མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་གཏོང་རྒྱུ་ལྷག་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་བོད་པའི་སྐད་ཀྱི་ནང་དུ་ཁ་སྐད་དང་ཡིག་སྐད་ཐ་དད་དུ་ཡོད། ཁ་སྐད་དེ་ལུང་ཚན་སོ་སོའི་ཐུན་མོང་མ་ཡིན་པའི་བེད་སྤྱོད་ཀྱི་སྐད་དང་། ཡིག་སྐད་དེ་བོད་རིགས་ཡོངས་རྫོགས་ཀྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་པའི་སྐད་ཡིན་སྟབས། དེ་ནི་བོད་ཀྱི་སྐད་ཡིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་དང་། བོད་ཀྱི་སྐད་ཡིག་གི་ཡོན་ཏན་ཞིག་ཡིན་པར་མཁས་པ་གོང་མ་ཚོས་ངོས་འཛིན་གནང་ཡོད་ལ། ང་ཡང་དེ་ལྟར་ངོས་འཛིན་བྱེད་མཁན་གྱི་གྲས་ཡིན་ཟེར།

ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་དང་བསྟུན་ཏེ། བོད་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་པ་གཉིས་མཉམ་འབྲེལ་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན། དག་ཐེར་བཅས་ཀྱི་ཐད་ལས་འགུལ་ཞིག་སྤེལ་ཡོད། ཉིན་དེའི་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལ་ཁུལ་གྱི་ཚོང་ཁང་ཁག་ཅིག་གི་སྒོ་བྱང་གི་ཡི་གེར་དག་བཅོས་དང་། ཉིན་རྒྱབ་ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་༼  བོད་ཀྱི་སྐད་ཡིག་གླེང་བ ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད། བགྲོ་གླེང་དེའི་སྟེང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་མཆོག སཱ་ར་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན་མཆོག་བཅས་ཀྱིས་བོད་ཕྱི་ནང་གཉིས་སུ་ཕྱིའི་སྐད་ཡིག་ནང་གི་མིང་ཚིག་གསར་བ་བོད་ཡིག་ཏུ་སྒྱུར་སྟངས་དང་། བོད་སྐད་ཡིག་གི་བརྡ་སྤྲོད་བཅས་ཀྱི་སྐོར་ལ་གཏམ་བཤད་དང་ཚོགས་ཞུགས་པ་དག་གི་དྲི་བར་ལན་འདེབས་གནང་ཡོད།

 

བགྲོ་གླེང་གི་ཐོག་མར་བོད་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་པ་གཉིས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བཀོད་དོན། སྐད་ཡིག་དེ་མི་རིགས་ཀྱི་བླ་སྲོག་ཡིན་པ་ནི། འཛམ་གླིང་གི་མི་རིགས་ཞིབ་འཇུག་ཆེད་མཁས་པས་རྙེད་པའི་སྡོམ་ཚིག་ཡིན་ལ། མི་རིགས་ཤིག་གི་ཆོས་སྲིད་རིག་གསུམ་གྱི་འཇུ་ཐག་ཁོ་ནའང་འདི་ཉིད་ཡིན་པས། ཁྱེད་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་མི་རིགས་འདི་ལ་བྱས་རྗེས་དང་ཞབས་ཞུ་རེ་ཞུ་འདོད་དམ། ད་དུང་འཆི་བཞིན་པའི་བོད་མི་རིགས་ཀྱི་ཤེས་རིག་ལ་ཚེ་སྲོག་གསར་བ་ཞིག་སྦྱིན་འདོད་དམ། གལ་སྲིད་ཁྱེད་ཀྱིས་དེ་ལྟར་བྱ་འདོད་ཚེ། དེའི་ནུས་ཤུགས་དེ་དུས་ནམ་ཡང་ཁྱེད་དང་ཁ་མ་བྲལ་བར་རང་ཆས་སུ་ཡོད། དེ་ནི་ཁྱེད་རང་ཉིད་ཀྱིས་བོད་སྐད་གཙང་མ་ཞིག་བཤད་རྒྱུ་དེ་རེད། གང་ལྟར་ང་ཚོས་སྡུག་སྐད་ཤོར་བ་དང་འཁང་ར་བྱས་པ་ཙམ་མ་ཡིན་པར་བོད་པ་རང་ཉིད་ཀྱི་ངོས་ནས་མ་བསྐུལ་དང་བླང་ཐོག སེམས་ཐག་གཙང་བཅད་དང་ལྷག་བསམ་རྣམ་དག་གིས་རང་གིས་རང་ལ་དམ་བཅའ་བཞག་སྟེ། ཡུལ་གྲུ་གང་དུ་སླེབས་ཀྱང་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་བསྐྲུན་ཐབས་ལ་འབད་བརྩོན་བྱ་རྒྱུ་དང༌། རང་ཉིད་ནས་མགོ་བཙུགས་ཏེ་རང་ཉིད་ལ་བསྒྱུར་བཅོས་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན། དེ་ལྟར་ལེགས་འགྲུབ་བྱུང་ཚེ་གཞན་གྱི་བཙན་འོག་ཏུ་མི་ལོ་སྟོང་ཕྲག་དུ་མར་གནས་དགོས་ཀྱང་བོད་མི་རིགས་ཀྱི་ཚེ་སྲོག་ནམ་ཡང་འཆད་མི་སྲིད། ང་ཚོས་གོ་སྐབས་འདི་བརྒྱུད་དེ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་སྙིང་ནས་རེ་སྐུལ་ཞུ་རྒྱུར། ང་ཚོ་འདིར་འཛོམས་ནས་བོད་ཀྱི་སྐད་ཡིག་སྐོར་ལ་བགྲོ་གླེང་བྱས་པ་ཙམ་གྱིས་ང་ཚོས་ལས་འགན་འགྲུབ་སོང་བ་མིན་པར། མ་མཐར་ཡང་དེ་རིང་འདིར་ཕེབས་པའི་བགྲོ་གླེང་བ་རྣམ་པ་གཙོས་ཚོགས་ཞུགས་པ་ཡོངས་ཀྱིས། ད་ནས་བཟུང་བོད་སྐད་གཙང་མ་ཞིག་བཤད་རྒྱུ་དང༌། བོད་མི་རིགས་ཀྱི་སྐད་ཡིག་འདི་འཇིག་ཉེན་ལས་བསྐྱབ་པའི་ཆེད་དུ་མི་རེ་རེས་རང་ས་ནས་འགན་འཁུར་རྒྱུའི་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད་ཅེས་བཀོད་འདུག

 

བསྒྲགས་གཏམ་ནང་མུ་མཐུད་ལས་འགུལ་སྤེལ་སྟངས་སྐོར་དོན་ཚན་གསུམ་བཀོད་དོན། དང་པོ། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅིངས་བའི་བརྩེ་སེམས་དང་ཤ་ཞེན། སེམས་ཤུགས་སོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དམིགས་ཏེ་བོད་རིགས་གྲོགས་པོ་དང༌ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་བཤད་རྒྱུ། གཉིས་པ། གལ་སྲིད་ཁྱེད་རང་ཕ་མ་བུ་ཕྲུག་ཅན་ཡིན་ཚེ་རང་ཉིད་ཀྱིས་ལས་འགན་ཅི་ལྕོགས་ཀྱིས་ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བསྐྱོན་ཏེ། ཕྲུ་གུའི་རྒྱུད་ལ་བག་ཆགས་བཟང་པོ་འཇོག་རྒྱུ་དང༌། བོད་སྐད་དེ། དང་པོ་ཁྱིམ་སྤྱོད་སྐད་ཡིག་དང༌། དེ་ནས་རིམ་བཞིན་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པ་བྱ་དགོས། གསུམ་པ། བླ་མ་དང་མཁན་པོ། སློབ་དཔོན་དང་དགེ་བཤེས། བཙུན་པ་དང་བཙུན་མ། སྐུ་ངོ་དང་ལས་བྱེད། མཁས་དབང་དང་སློབ་དགེ མཐོ་སློབ་དང་འབྲིང་སློབ་སོགས་ཡིན་ཚེ། རང་ཉིད་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་མིག་དཔེ་བཟང་པོ་བསྟན་ནས་ལམ་སྟོན་དང་སྣེ་ཁྲིད་ཀྱིས་ནུས་པ་བཏོན་ཏེ། བོད་སྐད་གཙང་མ་བསྐྱོན་པའི་ཁོར་ཡུག་བསྐྲུན་ཐབས་ཐད་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་བཅས་སོ། ། ཞེས་བཀོད་འདུག

 

སྐབས་དེར་ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་མིང་ཚིག་གསར་སྒྱུར་ཐད་ཀྱི་གནད་དོན་སྐོར་གསུངས་དོན། བོད་ཕྱི་ནང་གཉིས་སུ་ཐ་སྙད་བསྒྱུར་སྟངས་སྐོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད། དེ་སྔ་ཆོས་རྒྱལ་ཚོའི་སྐབས་ལ་བཀའ་བསྟན་ཡོངས་རྫོགས་བོད་སྒྱུར་བྱས་ཀྱང་། སྐབས་དེར་བོད་ཕྱི་ནང་གཉིས་ཟེར་བ་ཡོད་པ་མ་རེད། སྒྲིག་དང་ཁྲིམས་ཀྱི་བཀོད་ཁྱབ་གཅིག་གི་འོག་ཏུ་ཕྱིན་ཡོད། འོན་ཀྱང་ང་དགུ་ལོའི་རྗེས་ནས་བོད་ཕྱི་ནང་གཉིས་ཆགས་ཤིང་། སྐད་ཡིག་གཅིག་གྱུར་ཡིན་པའི་མི་རིགས་ཤིག་དུམ་བུ་གཉིས་ཆགས་ཏེ། བཙན་བྱོལ་ནང་གི་བོད་མི་ཚོས་རྒྱ་གར་དང་མཉམ་དུ་འཚོ་བ་སྐྱེལ་དགོས་དུས་རྒྱ་གར་སྐད་དང་དབྱིན་སྐད་ཀྱི་ཤན་ཤུགས་དང་། བོད་ནང་གི་བོད་མི་ཚོ་རྒྱ་མི་དང་མཉམ་དུ་གཤིབ་དགོས་སྟབས་རྒྱ་སྐད་ཀྱི་ཤན་ཞུགས་ཏེ། བོད་སྐད་ལ་མི་རིགས་གཞན་པའི་སྐད་ཡིག་གསུམ་གྱིས་བཙན་འཛུལ་ཐེབས་ཡོད། བོད་ཕྱི་ནང་གཉིས་སུ་གྱེས་པའི་རྗེས་ལ་བོད་ནང་ལ་ཤུགས་རྐྱེན་ཆེ་ཤོས་ཆབ་སྲིད་དང་འབྲེལ་བའི་ཚིག་རེད། བོད་པའི་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ཞིག་ལ། དཔེར་ན། བོད་ནང་དུ་༼མིས་བཟོས་འཁོར་སྐར་༽ལྟ་བུ་བསྒྱུར་འདུག རང་བྱུང་མ་ཡིན་པ་དང་རང་བཞིན་མ་ཡིན་པ་ཡོངས་རྫོགས་ལ་མིས་བཟོས་ལབ་པ་ཡིན་ན། བོད་ཕྱི་ལོགས་ཀྱི་ང་ཚོས་དེ་ཁས་ལེན་གི་མ་རེད། དབྱིན་ཡིག་གི་ artificial ཟེར་བ་དེའི་ཚབ་ལ་དེ་སྔ་ནས་བོད་ནང་བཅོས་མ་ཟེར་བ་ཞིག་ཡོད་ཡོད་པ་རེད། མིས་བཟོས་པ་ཡོངས་རྫོགས་ལ་མིས་བཟོས་ལབ་པ་ཡིན་ན། ནམ་ཞིག་དབྱིན་ཡིག་ནང་གི་ man made ཟེར་བ་ཞིག་བྱུང་ན་ཅི་ཞིག་གདགས་རྒྱུ་ཡིན། དེ་ལྟར་བྱས་པ་ཡིན་ན་སྐད་ཡིག་འཕེལ་རྒྱས་ལ་གནོད་གི་རེད། དེ་བཞིན་བཙན་བྱོལ་ནང་ཆོས་རིག་ཟེར་བ་དེ་ལ་བོད་ནང་དུ་སློབ་གསོ་ཟེར་གྱིན་འདུག དེ་ནི་གཞན་གྱི་ཤུགས་རྐྱེན་རེད་ཟེར་དཀའ་ཡང་ཕྱོགས་གཉིས་བར་འབྲེལ་འདྲིས་མེད་པས་རེད། བཟང་ཕྱོགས་ཤིག་ལ་དེང་སྐབས་བོད་ནང་རླུང་འཕྲིན་དང་བརྙན་འཕྲིན། དྲ་ཚིགས་སོགས་ཀྱི་བརྒྱུད་ལམ་གྲངས་ཇེ་མང་དང་སྤུས་ཇེ་ལེགས་སུ་སོང་བ་དང་བསྟུན་ཏེ། གནས་སྟངས་ངོ་མ་དེ་ཧ་གོ་བ་དང་ཕན་ཚུན་བརྗེ་ལེན་བྱས་པ་སོགས་ཀྱིས་གཅིག་གྱུར་དང་འཕེལ་རྒྱས་ལ་རོགས་འདེགས་ཐུབ་ཀྱིན་འདུག་ཅེས་གསུངས་སོང་།

 

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་པར་ཡིག་ཐོག་གི་སྤྱི་སྐད་ཅིག་དང་ལུང་ཚན་སོ་སོར་ཕལ་སྐད་རེ་ཡོད་པ་ནི་སྐྱོན་མིན་པར་བོད་སྐད་ཡིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་སྐོར་གསུངས་དོན། བོད་པ་ཚོས་རྒྱུན་ལྡན་སྐད་ཆ་བཤད་བསྡད་པའི་ཁ་སྐད་དང་། བརྡ་དག་དང་མཐུན་པ་བྱས་ཏེ་ཡིག་ཐོག་ལ་འབྲི་བཞིན་པའི་ཡིག་སྐད་གཉིས་བར་ཁྱད་པར་ཞིག་ཡོད། ཁྱད་པར་དེ་དགེ་མཚན་རེད་ཟེར་མཁན་ཡོད་ལ། བོད་སྐད་ཡིག་གི་ཞན་ཆ་རེད་ཟེར་མཁན་ཡང་ཡོད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་ལའང་ཁ་ནས་བཤད་པའི་སྐད་དང་། ལག་ནས་བྲིས་པའི་སྐད་གཅིག་པ་ཡིན་པ་ཡོད་ལ་ཁ་ཁ་ཡིན་པའང་ཡོད། ང་ཚོ་བོད་པའི་སྐད་ཀྱི་ནང་དུ་ཁ་སྐད་དང་ཡིག་སྐད་ཐ་དད་དུ་ཡོད། ཁ་སྐད་དེ་ལུང་ཚན་སོ་སོའི་ཐུན་མོང་མ་ཡིན་པའི་བེད་སྤྱོད་ཀྱི་སྐད་དང་། ཡིག་སྐད་དེ་བོད་རིགས་ཡོངས་རྫོགས་ཀྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་པའི་སྐད་ཡིན་སྟབས། དེ་ནི་བོད་ཀྱི་སྐད་ཡིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་དང་། བོད་ཀྱི་སྐད་ཡིག་གི་ཡོན་ཏན་ཞིག་ཡིན་པར་མཁས་པ་གོང་མ་ཚོས་ངོས་འཛིན་གནང་ཡོད་ལ། ང་ཡང་དེ་ལྟར་ངོས་འཛིན་བྱེད་མཁན་གྱི་གྲས་ཡིན། ལུང་ཚན་སོ་སོའི་ཕལ་སྐད་དེའི་དབང་གིས་ཁ་གྲགས་མ་ཐག་ཁོང་དབུས་པ་རེད། ཁོང་ཨ་མདོ་བ་རེད་ཟེར་ནས་ངོས་འཛིན་བྱེད་ཐུབ་སྟབས་མི་རིགས་ཀྱི་ངོས་འཛིན་དང་། ལུང་ཚན་གྱི་ངོས་འཛིན་གཉིས་ཀ་ཡོད་པའི་ཁྱད་ཆོས་ཡོད་སྟབས། དེ་དག་མེད་པ་བཟོ་དགོས་པ་ཞིག་དང་། དེས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལ་གནོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་བོད་སྐད་ཡིག་གི་རིན་ཐང་སྐོར་གསུངས་དོན། སྐད་ཆ་བཤད་དུས་སོ་སོའི་ལུང་ཚན་གྱི་སྐད་ཆ་བཤད་ན་འགྲིག་གི་རེད། འོན་ཀྱང་། ཡིག་ཐོག་ལ་འབྲི་དུས་ཚང་མས་གཅིག་གྱུར་གྱིས་འབྲི་དགོས་པ་རེད། མི་རིགས་དེའི་སྐད་དང་མི་རིགས་དེའི་ཡི་གེ་གཉིས་གཅིག་གྱུར་གནས་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་མེད་པར་གྱུར་ན་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་འགྲོ་གི་རེད། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ཧ་ལམ་ཉམས་རྒྱུའི་ཉེན་ཁ་ཡོད། སྤྱིར་བཏང་བོད་ཀྱི་སྐད་དེ་ཧ་ཅང་གི་རྙིང་པ་རེད། བོད་དུ་འགྲོ་བ་མི་ག་དུས་བྱུང་བ་དེ་དུས་ནས་དར་བའི་སྐད་ཅིག་རེད། སངས་རྒྱས་ཀྱི་གསུང་དུ་བོད་ཀྱི་སྐད་ཟེར་བ་ཞིག་དངོས་སུ་གསུང་ཡོད་པ་མཇལ་མ་སོང་མོད། གངས་ཅན་པ་དང་གངས་ཅན་ལྗོངས་ཟེར་བ་དེ་འདུལ་བ་དང་མདོ་སྡེ་སོགས་སུ་ཡང་ཡང་བསྟན་ཡོད། སམ་ཊི་ཏའི་བསྟན་བཅོས་ནང་བོད་ཀྱི་སྐད་ཅེས་ཐོག་མར་ཐོན་ས་དེ། ཆོས་རྒྱལ་ཟླ་བ་བཟང་པོས་བརྩམས་པའི་འགྲེལ་ཆེན་འཆི་མེད་འོད་ཀྱི་ནང་དུ་བོད་ཀྱི་སྐད་ཅེས་གསལ་བོར་བསྟན་ཡོད། དེ་ནི་རྒྱ་གར་ནང་ཡོད་པའི་སམ་ཊི་ཏའི་རིག་པའི་གཞུང་ལུགས་ཤིག་རེད། གཞུང་དེ་བརྩམས་ནས་ལོ་ཉིས་སྟོང་བརྒྱ་ལྷག་འགྲོ་བཞིན་ཡོད། དུས་དེ་ནས་བོད་སྐད་ཡོད་སྟབས་བོད་ཡིག་ཀྱང་ཡོད་དགོས་པ་རེད། སྐད་དང་ཡི་གེ་གཉིས་ཁ་བྲལ་ཐབས་ཡོད་པ་མ་རེད། སྐད་དེ་སྲུང་བྱེད་ཡི་གེ་རེད། འོན་ཀྱང་ཡིག་གཟུགས་དེ་ཐོན་མིས་བརྩམས་པ་ཞིག་ཡིན་རྒྱུ་རེད་མ་གཏོགས་ཐོན་མིའི་སྔོན་ལ་རིག་པའི་གཞུང་ལུགས་དང་མཐུན་པའི་ཡིག་གཟུགས་ཡོད་པ་ཞིག་མཐོང་མ་སོང་ཞེས་གསུངས་བྱུང་།

 

མཇུག་མཐར་ཁོང་གིས་ཐ་སྙད་རིགས་བོད་སྒྱུར་བྱེད་སྐབས་སྒྲ་སྒྱུར་བམ་གཉིས་སོགས་གཞི་རྩར་འཇོག་དགོས་སྐོར་གསུངས་དོན། ང་ཚོའི་བོད་ཀྱི་སྐད་ཡིག་དེ་ཧ་ཅང་གི་ཚད་མཐོན་པོ་དང་གཏིང་ཟབ་པོ་ཞིག་རེད། མི་ཁ་ཤས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་གཏོང་དགོས་ཟེར་མོད། བོད་ཀྱི་སྐད་ཡིག་འདི་ལ་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་པ་མ་རེད། ཡར་རྒྱས་ཟེར་བའི་སྐབས་སུ་སྐད་ཡིག་དེའི་སྤུས་ཀ་ཡག་ཏུ་གཏོང་རྒྱུ་དང་། སྐད་ཡིག་དེའི་བརྡ་སྤྲོད་རིག་པར་སྔར་མེད་པ་གསར་དུ་སྣོན་པ་རྒྱག་པ་དེ་འདྲ་ལ་ཟེར་གྱིན་ཡོད། ང་ཚོའི་སྐད་ཡིག་དེ་ཡར་རྒྱས་མཐར་ཕྱིན་པ་སོང་ཡོད་པ་ཞིག་ཡིན། འོ་ན། ང་ཚོའི་སྐད་ཡིག་ལ་ཡར་རྒྱས་གཏོང་རྒྱུ་གཅིག་ཀྱང་ལྷག་མེད་དམ་ཟེར་ན་དེ་ཡང་མ་རེད། དངོས་པོ་གསར་པ་ཐོན་པ་དང་མཉམ་དུ་མིང་གསར་བ་སླེབས་གི་རེད། དེ་དག་ཡར་འཇུག་བྱ་དགོས། འཛམ་གླིང་གི་སྐད་ཡིག་ཚང་མ་གཅིག་མཚུངས་རེད། དེ་འཇུག་ལུགས་འཇུག་སྟངས་ཆ་ཚང་བོད་རང་གི་རིག་པའི་གཞུང་ལུགས་ནང་བསྟན་ཡོད། ང་ཚོས་འདི་ལྟར་བྱས་ན་ཡག་པོ་འདུག དེ་ལྟར་བྱས་ན་ཡག་པོ་འདུག་ཅེས་རྩོད་པ་རྒྱག་དགོས་པ་མ་རེད། སློབ་དཔོན་གོང་མ་ཚོས་གསུང་བཞག་པའི་སྒྲ་སྒྱུར་བམ་པོ་གཉིས་པའི་ནང་གི་ལམ་སྟོན་ལྟར་ཕྱིན་ན་ཡག་གི་རེད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༤ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༥ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 29

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    འདི་རླུང་གཡུག་སྟངས་ཤིག་རེད།

    Reply
  2. རྒྱ་རགས། says:
    ལོ་ 16 སྔོན།

    བཙན་བྱོལ་ནང་གི་རྒན་པ་ཚོ་ཆུང་ཐལ་དྲག་སོང་། ཡངས་ཤིང་རྒྱ་ཆེ་བའི་བོད་ཡུལ་མཐོང་གི་མེད་པ་འདྲ། བཙན་བྱོལ་ལུང་བ་ཆུང་ཆུང་ལག་མཐིལ་འདྲ་བོ་འདིས་བོད་ཀྱི་ཚབ་བྱེད་མི་ཐུབ་ལ། བཙན་བྱོལ་ནང་གི་༼མཁས་དབང་༽ཚོ་བོད་ཀྱི་མཁས་པའི་ཚད་གཞིར་མི་འོས།

    དེ་བས།
    ཡངས་པའི་རྒྱལ་ཁམས་མ་མཐོང་བའི།།
    ས་མཐའི་བླུན་པོར་རང་མཐོང་ཆེ།།
    ཁྲོན་པའི་ཆུ་ལ་འགྱིང་བ་ཡི།།
    རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི།།
    ཞེས་པའི་ལེགས་བཤད་འདི་སྐྱེས་སུ་ཕུལ་ལོ།།

    Reply
  3. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་ཕོ་བ་གསོ་སའི་ལས་གཞི་འདི་འདྲ་ངོ་མ་ཡིད་ཐང་ཆད་སོང་། རྗེས་ཕྱོགས་ནས་ངོ་མ་སུ་ལ་ཡིད་ཆེས་དགོས་སམ།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ གོང་གི་གསུང་འདིའི་གོ་དོན་ནི། དབུས་དང་ལ་དྭགས་སོགས་ཡུལ་སོ་སོའི་ཕལ་སྐད་ཀྱི་སྒོ་ནས་སྐད་མཛོད་དང་གླེགས་བམ་འབྲི་བའི་དར་སྲོལ་ཆེ་རུ་སོང་ན། ཡུལ་དེ་དག་གི་ཕལ་སྐད་མི་འདྲ་བའི་དབང་གིས་ 《ཡིག་སྐད་དེ་བོད་ཀྱི་སྤྱི་སྐད་ཡིན་པ་ལ་》 དེ་ལྟ་བུའི་སྤྱི་སྐད་དུ་གྱུར་པའི་ཡིག་སྐད་དེ་ཡང་དུམ་བུར་ཆད་དེ། ནམ་ཞིག་ཡུལ་སོ་སོའི་སྐད་མི་འདྲ་བའི་སྟེང་ལ་ཡི་གེ་ཡང་མི་འདྲ་བ་ཆགས་ཏེ། ནམ་ཞིག་ཡུལ་སོ་སོའི་སྐད་བརྡ་མི་འཕྲོད་པ་མ་ཟད་ཡི་གེ་ཡང་བརྡ་མི་འཕྲོད་པ་ཞིག་ཡོང་ངེས་ཞེས་པ་འདི་རེད་ལ། ཟམ་གདོང་རིནཔོ་ཆེ་ནས་ཀྱང་ཡུལ་སོ་སོ་སྐད་མི་འདྲ་བ་ལ་སྐྱོན་མེད་ཀྱང་། ཡི་གེ་གཅིག་གྱུར་དགོས་པ་གསུང་པ་མིན་ནམ།

    Reply
  5. རྐང་རྗེན་པ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ནོར་བཅོས་བྱེད་དགོས་པ་གལ་ཆེན་གསུམ་འདུག
    1 བོད་ནང་དུ་སློབ་གསོ་ཟེར་བ་དེ་གོ་ཡུལ་ནི་ཆོས་རིག་མིན་པར་ཤེས་རིག་ཡིན།
    2 འགྲེལ་ཆེན་འཆི་མེད་འོད་མིན་པར་དྲི་མེད་འོད་རེད།
    3 སྒྲ་སྒྱུར་བམ་གཉིས་ཞེས་པ་སྒྲ་སྦྱོར་བམ་གཉིས་ཡིན།
    གཞན་ཡང། མིས་བཟོས་འཁོར་སྐར་ནི་རྒྱ་སྐད་ཀྱི་人造卫星 ཞེས་པ་ཐད་བསྒྱུར་བྱས་པའི་ཚིག་རེད། དེ་འདྲ་མང་པོ་ཡོད་པ་རེད། ད་བཅོས་དཀའ་རྒྱུ་རེད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྐུ་ངོ་ལུང་རྟོགས་ལགས་ལ་ཕྱག་གསུམ་འཚལ།
    དགེ་ཆོས་ཀྱི་དགོངས་པར་བོད་ཀྱི་ཁ་སྐད་འདི་བོད་ཀྱི་སྐད་ཡིག་གཏོར་བའི་ནད་འབུ་ཞིག་ངོས་འཛིན་བྱས་ཀྱིན་ཡོད།

    ཟམ་གདོང་གིས་བོད་ཀྱི་ཁ་སྐད་འདི་བོད་ཀྱི་སྐད་ཡིག་གི་ཡོན་ཏན་འདོད་བཞིན་ཡོད་པའི་དགོངས་ཚུལ་གཅིག་པ་ག་འདྲ་རེད་དམ།་་་་སྐུ་ངོ་ལུང་རྟོགས་ལགས།

    ཧ་མི་གོ་མཁན་དེ་ཧམ་པ་ཚ། གཉིད་མི་ཡོང་མཁན་ལ་ནམ་ཐག་རིང་ཟེར་བ་གོ་མྱོང་ངམ།

    Reply
  7. ལུང་རྟོགས། says:
    ལོ་ 16 སྔོན།

    ཅོ་རི་ལགས། དགེ་ཆོས་དང་ཟམ་གདོང་གཉིས་དགོང་པ་གཅིག་དང་དབྱངས་གཅིག་རེད་འདུག་གོ མགོ་མ་ཚོས་གོང་ནས་ལྕེ་ལ་མ་སྙབས་པར་ཡག་པོ་ཞིག་གཟིགས་དང་། དགོང་པ་མ་ཚོམ།

    Reply
  8. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིགབསྲུང་སྐྱོབ་ཆེད་ལས་འགུལ་དཔེལ་བར་སྙིང་ཐག་པ་ནས་དགའ་བསྲུ་ཞུ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བོད་ཡིག་གི་ཤེས་ཚད་མ་མཁྱེན་པ་དང་བོད་ཀྱི་སྐད་ཡིག་འདི་སློབ་དགོས་པའི་བོད་མི་རྣམས་ཀྱི་ལྟོ་གོས་བོད་ཡིག་ལ་བརྟེན་ནས་སྒྲུབ་ཐུབ་ཀྱིན་མེད་པའི་གནས་སྟངས་ལ་བསམ་གཞི་མ་བྱས་པའི་བཀའ་མོས་གནང་འདུག
    1.བོད་ཀྱི་སྐད་ཡིག་འདི་ལྟོ་གོས་ཅན་གྱི་སྐད་ཡིག་ཞིག་ལ་བསྒྱུར་མ་ཐུབ་ན་བོད་ཀྱི་སྐད་ཡིག་འདི་དགོན་སྡེ་ལྷ་ཁང་ནང་དུ་རྒས་ནས་ཤི་འགྲོ་བ་འདི་ཡང་དངོས་ཡོད་དུ་འདོད།
    2.བོད་ཀྱི་སྐད་ཡིག་འདིའི་ནང་དུ་དེང་རབས་གསར་པའི་ལག་ཤེས་དང་རིག་གནས་ལ་སོགས་བསྒྱུར་དགོས་དུས་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་ཐ་སྙད་གསར་པ་རྣམས་ཀྱི་འདང་ངེས་དགོས་ཀྱིན་རེད་འདོད།
    3.བཀའ་ཁྲིས་འདོད་པར་ལྟར་དངོས་པོ་གསར་པོ་རེ་ལ་བོད་པའི་མིང་ལྷག་རེ་འདོགས་ནས་དེང་རབས་གསར་པའི་ལག་ཤེས་དང་རིག་གནས་བོད་ཡིག་ནང་དུ་བསྒྱུར་གྱིན་ཡིན་ཟེར་ན། དང་པོ་མིང་ལྷག་འདོགས་པའི་འདོད་རྒྱལ་མཁན་པོ་རང་ཉིད་ཀྱིས་མིང་ལྷག་འདོགས་སའི་དངོས་པོ་དེ་ངོ་ཤེས་ཀྱིས་གལ་ཆེ།
    4.དཔེར་ན་མོ་ཊ་བཟོ་བསྐྲུན་བྱས་པའི་ལག་ཤེས་རིག་གནས་བོད་ཡིག་ནང་དུ་བསྒྱུར་དུས་མོ་ཊའི་ནང་གི་ཅ་དངོས་རྣམས་ལ་མིང་རེ་འབྲུ་ཀྱི་ཡོད་དགོས།མོ་ཊའི་ནང་གི་ཅ་དངོས་རྣམས་མ་ཤེས་ན་འདོད་རྒྱལ་མཁན་པོས་མིང་ལྷག་འདོགས་མི་ཐུབ།
    5.དངོས་པོ་གསར་པ་རེ་ལ་མིང་ལྷག་རེ་འདོགས་ནས་བོད་ཀྱི་སྐད་ཡིག་འདི་སྤྱི་ཚོགས་ནང་དུ་བེད་སྤྱོད་བྱེད་འདོད་པའི་མཁས་དབང་རྣམས་ཀྱིས་གོ་ལའི་སྤྱི་ཚོགས་ཀྱི་ཐ་སྙད་གསར་པའི་ཁྱབ་ཕྱོགས་དང་མ་འོང་འགྲོ་བ་མིའི་སྤྱོད་བྱ་རིག་གཞུང་གཅིག་འགྱུར་དང་ཆས་གོས་ལུགས་སྲོལ་སོགས་གཅིག་འགྱུར་རུ་སླེབས་ཡོང་བ་མ་ཤེས་པའི་རྐྱེན་གྱིས་རེད་འདོད།

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ང་ལ་ཡང་སྙིང་རྗེ་ནི་ཞིག་ཡོད་གི་འདོད་་་་འོན་ཀྱང་མ་བསམ་ས་ནས་ཁོང་ཁྲོ་སྟོབས་ཆེད་ཞིག་ལངས་འདུག་་་མི་བཟང་གི་ཡ་་་་་་རང་སྐྱོན་ཁས་བླང་ན་བཟང་ནི་རེད་་ངའི་མ་ཤེས་པ་ཤེས་པས་ཕྱིར་འདིར་འོང་བ་ལས་གཞན་ཅི་ཡང་མིན་ཨེ་གོ་ཐ་་་་་ནད་ཡམས་འདི་བཅོས་ཐབས་གཞན་ལ་འདྲི་བ་ལས་རང་ཉིད་ཀྱི་ཕྲན་གྱི་གང་ནོར་བ་བཅོས་ན་ཁྱེད་ཀྱི་གསུང་བ་ལྟར་ཉམས་ཐག་པའི་སེམས་ཅན་བདག་ལ་ཕན་པ་མ་ཟད་ཁྱེད་ལ་ཡང་དགེ་མཚན་ཡོད་ནི་རེད།ངོ་མ་ཡིན།།།འོན་ཀྱང་སྟོངས་གཏམ་སྟོབས་ཆེན་རེ་བཤད་རྒྱུ་ལས་གཞན་གང་ཡང་མེད་ནི་མིན་ན།དེ་སྔོན་འདི་ཚོ་གནད་འགག་དང་ཡིག་ནོར་སོགས་གནད་འགག་མིན་ཚུལ་ཞིག་བཤད་ཀུན་བཤད་ཀུན་ད་ཡིག་ནོར་ཐོག་ལ་འབབ་ཚུལ་ལ་ལྟས་ན་ཁ་སང་འདུ་ཤེས་འདུ་ཤེས་ཞེས་འདུ་ཤེས་མང་བོ་ཞིག་འབྲི་ཁུལ་བྱས་པ་མ་གཏོགས་དོན་ལ་སྟོངས་སོང་བ་རེད་དམ་་་་་ཧ་ཧ་ངའི་ཁྱེད་ཀྱི་མ་མཁྱེན་པ་ཞིག་སྔ་མོ་ནས་ཤེས་ཡོད་་་་་་་་་་རང་རློམ་ཆེ་བའི་སྐྱེས་བུ་དེ་ཡོན་ཏན་གྱི་ཀོང་བུ་ཞིག་གཏད་ནས་མིན་པ་ཤེས་ཡོད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གལ་སྲིད་འཛམ་གླིང་འདིའི་སྟེང་གི་ཅ་དངོས་ཡོད་ཚད་ཚང་མ་ལ་བོད་མིང་རེ་འདོགས་དགོས་པའི་དབང་དུ་གཏོང་ན་་་་་་་་་་་་ག་དུས་ཅ་དངོས་གསར་པ་རྣམས་ལ་བོད་མིང་བཏགས་ཐུབ་པ་ཡོང་གིན་རེད་དམ།
    འཛམ་གླིང་སྟེང་གི་གྲངས་ལས་འདས་པའི་ཅ་དངོས་གསར་པ་རྣམས་ལ་བོད་ཀྱི་མིང་ལྷག་བཏགས་ནས་བཏགས་ཚད་ཡོད་དམ།༔
    གལ་སྲིད་བཏགས་ཚད་ཡོད་པའི་དབང་དུ་གཏོང་ཡང་བོད་མི་རྣམས་ཀྱིས་སྔར་ཡོད་ཀྱི་བོད་ཡིག་འདི་ཡག་པོ་ཤེས་ཀྱིན་མེད་པ་དེའི་སྟེང་དུ་ཁ་ལ་གོམ་པ་མེད་པའི་མིང་ལྷག་གྲངས་ལས་འདས་པ་ཞིག་སུས་སློབ་ཐུབ་ཀྱིན་རེད་དམ།
    དཔེར་ན་ཁ་ནས་ལབ་དུས་་་་་་ཀྲོ་མ་ཀྲོ་་་་་་ཡིག་ཐོག་ཏུ་འབྲུ་དུས་ལྡུམ་སྒོང་ཞེས་པ་འདི་འདྲ་བའི་ཐ་སྙད་གསར་པ་རྣམས་ཀྱིས་རྐྱེན་བྱེད་ནས་བོད་ཡིག་དང་བོད་མི་བར་ཐག་རིང་དུ་སོང་བ་རེད་འདོད།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོ་བཙན་བྱོལ་བོད་ཀྱི་མཁས་དབང་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆ་གཅིག་ཤི་བཞིན་པའི་བོད་ཀྱི་སྐད་ཡིག་སྐོར་རུ་དོན་ཅུང་ཟད་ཞུ་འདོད་པ་ནི།
    བོད་སྡེ་པ་གཞུང་གི་བཙོན་པ་དགེ་ཆོས་ཀྱིས་གསུངས་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས་པ་དེ། བོད་སྡེ་པ་གཞུང་གི་བཀའ་བློན་ཁྲི་པས་མཐོང་ཆུང་བྱས་པར་འདི་ནི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབ་པ་མ་ཡིན་པ་ཚེ་སྲོག་ལ་རྒོལ་བ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད།
    མ་ཟད་ཐ་སྙད་གསར་པའི་རིགས་རྣམས་སྒྲ་སྒྱུར་བྱས་དགོས་གསུངས་པའི་ལན་དུ་འབྲེལ་ཐག་འདི་ནས་གཟིགས་རོགས་ཞུ https://tibettimes.net/wordpress/news.php?cat=5&cp=6&&id=1794
     

    Reply
  13. སྟོབས་ says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན།

    ཁྱེད་ངོ་མ་ཀླེན་པ་སྙིང་རྗེ་ཞིག་རེད ། མཆན་འབྲི་མི་ཤེས་རུང་ཡིག་ནོར་གྱི་་ཁེངས་པའི་ལན་ཐུང་ཐུང་རེ་འདེབས་པའི་ངང་ཚུལ་འདི་ལ་ལྟས་ན་ངས་ངོ་མ་སྙིང་རྗེ་གི ཉམས་ཐག་གི་འགྲོ་བ་ཟེར་བ་འདི་ཚོ་གཞན་སུ་ཡོད ། ད་དུང་ཁ་རྩོད་རྒྱག་རྒྱུའི་མཆན་རེ་འབྲི་ཁུལ་བྱས ། དེ་མ་སྲིད་ཡིག་ནོར་དགུ་བརྩེགས་ཅན་དེ་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་རྩལ་ལས་ཐོན་པའི་རྩོམ་ཚུལ་ཁྱད་འཕགས་ཤིག་དུ་ངོས་བཟུང་ནས་རང་རློམ་ཆེ་བའི་སྤྱོད་ཚུལ་འདི་མཐོང་ན་ངས་མི་བཟོད་ཀི དྲ་གྲོགས་ཚོ་ནད་ཡམས་འདི་ལས་ཐར་ཐམས་སུ་བྱེད་སྒོ་གང་འདྲ་ཞིག་སྤེལ་དགོས་ན་ལན་རེ་གསུང་རོགས

    Reply
  14. karma dorje says:
    ལོ་ 16 སྔོན།

    སྐུ་ངོ་ཞེས་པའི་ཚིག་གི་འབྱུང་ཁུངས་ལ་དཔྱད་པ།

    ངས་འོལ་ཚོད་ལ་ནི། སྐུ་ངོ་ཞེས་པའི་ཚིག་གི་འབྱུང་ཁུངས་ལ་སྐྱུག་དྲོ་བའི་སྒྲུང་ཞིག་ནི།
    ༸གོང་ས་ལྔ་བ་ཆེནཔོས་ཆོས་སྲིད་ཐུགས་འགན་བཞེས་ནས་བཟུང་། སྔར་བོད་གཞུང་གི་ལས་བྱེད་སྐྱེས་པ་དེ་ཡི་བཟའ་ཟླ་མོ་ཡིས་ཉལ་སའི་ནང་ནས་རང་གི་ཟླ་བོར། ༸སྐུ་མདུན་ཞེས་པའི་སྐུ་ངོ་མ་དེ་ཁྱོད་རང་རེད། ཅེས་སོགས་ནོར་སྲེད་ཀྱི་ཚིག་ཅིག་ཡིན་ངེས།
    སྲས་སྐུ་བཀྲ་ཤིས་མཆོག་དང་ལགས།
    ལྕམ་སྐུ་སྒྲོལ་མ་མཆོག་དང་ལགས། ཀྱིས་མི་འཐུས་པ་མེད།
    ལས་བྱེད་གཤིས་ཀ་ངན་དུ་ཕྱིན་ན་ཚིག་དེ་ཡང་བཟང་དྲགས་པ་དང་མཐོ་དྲགས་པའི་དུས་ཅིག་ཤར་སྲིད།

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རྟེན་བྲེལ་ཞུ།།བྱ་བཞགས་རླབས་ཆེན་རེད།།་ཁྱོདདང་ཁོས་བཤད་པ་བདེན་མིན་གྱི་ཕན་པ་ཆེར་མེད་པས་ཕྲན་གྱི་བསམ་ཚུར་ཐུང་ངུ་ཞིག་ཞུས་ན་འདོད། ཚོགས་པ་གཉིས་ཀྱི་སྐུ་ངལ་ལ་མ་འཛེམ་པར་ལས་བྱ་ཙག་ཙུག་ཕྱོགས་གང་སར་བྱས་སོང་བས་བཀའ་དྲིན་ཆེ་ཞུ།།འོན་ཀྱང་རླབས་ཆེན་གྱི་བྱ་བ་འདི་གནད་ཁེལ་ས་ཞིག་ནས་འགོ་འཛུག་ཐུབ་མི་འདུག་འདོད། ཚོགས་འདུའི་འགྲོ་གླེང་སོགས་ལ་དགག་བྱ་མེད་ཀྱང་དེ་ཙམ་གྱི་ཕན་ཐོག་ཆེར་མ་མཐོང་བས་གནད་ཁེར་ས་ཞིག་ནས་འགོ་འཛུག་དགོས་བ་འདོད།།་བྱ་བ་འདི་རླབས་ཆེན་ཡིན་པས་གཞུང་མང་གཉིས་ཀྱི་འགན་ཁུར་དགོས་བ་མ་ཟད་ལྷག་པར་དུ་ཤེས་རིགས་ནས་འགན་ཁུར་དགོས་བ་འདོད།། ངའི་བསམ་བློ་ཅི་ཙམ་བཏང་ཀྱང་ལམ་ཁ་གཉིས་ལས་མ་མཐོང་།་བོད་ཁྱིམ་སློབ་གྲ་དང་ཕྲུག་གུའི་རྩེད་ཆས་གཉིས་རེད་།་༡ བོད་ཁྱིམ་ལ་བོད་ཡིག་སོགས་ཡོད་ཟེར་སྲིད་ཀྱང་དེའི་མི་ཆོག རྩེད་ཆས་ཞེས་བ་ དཔེར་ན་ཕྲུག་གུའི་རྩེད་ཆས་གཟུགས་མཐོང་འཕྲུར་ཆས་དང་པར་རིས་ཡོད་པས་ཕྲུག་གུའི་ཀློག་དེབ་སོགས་བོད་སྐད་དང་བོད་ཡིག་ལ་བསྒྱུར་དགོས།།།ཡང་པར་ཡོད་པས་ཕྲུག་གུའི་ཀློག་དེབ་འགའ་རེ་ཡོད་ཀྱང་དེའི་ནང་གི་ཐ་སྙད་དག་ཕྲུག་གུ་ལ་མི་མཚམ་པ་ཞིག་རེད།།།བསམ་ཚུར་ཆུང་ངུ་ཞིག་ཡིན།།།།།།

    Reply
  16. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རྟེན་བྲེལ་ཞུ།།བྱ་བཞགས་རླབས་ཆེན་རེད།།་ཁྱོད་ཁོས་བཤད་པ་བདེན་མིན་གྱི་ཕན་པ་ཆེར་པས་ཕྲན་གྱི་བསམ་ཚུར་ཐུང་ངུ་ཞིག་ཞུས་ན་འདོད། ཚོགས་པ་གཉིས་ཀྱི་སྐུ་ངལ་ལ་མ་འཛེམ་པ་ལས་བྱ་ཙག་ཙུག་ཕྱོགས་གང་སར་བྱས་སོང་བས་བཀའ་དྲིན་ཆེ་ཞུ།།འོན་ཀྱང་རླབས་ཆེན་གྱི་བྱ་བ་འདི་གནད་ཁེལ་ས་ཞིག་ནས་འགོ་འཛུག་ཐུབ་མི་འདུག་འདོད། ཙོགས་འདུའི་འགྲོ་གླེང་སོགས་ལ་དགག་བྱ་མེད་ཀྱང་དེ་ཙམ་གྱི་ཕན་ཐོག་ཆེར་མ་མཐོང་བས་གནད་ཁེར་ས་ཞིག་ནས་འགོ་འཛུག་དགོས་བ་འདོད།།་བྱ་བ་འདི་རླབས་ཆེན་ཡིན་པས་གཞུང་མང་གཉིས་ཀྱི་འགན་ཁུར་དགོས་བ་མ་ཟད་ལྷག་པར་དུ་ཤེས་རིགས་ནས་འགན་ཁུར་དགོས་བ་འདོད།། ངའི་བསམ་བློ་ཅི་ཙམ་བཏང་ཀྱང་ལམ་ཁ་གཉིས་ལས་མ་མཐོང་།་བོད་ཁྱིམ་སློབ་གྲ་དང་ཕྲུག་གུའི་རྩེད་ཆས་གཉིས་རེད་།་༡ བོད་ཁྱིམ་ལ་བོད་ཡིག་སོགས་ཡོད་ཟེར་སྲིད་ཀྱང་དེའི་མི་ཆོག རྩེད་ཆས་ཞེས་བ་ དཔེར་ན་ཕྲུག་གུའི་རྩེད་ཆས་གཟུགས་མཐོང་འཕྲུར་ཆས་དང་པར་རིས་ཡོད་པས་ཕྲུག་གུའི་དེབ་སོགས་བོད་སྐད་དང་བོད་ཡིག་ལ་བསྒྱུར་དགོས།།།ཡང་པར་ཡོད་པས་ཕྲུག་གུའི་ཀློག་དེབ་འགའ་རེ་ཡོད་ཀྱང་དེའི་ནང་གི་ཐ་སྙད་དག་ཕྲུག་གུ་ལ་མི་མཚམ་པ་ཞིག་རེད།།།བསམ་ཚུར་ཆུང་ངུ་ཞིག་ཡིན།།།།།།

    Reply
  17. སྟོབས་ says:
    ལོ་ 16 སྔོན།

    བཀའ་ཁྲིའི་གསུང་བ་ཇི་བཞིན ཡུལ་སྐད་སོར་བཞག་ཐོག་བརྡ་སྤྲོད་ཡི་གེ་དང་སྤྱར་ནས་བྲིས་པ་ནི་བརྡ་སྤྲོད་གཞུང་ལུགས་ལ་གཏོར་བཤིགས་བྱེད་ཀྱི་གསལ་བོ་ཤེས་དགོས །
    ང་ཚོ་བོད་སྤྱི་ལ་དབང་བའི་ཁ་སྐད་ཞིག་ཆགས་སུ་འཇུག་པ་ལ་ཐོན་མི་བརྡ་སྤྲོད་རྨང་གཞི་རུ་མ་བཟུང་བར་ཐུན་མོང་ཁ་སྐད་ཞིག་ཡོང་ཐབས་མེད་པ་ཞིག་རེད །
    རྩོམ་ཡིག་དང་ཡིག་བསྐུར་སོགས་གང་ཡིན་རུང་ཡི་གིའི་ལམ་ནས་བརྡ་སྤྲོད་བྱེད་པ་ལ་ཡུལ་ལུང་ཁ་སྐད་དང་མ་འདྲེས་པར་བརྡ་སྤྲོད་གཞུང་ལུགས་ཀྱི་དགོངས་དོན་ཇི་བཞིན་འབྲི་ཅི་ནི་ཧ་ཅིང་གལ་འགེངས་ཆེ

    Reply
  18. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་པ་བཞིན། བོད་ཆོལ་ཁ་གསུམ་ལ་སྐད་རིགས་མི་འདྲ་བ་དུ་མ་ཡོད་ཀྱང་སོ་སོར་ཡུལ་སྐད་ལ་ལོངས་སྤྱོད་ན་ནོར་འཁྲུལ་གང་ཡང་མེད། འོན་ཀྱང་ཡིག་ཐོག་ཏུ་བྲིས་སྐབས་སོ་སོའི་ཕལ་སྐད་དུ་བྲིས་ན་དེ་ནི་རིག་གཞུང་གཏོར་གཤིབ་བཏང་མཁན་དུ་མཐོང་། མ་འོངས་པར་བོད་རིགས་ཡོད་དོ་ཅོག་གིས་བོད་ཀྱི་བརྡ་དག་མཐུན་པར་བྲིས་ན་ལེགས་པར་སྙམ་མོ།།

    Reply
  19. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 16 སྔོན།

    རང་མི་རིགས་ཀྱི་སྐད་ཡིག་ལ་གཅེས་འཛིན་དང།བཀོལ་སྤྱོད་ཀྱིས་རྒྱུན་འཛིན་མཐའ་འཁྱོངས་བྱེད་པའི་བྱ་འགུལ་སྤེལ་བ་ནི་རང་རིགས་ལ་དུང་ཞེན་དང་བློ་དཀར་རང་གྱི་བྱ་བ་རླབས་པོ་ཆེ་ཡིན་པས་དགའ་བསུ་ཡོད།་

    Reply
  20. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 16 སྔོན།

    རང་མི་རིགས་ཀྱི་སྐད་ཡིག་ལ་གཅེས་འཛིན་དང།བཀོལ་སྤྱོད་ཀྱིས་རྒྱུན་འཛིན་མཐའ་འཁྱོངས་བྱེད་པའི་བྱ་འགུལ་སྤེལ་བ་ནི་རང་རིགས་ལ་དུང་ཞེན་དང་བློ་དཀར་རང་གྱི་བྱ་བ་རླབས་པོ་ཆེ་ཡིན་པས་དགའ་བསུ་ཡོད།་

    Reply
  21. ཕྱོགས་གླང། says:
    ལོ་ 16 སྔོན།

    བོད་སྐད་སྐོར་བཀའ་མོལ་གནང་གི་ཡོད་ཙང་བསམ་ཚུལ་ཞིག་ཞུ་འདོད་བྱུང་། བོད་རྗེ་སྲོང་བཙན་སྒམ་པོའི་བཀོད་སྒྲིག་འོག་ཐོན་མི་སམ་བྷོ་ཊས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་སྐད་ཡིག་གསར་གཏོད་མཛད་དེ་བོད་ཧྲིལ་པོས་མ་ཚད་པར་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་དང་བཅས་པས་འབྲི་ཐུབ། ཀློག་ཐུབ། གོ་ཐུབ་པའི་སྐད་ཡིག་འདི་བེད་སྤྱོད་མི་བྱེད་པར་སློབ་གྲ་མེད་པའི་ལུང་ཁུག་ཆུང་ཙག་གི་ལོག་སྐད་ལ་དང་དོད་ཀྱིས་བེད་སྤྱོད་གཏོང་ཐབས་བྱས་ན་དེང་སང་༧གོང་ས་སྐྱབས་མགོན་ཆེན་པོས་བསྟོད་བསྔགས་མཛད་བཞིན་པའི་བོད་ཀྱི་སྐད་ཡིག་འདི་ཁུངས་གཏུགས་ས་མེད་པའི་སྐད་ཡིག་སླ་པོ་ཞིག་ཆགས་ཀྱི་མ་རེད་པས།། དེ་བཞིན་བཀའ་འགྱུརདང་། བསྟན་འགྱུར། བོད་ཀྱི་མཁས་པ་མང་པོས་མཛད་པའི་བསྟན་བཅོས་དེ་ཚོ་ཡང་ལོག་སྐད་འདྲེས་པའི་དཔེ་ཆ་ཞིག་ཏུ་འགྱུར་དགོས་པ་ཆགས་ཀྱི་མ་རེད་པས།། ལོག་སྐད་ནི་བོད་རྒྱ་ཁྱབ་ལ་གྲངས་ལས་འདས་པ་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ནི་བོད་ལ་སློབ་གྲ་མང་པོ་མེད་པའི་སྐྱོན་དང་། འགྲུལ་བཞུད་ཀྱི་མཐུན་རྐྱེན་ལེགས་པོ་མེད་ཙང་ཕན་ཚུན་འབྲེལ་གཏུགས་ཡང་ཡང་མེད་པའི་སྐྱོན་ལས་བྱུང་བའི་ཞན་ཆ་ཞིག་ཡིན་པ་ལས་ལེགས་ཆ་ཡིན་པར་ངོས་ལེན་བྱེད་མཁན་ཨེ་ཡོད།
    ཡང་མང་གཙོའི་སྤྱི་ཚོགས་ནང་རན་པོའམ། འཚམས་པོ་མེད་པའི་ཐ་སྙད་ཕྱིས་སུ་དར་ཁྱབ་བྱུང་བ་སྐུ་ངོ་དང་། སྐྱེ་དམན་སོགས་གྲལ་རིམ་དང་། ཕོ་མོ་དབྱེ་འབྱེད་སོགས་ཀྱི་མིང་ཚིག་དེ་གྲས་ལ་དང་དོད་མ་བྱས་ན་ལེགས་པ་མེད་དམ། དེའི་སྐོར་ ༡༩༦༠ ནང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དམངས་གཙའི་ལམ་ལུགས་སུ་བསྒྱུར་གནང་མཛད་རྗེས་འགོ་བརྗོད་སྐུ་ངོ་ཞེས་པ་འདི་འགྱུར་བཅོས་དགོས་པའི་བཀའ་སློབ་ཀྱང་སྩལ་ཡོད། དེ་བཞིན་ཞྭ་སྒབ་པ་བདེ་ལྡན་དབང་ཕྱུག་མཆོག་གིས་བརྩམས་བསྒྲིགས་གནང་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་གཞུང་ཞབས་པ་མཐོ་དམའ་མང་པོའི་མཚན་བཀོད་ཡོད་ཀྱང་ཆབ་སྲིད་ཀྱི་དགོས་མཁོར་གཟིགས་ཏེ་འགོ་བརྗོད་སྐུ་ངོ་ཞེས་པ་མཐོང་རྒྱུ་མི་འདུག། དེ་བཞིན་བོད་ནང་དུ་གནས་དུས་ལ་བརྟེན་ནས་སེར་སྐྱ་ཕོ་མོ་སྐྱིད་སྡུག་དྲག་ཞན་དང་། གོ་གནས་མཐོ་དམའ་མེད་པར་གུས་ཞབས་ཀྱི་ཚུལ་དུ་མིང་གི་འགོ་བརྗོད་དང་། མིང་ཚབ་ཏུ་རྒན་ལགས་དང་། སྐུ་ཞབས་ཟེར་བ་ལས་སྐུ་ངོ་ཟེར་མཁན་སུ་ཡང་མི་འདུག། འོན་ཀྱང་ང་ཚོ་རང་དབང་ལུང་པར་ཡོད་པའི་མི་རབས་རྒན་པ་ཚོར་གོམས་གཤིས་ཀྱི་ཆ་ནས་དེ་སྔ་སྐུ་ངོ་ཞུ་ཡུལ་གྱི་བགྲེས་སོང་ཚོར་སྐུ་ངོ་མི་ཞུ་ཐབས་མེད་ཀྱི་ཚོར་བ་ཞིག་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། གལ་སྲིད་མི་རབས་གསར་པ་ཚོས་ཆབ་སྲིད་ཀྱི་དགོས་མཁོར་བསམས་ཏེ་སྐུ་ངོ་གསར་པ་མ་བཟོས་ན་མི་རབས་རྙིང་པ་རྫོགས་ལ་ཉེ་བས་དཀའ་རྙོག་མི་འདུག། མ་གཞི་ནས་གུས་ཞབས་ཀྱི་ཚུལ་དུ་འགོ་བརྗོད་དང་། མིང་ཚབ་ཏུ་སྐུ་ཞབས་ཞེས་སེར་སྐྱ་ཕོ་མོ་དྲག་ཞན་མཐོ་དམའ་མེད་པར་འཇུག་ཏུ་འོས་པའི་ཐ་སྙད་སྔ་དུས་ནས་ཡོད་བཞིན་པ་འདི་དག་བེད་སྤྱོད་བྱས་ན་མ་འོ ས་པ་ག་རེ་འདུག་གམ། ཨ་རིའི་སྲིད་འཛིན་ལ་སྐུ་ཞབས་ཨོ་བྷ་མ་ཟེར་གྱི་ཡོད་པ་ལས་སྐུ་ངོ་ཨོ་བྷ་མ་ཟེར་གྱི་མི་འདུག་ག། དེ་བཞིན་བུད་མེད་དང་། ཆུང་མར་སྐྱེ་དམན་ཟེར་རྒྱུར་དང་དོད་མི་བྱེད་པར་རང་རེའི་སྐད་ཡིག་ནང་སྔ་དུས་ནས་ཡོད་བཞིན་པ་བུད་མེད་ལ་བུད་མེད་དང་། ཆུང་མར་ཆུང་མའམ། ཕོ་མོ་གཉིས་ཀར་འཇུག་ཏུ་འོས་པ་བཟའ་ཟླ་དང་། བཟའ་ཚང་སོགས་དོན་དངོས་དང་མཐུན་པའི་ཐ་སྙད་དེ་ཚོ་ཁ་རྒྱུན་དུ་འཇགས་ན་དགེ་མཚན་ཆེ་བ་མ་ཡིན་ནམ།། ཤེས་འཇོན་གང་ཡང་མེད་པའི་རྒས་འཁོག་ལས་མེད་ང་ལ་དུས་ཚོད་མང་པོ་ཡོད་ཙང་དུས་ཚོད་སྐྱེལ་བ་དང་། དྲན་ཤེས་མ་བརླག་པའི་ཆེད་དུ་སྐད་ཆ་མང་པོ་བཤད་པ་འདྲ་ཞིག་ཆགས་སོང་ཡང་དགོངས་འགལ་མེད་པ་ཞུ།། ཐུགས་རྗེ་ཆེ།།

    Reply
  22. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བོད་སྐད་ཡིག་རྒྱུ་འཛིན་ཚོགས་པ་ཚང་མའི་དགོངས་པར་སྔ་གསལ་བཞིན་རེད། འདིར་གཟིགས་དང་། བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོགས་པའི་ལོ་རྒྱུས་རགས་ཙམ་འདུག

    ( ང་ཚོ་བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་པ་ཟེར་བ་འདི་ནི། བོད་སྐད་གཙང་མར་བསྐྱོན་པའི་ལས་འགུལ་འདི་ཐོག་མར་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༨ ཉིན་བྷེལ་རྗེམ་གྱི་གྲོང་ཁྱེར་ཨན་ཁྲི་ཝེར་ཕན་ནང་བོད་མི་བརྒྱད་ཀྱིས་མགོ་བཙུགས་ཏེ་རིམ་བཞིན་ཨ་རི་དང་ཇར་མན་ནེ། ཧྥ་རིན་སི། ཧོ་ལན། དབྱིན་ཇི། རྒྱ་གར། བལ་ཡུལ། བོད་བཅས་པར་བོད་མི་གཅིག་གིས་གཅིག་ལ་བསྐུལ་མ་བྱས་ཏེ། གཅིག་གིས་གཉིས། གཉིས་ཀྱིས་བཞི་དང༌། བཞི་ཡིས་བརྒྱད་སོགས་གོམ་པ་རིམ་འཛེགས་ཀྱིས་ལོ་གཅིག་དང་ཕྱེ་ཀའི་རིང༌། བོད་མི་འབུམ་གཉིས་ ༢༠༠༠༠༠ ཡས་མས་ཀྱིས་བོད་སྐད་གཙང་མ་སྨྲ་བའི་དམ་བཅའ་བཞག་སྟེ། བོད་སྐད་བཤད་སའི་ཁོར་ཡུག་གསར་བ་ཞིག་ལ་གོམ་ཁ་སྤོ་བཞིན་ཡོད་ཟེར། )

    Reply
  23. དོན་གོ says:
    ལོ་ 16 སྔོན།

    བོད་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོཚོགས་པ་གཉིས་ཀྱི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ལ། ཁྱེད་ཅག་གི་གཡོ་མེད་ཀྱི་སྙིང་སྟོབས་དང་འགྱུར་མེད་ཀྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ་བ་ཡིན། མ་འོངས་མུ་མཐུད་རྒྱུན་སྐྱོང་དང་ཧུར་བརྩོན་བྱ་བར་ཡིད་ཆེས་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  24. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྐད་ཡིག་བགྲོ་གླེང་གནང་བར་བསྔགས་བརྗོད་ཞུ།
    ཨ་ཧ་བོ། ངའི་དགེན་ལགས་ཀྱི་སྐེད་རག་ནས་ཤོར་བསྡད་འདུག ཁྱེད་ཚོས་དྲི་བ་འདྲི་རྒྱུ་མང་སོང་ནི་ཆེས་ཡིན་རེ། ཧ་ཧ་ཧ།

    Reply
  25. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས།
    ཁྱེད་ཀྱིས་འདིར་བཀོད་པའི། ༼ བོད་པའི་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ཞིག་ལ། དཔེར་ན། བོད་ནང་དུ་ “མིས་བཟོས་འཁོར་སྐར” ལྟ་བུ་བསྒྱུར་འདུག རང་བྱུང་མ་ཡིན་པ་དང་རང་བཞིན་མ་ཡིན་པ་ཡོངས་རྫོགས་ལ་མི་བཟོས་ལབ་པ་ཡིན་ན། བོད་ཕྱི་ལོགས་ཀྱི་ང་ཚོས་དེ་ཁས་ལེན་པ་མ་རེད། དབྱིན་ཡིག་གི་ artificial ཟེར་བ་དེའི་ཚབ་ལ་དེ་སྔ་ནས་བོད་ནང་བཅོས་མ་ཟེར་བ་ཞིག་ཡོད་ཡོད་པ་རེད། མིས་བཟོས་པ་ཡོངས་རྫོངས་ལ་མིས་བཟོས་ལབ་པ་ཡིན་ན། ནམ་ཞིག་དབྱིན་ཡིག་ནང་དུ་ man made ཟེར་བ་ཞིག་བྱུང་ན་ཅི་ཞིག་གདགས་རྒྱུ་ཡིན། ༽
    དང་པོ། མིས་བཟོས་འཁོར་སྐར་ཞེས་པའི་ཚིག་ཏེ་བོད་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ག་ལ་ཡིན། དེ་བོད་རང་གི་སྐད་དག་མ་རེད། གལ་དེ་ཁྱེད་ཀྱིས་བོད་པའི་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ཞེས་པ་དེ་ དབྱིན་སྐད་ཐོག་གི་ satellite ལ་ཟེར་ན་དེ་ནི་བོད་སྐད་ཞིག་རེད་སྙམས་མཁན་སུ་ཡང་མེད་པ་ཤེས་དགོས། man made ཟེར་བ་དེ་སྔར་ནས་དབྱིན་སྐད་ཐོག་ལ་བེད་སྤྱོད་བྱེད་བཞིན་པའི་ཚིག་ཅིག་རེད་ དེས་ན་ཁྱེད་ཀྱིས་ནམ་ཞིག་དེ་འདྲ་འབྱུང་ན་ཅི་ལ་ཟེར། དེ་ཡང་མིས་བཟོས་ཞེས་བསྒྱུར་ཆོག དོན་གཅིག་མིང་གི་རྣམ་གྲངས་ཟེར་བ་དེ་ཁྱེད་ཀྱི་ཀོ་ཨེ་མྱོང་ལགས།

    Reply
  26. འཇམ་དབྱངས says:
    ལོ་ 16 སྔོན།

    རྗེས་སུ་ཡི་རངས་ཡོད། ཆོལ་གསུམ་བོད་མིས་རྡོག་རྩ་གཅིག་སྒྲིལ་ཐོག་ལག་ལེན་གནང་རོགས་ཞེས་སེམས་ཁོངས་རུས་པའི་གཏིང་ནས་འབོད་བསྐུལ་ཞུ་བཞིན་ཡོད།
    ཞོར་དུ་ང་ལ་ཀརྨ་སྨོན་ལམ་ལགས་སུ་དྲི་བ་ཞིག་འདུག
    “་མིས་བཟོས་འཁོར་སྐར” ཟེར་པའི་ཐ་སྙད་དེ་འགྲིག་གི་མི་འདུག་ལབ་འདུག། འོ་ན་སྐུ་ངོ་རང་གི་མིང་ཚིག་ག་རེ་བཟོས་ཡོད་དམ། ལན་གསལ་པོ་ཞིག་གནང་རོགས།

    Reply
  27. karma dorje says:
    ལོ་ 16 སྔོན།

    ང་ཁྱོད་ཁོ་སོགས་གསུམ་གའི། བོད་ཀྱི་སྤྱི་སྐད་འབྲི་སྟངས།

    ངས་བོད་དོན་ཆེད་དུ་
    སྔ་དྲོར་སྨོན་ལམ་བརྒྱབས་པ་ཡིན།
    ད་ལྟ་དར་ལྕོག་འཛུགས་བགྱིད་ཡོད།
    དགོང་དྲོར་སྨོན་ལམ་བརྒྱབ་བགྱི་ཡིན།

    ཁྱོད་ཀྱིས་བོད་དོན་ཆེད་དུ་
    སྔ་དྲོར་སྨོན་ལམ་བརྒྱབས་པ་རེད།
    ད་ལྟ་དར་ལྕོག་འཛུགས་བགྱིད་འདུག
    དགོང་དྲོར་སྨོན་ལམ་བརྒྱབ་བགྱི་རེད།

    ཁོས་བོད་དོན་ཆེད་དུ་
    སྔ་དྲོར་སྨོན་ལམ་བརྒྱབས་པ་རེད།
    ད་ལྟ་དར་ལྕོག་འཛུགས་བགྱིད་འདུག
    དགོང་དྲོར་སྨོན་ལམ་བརྒྱབ་བགྱི་རེད།

    སྐྱེས་བུ་དང་བོ་་གཉིས་པ་་གསུམ་པའི། ཡིན་ཡོད་་རེད་འདུག་གིས། འདས་ད་ལྟ་མ་འོངས་པའི་ཁྱད་པར་གསལ་སྟོན་ཡོད་པ་མ་ནོར་བ་ཕྱེ་དགོས།

    Reply
  28. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    གོང་གི་ཚོགས་པ་གཉིས་ཀྱིས་སྤེལ་བའི་ལས་འགུལ་ལ་ཞེ་གཏིང་ནས་དགའ་བསུ་དང་ལྷག་པར་དུ་བོད་སྐད་གཙང་མར་རྒྱག་རྒྱུར་གོམ་པ་མཉམ་སྤོ་ཞུ་གི་ཡིན།

    བོད་སྐད་ནི་བྱ་ཚིག་དང་ཚིག་ཕྲད་ཁྱད་ཚིག་སོགས་བརྡ་སྤྲོད་ཀྱི་ཆ་ནས་ཁོ་ལག་ཡོངས་སུ་རྒྱས་ཟིན་པ་ཞིག་ཡིན་མོད། དེང་བཙན་བྱོལ་ནང་དུ་བོད་རིགས་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོའི་ནང་མི་ཉུང་བ་ཞིག་གིས་མིང་ཚིག་ཙམ་མ་ཟད་ཚིག་ཕྲད་ཀྱང་ཧིདྡཱི་ཡི་ཚིག་ཕྲད། བྷཱི།ཏཀ་ ལྟ་བུ་སྤྱོད་བཞིན་ཡོད་པ་འདི་ཚོ་གཟིགས་ཤིང་དུས་ནས་དུས་སུ་སྟངས་འཛིན་དགོས་ངེས་རེད།

    Reply
  29. karma dorje says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་གླེང་ནས་གྲུབ་འབྲས་གང་ཐོན་ཡོད་དམ།

    བོད་ཀྱི་སྐད་ཡིག་དེ་ཡར་རྒྱས་མཐར་ཕྱིན་པ་སོང་ཡོད་པ་ཞིག་ཡིན་ནའང་། སྔར་སྐད་གསར་བཅད་གནང་བའི་དགོས་པ་ཤེས་དགོས་པ་གཅིག ཁ་སྐད་ཡིག་ཐོག་ཏུ་འཁོད་པའི་ནང་ལ་མ་དག་རྒྱུན་འཇགས་གཙང་སེལ་དགོས་པ་དང་གཉིས། ཡིག་སྐད་ཀྱི་བརྒྱུད་ནས་བོད་མདོ་དབུས་ཁམས་གསུམ་དང་སྟོད་ལ་དྭགས་ལ་སོགས་པའི་བོད་རིགས་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་སྤྱིའི་ཁ་སྐད་ཅིག་གཏན་འབེབས་ཀྱིས་འགྲེམ་སྤེལ་སློབ་སྟོན་བྱེད་ཐུབ་ན། བོད་ཀྱི་བཀའ་བསྟན་ནམ་བཀའ་བརྟན་ཀློག་ཡ་ལ་ཕན་པ་མ་གཏོགས་གནོད་སྲིད་ཨ་ཡོང་། སྲིད་གཞུང་གཅིག་གིས་དེ་ལྟར་གཏན་འབེབས་ལ་མཛད་དཀའ་བྱུང་སྲིད་ཀྱང་། ཤེས་ཡོན་ཚོགས་པ་ཅིག་གིས་བྱེད་སྒོ་བཙུགས་ནས་ཡར་རྒྱས་ཕྱིན་ནས་བོད་རིགས་སྤྱི་སྐད་ཅིག་བྱུང་ན། བོད་ཀྱི་ཡུལ་སྐད་ཁ་ཤས་ཉམས་ནའང་ཕངས་དགོས་ཨེ་ཡོད་སྙམ།
    བོད་ཀྱི་སྐད་ཡིག་ནང་ལ་མིང་གསར་རྣམས་བསྒྱུར་བཟང་ཞན་བསྡུར་ནས་མིང་ཚིག་གསར་པ་ཡག་ག་དེ་ལ་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བེད་སྤྱོད་བྱས་མ་བྱས་ལ་རག་ལས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese