལ་ཡོད་འདུག་གོ

དེ་བས་ན། སི་པན་གྱི་མཁས་པ་ཞིག་གིས་༼ང་ནམ་ཡང་ཕ་ཡུལ་དང་བྲལ་མ་མྱུང་སྟེ། ངའི་སྐད་ཡིག་ནི་ངའི་ཕ་ཡུལ་ཡིན་༽ཞེས་གསུངས་པ་ལྟར། ན་ཆུང་བྱིས་པ་ང་ཚོར་རང་གི་ཕ་སྐད་ཀྱི་ཕ་ས་དྲོན་མོ་ཞིག་རྔམ་རྔམ་ཤུགས་ཤུགས་ཀྱིས་ཅི་འདྲའི་མཁོ་བ་ལ་ཨང༌། ཕ་ས་ཕ་ཡུལ་དེ་ཡོད་ན། སྣང་བ་ཁྲལ་ཁྲུལ་གྱི་སོན་རྩ་ཞིག་མ་ཡིན་པར། ང་ཚོས་ཀྱང་ཕ་མ་འཛོམས་པའི་གཅེས་ཕྲུག་བཞིན། གནའ་བོའི་འཚོ་བར་བཞུད་ཅིང༌། དྲིན་ཅན་མེས་པོ་རྣམ་པར་ཁ་བརྡ་ལྷུག་པོ་ཞིག་བྱ་ཅི་ལ་མི་འདོད། ཕ་ས་ཕ་ཡུལ་དེ་ཡོད་ན། མགོ་བོ་ཞུམ་ཞུམ་གྱི་སོན་རྩ་ཞིག་མིན་པར། ང་ཚོ་ཡང་མི་རིགས་གཞན་གྱི་བྱིས་པ་ལྟར། དུས་གསར་གྱི་འཚོ་བར་འགྲིམས་ནས། ཕ་ཡུལ་འཛུགས་སྐྲུན་ལ་སྨན་པའི་རྐང་རྗེས་རེ་བཞག་སྟེ། ཁྲེལ་ཡོད་ཀྱི་བུ་ཕྲུག་ཅིག་བྱེད་ཅི་བས་འདོད་དོ།

མཇུག་མཐར་བདག་ཉེས་མེད་ཀྱི་བྱིས་པ་ཁྲི་སྟོང་གི་སྐུ་ཚབ་དུ་འགྲེང་སྟེ། ཨ་ཁུ་དང་ཨ་ནེ་ཚོ་ལ་རེ་སྐུལ་ནན་མོ་ཞིག་ཞུ་འདོད་པ་ནི། ང་ཚོར་བྱིས་པར་རན་པའི་ཕ་ཡུལ་ཞིག་མཁོ་སྟེ། བྱིས་པ་ང་ཚོར་རན་པའི་ཕ་ཡུལ་ནི་བོད་མི་ཀུན་ལ་དབང་བའི་མ་འོངས་ཕུགས་བསམ་ཞིང་གི་ཕ་ཡུལ་དེ་ཡིན་པར་མ་ཟད། དེ་ནི་རང་གིས་རང་ལ་ཁག་འཁུར་བྱས་ཤིང་འཛམ་གླིང་ཡོངས་ལ་འགན་ཁུར་བ་ཞིག་ཀྱང་ཡིན་པ་དེའོ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

ཆུ་ཚོད་ ༡༢ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

༢༠༢༥/༡༢/༡༨

མཆན། 8

  1. དཔལ་མགོན། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་།་དགོངས་དག ཁྱེད་ཀྱི་རྩོམ་ཡིག་ཡག་པོ་དེ་ངས་དེ་རིང་མ་གཏོགས་ལྟ་ཁོམ་མ་བྱུང། གྲོགས་པོ་ཞིག་འོས་སྦྱོར་བྱས་སྟབས་ངས་དེ་རིང་དྲ་བ་བསྔོགས་ཏེ་བལྟས་པ་ཡིན།་་ངས་བསམ་ན་བཙན་བྱོལ་བའི་བོད་ཡིག་དགེ་རྒན་ཚང་མས་རྩོམ་ཡིག་འདི་འདྲར་ལྟ་དགོས་ལ་ངེས་ཤེས་འདི་ལྟར་ཡོད་འོས་པ་ཞིག་རེད།་་ད་དུང་སློབ་གསོ་དང་སློབ་ཁྲིད་དང་སྐད་ཡིག་བཅས་ཀྱི་ཐད་ལ་ཁོང་ཚོས་རིག་པ་འདོན་པའི་འོས་བབ་ངེས་ཅན་དུ་མཆིས་མོད།་ཁོང་ཚོ་ནི་ནམ་ཡང་ཁ་མི་གྲགས་པར་ལུས་འདུག
    མཇུག་མཐར་རེ་བ་ཞིག་ཡོད་པ་ནི་ཁྱེད་རྩོམ་མང་དུ་སྤེལ་བར་ཀློག་པ་པོ་ངས་རེ་བའི་མིག་ཟུང་གཏད་ནས་ཡོད།

    Reply
  2. Palgon says:
    ལོ་ 16 སྔོན།

    པད་མ་བསམ་གྲུབ་ལགས། ཁྱེད་ཀྱིས་རྩོམ་ཡིག་མུ་མཐུད་དུ་འགོད་པར་རེ་བ་ཞུ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ངས་རྩོམ་ཡིག་ཐེངས་གཉིས་ལ་བཀླགས་ཟིན་མོད། བསམ་ཚུལ་ཅི་ཡང་བཤད་ཤེས་མ་སོང་། ཕལ་ཆེར་སྙིང་རླུང་སྟོད་ལ་འཚང་ཡོང་བས་ཡིན་ས་རེད་ཀོ

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    པདྨ་བསམ་འགྲུབ་ལགས་ཁྱེད་ཀྱིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྐད་ཆ་ཡག་པོ་བཤད་འདུག་བོད་ཀྱི་བུ་ཕྲུག་ཚོར་དགོས་མཁོ་ཡོད་པའི་དེབ་དང་བོད་ཡིག་སློབ་སྦྱོང་བྱེད་སྐབས་སུ་བོད་ཡིག་གི་ཐོག་ནས་བུ་ཕྲུག་ཚོ་དུས་རབས་གསར་པའི་རིག་གནས་ལ་འཇུག་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཡིག་ནང་དུ་རིག་གནས་དེ་ཚོ་མེད་པས་རྒྱུ་མཚན་གྱིས་རེད་གྲོགས་པོ།
    ཁྱེད་ཀྱི་བསམ་ཚུལ་རྒྱབ་སྐྱོབ་ཡོད།

    Reply
  5. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    པདྨ་བསམ་འགྲུབ་ལགས། ངས་ཀྱང་ཁྱོད་ལྟ་བུའི་གཅེས་ཕྲུག་ཚོའི་ལས་དབང་ལ་སྐད་འབོད་བྱེད་དང་བྱེད་བཞིན་ཡོད། ཡིན་ཡང༌། ང་ཚོ་བོད་པ་ཚོས་ད་དུང་ཆེས་རྒྱང་ཐག་རིང་པའི་འཕྲེང་ལམ་ན་གཟིར་ཏེ་གཞན་ལ་རེ་བ་བཅིངས་བ་ཞིང། རང་གཅེས་འཛིན་ཁོ་ནས་བཟི་བའི་དུག་རྨོང་གི་ཁོར་ཡུག་དུ་བརྒྱལ་འདུག གང་ལྟར་ཁྱེད་ཀྱི་ཨ་མྱིས་ཀྱིས་ཁ་ཆིམ་སྟེ་༼ཁུར་བོ་ཁུར་གིན་ཁུར་གིན་ལྕི་༽ང་ཚོའི་ཁུར་བཞིན་པའི་མི་རིགས་ཀྱི་ཁུར་བོ་དེ་ཧ་ཅང་ལྕི་ཡང༌། དེ་ཁྱེད་ལྟ་བའི་གཅེས་ཕྲུག་ཚོས་ཐོག་ལ་བབ་ཡོད་པའི་ངེས་ཟིན་ཐོབ་དགོས་ལ། མུ་མཐུད་ནས་འབད་བརྩོན་གནོངས་དང༌། ཁྱོད་ལ་གྲུབ་འབྲས་ཀྱི་རྒྱལ་ཁ་ཞིག་ཤར་རྒྱུ་ཡོད་པ་ང་ལ་ཡིད་ཆེས་ཡོད།

    Reply
  6. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ཨ་ཁུའི་གཅེས་ཕྲུག་ཁྱོད་ཀྱིས་དེ་རིང་ངུ་འབོད་ཐེངས་གཅིག་བྱས་བ་འདིས་ང་རང་ཡང་བསྐྱར་རེ་བ་མེད་པ་ནས་ཡོད་པར་གྱུར་ཟིན། ངས་ཀྱང་ཁྱོད་དང་ཁྱོད་ལྟ་བུའི་གཅེས་ཕྲུག་ཚོའི་ཆེད་དུ་སྐད་འབོད་བྱེད་ཀྱིན་ཡོད་ལ། བོད་ཡིག་གི་ལམ་ནས་དགོད་འཆོར་ལ་ཀློག་སྤྲོ་བའི་སྒྲུང་ཐུང་འབྲི་བའི་རེ་བའང་བྱེད་ཀྱིན་ཡོད།
    ལོ་ངོ་བཅུ་དྲུག་གི་གི་སྔོན་ལ་ངས་ཀྱང་དེབ་རྒན་སྔོ་ལྡང་ང་ཞིག་ཁུར་ནས་ཡོང་བ་ཡིན། ལམ་བར་གྱི་མཚན་མོ་ཞིག་ལ་འཁྱག་ཤི་འཐེབ་བར་སྐྲག་ནས་རྒྱབ་ཁུག་ནང་གི་དེབ་ཚང་མ་མེར་སྒྲོན་ནས་སྲོག་སྐྱོབས་ལ་རེ་སྐབས། ཤི་སོང་ནའང་དེབ་འདི་ངས་སྲེག་གི་མིན་ཞེས་རྒྱ་བོད་དབྱིན་གསུམ་གྱི་དེབ་རྒན་དེ་ཁུར་ནས་ཡོང་བ་ཡིན། ཕྱིས་སུ་དེབ་རྒན་དེས་ང་ལ་མུག་སྐྱོབས་ཀྱི་རོག་རམ་བྱས་མྱོངས། དེ་བཞིན་དེ་རིང་ཁྱོད་ཀྱིས་སྨྱུག་ཁ་ནས་སྡུག་སྨྲེ་འདི་བོད་ཡིག་ལམ་ནས་བཞུར་ཐུབ་པའང་དེབ་རྒན་དེའི་བཀའ་དྲིན་ཡིན་པས། ད་དུང་འབད་པ་བྱོས་དང་ཁྱོད་ཀྱི་མི་ཚེ་ལ་ཁྱོད་རང་ཉིད་ཀྱིས་བསྐྲུན་པའི་འོད་སྣང་ཞིག་ཡོང་རྒྱུ་ཡོད་པ་ངས་ཡིད་ཆེས་བྱེད་ཀྱིན་ཡོད།

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཤེས་རིག་ལས་ཁུངས་ནས་ཡང་འཁྲབ་སྟོན་ལེ་ཚན་ཞིག་གི་འགོ་རྩོམ་གྱི་ཡོད་པ་འདྲ། ང་ཚོར་དགོས་པ་དེ་ཚོགས་ནས་བཤད་རྒྱུ་དེ་མིན་པར་ཁ་ཡོད་ལག་ཡོད་ཀྱི་བོད་ཕྲུག་གི་ཤེས་ཡོན་ཡར་རྒྱས་ལ་ཕན་པའི་ལག་ལེན་དེ་ཡིན།

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ལྷུག་རྩོམ་ཁྱད་པར་བ་ཞིག་བྲིས་འདུག
    འདི་ལ་ཁྱད་དུ་འཕགས་པའི་བོད་སྐད་ཡིག་གི་སྲོག་དབང་འདུག
    མི་འདིས་ལྷུག་རྩོམ་གྱི་ངོས་ཟིན་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese