ལུག་རྫི་དེ་ཡི་རེ་འདོད་ལྟར། ཁོང་ཚོ་ཕྱི་དྲོ་ཁོས་རྗེས་སུ་སྙེགས་ནས་ལུག་རྫི་དེ་ཡི་སྤྲ་ནང་དུ་སོང་དུས། སྤྲ་སྒོར་འབྱོར་དུས་སུ། ཕོ་གསར་རེ་ཟུང་ཞིག་ཁོང་ཚོ་ཡོད་སར་འབྱོར་ནས་ཁྱེད་ཚོ་གང་ནས་ཡོང་བ་ཡིན། གང་དུ་འགྲོ་མཁན་ཡིན་སོགས་དྲིས་དུས། བློ་བཟང་གིས་འཛུམ་མདངས་ཤིག་སྟོན་ཞོར་དུ་ང་ཚོ་སྟོད་གངས་རི་ལ་མཇལ་དུ་འགྲོ་མཁན་ཡིན། ལམ་ཁ་ནས་མགོ་འཁོར་ནས་འདི་རུ་སླེབས་སོང་། ད་ནི་ཁོ་རང་ལ་འཕྲད་ནས་ལམ་ཁ་བསྟན་པ་ལྟར། ང་ཚོ་སྟོད་གངས་རིའི་ཕྱོགས་སུ་ལམ་དུ་ཆས་མཁན་ཡིན་ཟེར་ནས་ལན་བཏབ་དུས། དེ་ཡི་ནང་ནས་ཕོ་གསར་ཞིག་གིས་དེས་ན་ཁྱེད་ཚོ་ས་འདི་བརྒྱུད་དེ་འགྲོ་ཆོག་པའི་ལག་ཁྱེར་ཡོད་དམ་ཟེར་ནས་དྲིས་དུས། བློ་བཟང་གིས་ང་ཚོ་ཚང་མ་བོད་པ་རེད། བོད་པ་ཚོ། བོད་པ་རང་གི་ས་ཐོག་ནས་མཇལ་སྐོར་དུ་འགྲོ་བ་ལ་ལག་ཁྱེར་ཞིག་དགོས་པ་ངས་གཏན་ནས་གོ་མ་མྱོང་ཟེར་ནས་ལན་ཞིག་བཏབ།
ཕོ་གསར་དེས་གཏན་ནས་སྣང་བ་མི་འགྲོ་བའི་ཚུལ་དང་བཅས། དེས་ན་ཁྱེད་རང་གིས་གཞུང་གི་{རྒྱ་གཞུང་ལ་གོ་དགོས།}དེང་སང་ས་ཁུལ་འདི་ནས་ཡར་མར་དུ་འགྲོ་མཁན་ཚང་མ་ལ་ཡི་གེ་ཞིག་སྤྲོད་ཀྱི་ཡོད་པ་ཤེས་ཀྱི་མེད་པ་ཡིན་ནམ། ང་ཚོ་ཡང་འདི་ནས་བསྡོད་མཁན་ཡིན་ན་ཡི་གེ་ལེན་དགོས་ཀྱི་ཡོད་པ་རེད། ཁྱེད་ཚོ་ཐག་རིང་ནས་འདི་རུ་ཡོང་མཁན་ཡིན་དུས་ཡི་གེ་ལོས་དགོས། དེ་མེད་ན་གཏན་ནས་འགྲིག་གི་མ་རེད། གཞུང་གི་ཁྲིམས་དང་འགལ་ཡོད་པ་རེད་ཟེར་ནས་བརྫིག་ཉམས་དང་བཅས་དེ་བློ་བཟང་ལ་བཤད་དུས། བློ་བཟང་གིས་མི་འདི་ནི་གཏན་ནས་ཡག་པོ་ཞིག་མིན་ཁོ་ཐག་རེད་སྙམ་ན་ཡང་། ཐད་ཀར་དུ་རྣམ་འགྱུར་མི་ལེགས་པ་གང་ཡང་མ་བསྟན་པར།
ཕོ་གསར་དེ་ལ། དེ་འདྲ་ཞིག་གཏན་ནས་ཤེས་མ་སོང་། དེ་འདྲ་ཡིན་ན་ང་ཚོ་འདི་ནས་ཡར་འགྲོ་ཐུབ་ཀྱི་མེད་པ་ཡིན་པ་འདྲ། དེ་འདྲ་ཡིན་ན་ང་ཚོ་འདི་ནས་ཕྱིར་རང་གི་ཕ་ཡུལ་ཕྱོགས་སུ་ལོག་འགྲོ་ངེས་ཡིན། ཁྱེད་རང་གིས་ང་ཚོ་ལ་ལམ་སྟོན་གནང་བ་ཐུགས་རྗེ་ཆེ་ཞེས་བཤད་དུས་སུ། ཕོ་གསར་དེས་རང་ཉིད་ནི་ས་ཕྱོགས་གང་སར་འགྲོ་མྱོང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནང་དུ་སློབ་གྲྭར་སོང་ནས་ཕྱིར་སླེབས་ནས་ཡུན་རིང་འགོར་མེད་པ་དང་། གཞུང་གི་ཁྲིམས་ལུགས་ཤེས་ཀྱི་ཡོད་རབས་སོགས་མི་ཉུང་བ་ཞིག་བཤད་ནས་སྤྲ་ཁྱིམ་དེ་ནས་ཁ་གྱེས་དེ་སོང་ཤུལ་དུ། ལུག་རྫི་དེ་ཡིས། ད་ཁྱེད་ཚོ་འདི་ནས་མགྱོགས་པོ་སོང་། དེ་མིན་ན། མི་དེ་ལ་ས་ཁུལ་འདི་ན་ངོ་ཤེས་མང་བོ་ཡོད་པ་རེད། ང་རང་ལ་ཡང་དཀའ་ཁག་འཕྲད་སྲིད་པ་རེད། ད་ཁྱེད་ཚོ་འདི་ནས་ཕྱིར་སོང་བ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་བཤད།
བློ་བཟང་གིས། ལུག་རྫི་དེ་ལ་བཀའ་དྲིན་ཆེ་ཞུས་པ་དང་ཁོང་ཚོ་ད་ནི་སྟོད་གངས་རི་ལ་འགྲོ་བའི་རེ་བ་མེད་པ་འདྲ། ད་ང་ཚོ་འདི་ནས་ཕྱིར་འགྲོ་ངེས་ཡིན་ཟེར་ནས་སྤྲ་ཁྱིམ་དེ་ནས་ཕྱི་ལ་བུད་དེ་ལུག་རྫི་དེ་ཡི་བསྟན་པ་ལྟར། ཤིང་ཟམ་བརྒལ་བ་ཡིན་ན། ཡར་མར་གང་དུ་འགྲོ་མཁན་ཡིན་ན་ཡང་། གཞུང་ལམ་དུ་འཁེལ་གྱི་ཡོད་དུས། དེ་ནས་རླངས་འཁོར་ཡང་རེག་གི་རེད་ཅེས་བཤད་པ་སེམས་སུ་བཟུང་ནས་ཁོང་ཚོ་གཙང་བོའི་ཕྱོགས་སུ་ག་ལེར་འགྲོ་བའི་སྐབས་སུ། ཁོང་ཚོ་ལ་སྐད་ཆ་འདྲ་མིན་སྣ་ཚོགས་འདྲི་མཁན་གྱི་ཕོ་གསར་དེས་རི་སྐེད་བརྒྱུད་ནས་དུང་རི་འགག་སྒོའི་ཕྱོགས་སུ་འགྲོ་བཞིན་པ་དེ་མཐོང་ནས། ཁོང་ཚོ་ཚང་མས་སེམས་འཚུབ་བྱེད་ཞོར་དུ། གཙང་བོའི་ཆེན་པོ་དེ་ཡི་ཕྱོགས་སུ་གང་མགྱོགས་ཅི་མགྱོགས་ཀྱིས་ཕྱིན་པ་རེད།
གཙང་འགྲམ་དུ་མ་སླེབས་པའི་སྔོན་དུ་ས་དོང་ཞིག་གི་འགྲམ་ནས་བློ་བཟང་གིས། ད་ནི་ང་ཚོ་འདི་ནས་ས་རུབ་རེག་བར་དུ་འདུག ས་རུབ་རེག་བར་དུ་སྒྲོལ་མ་འདོན། མཚོ་མོ་སྐྱིད། ཁྱེད་རང་གིས་ཏ་རེ་ཐོན་ཞེས་བཤད་དེ་ཁོང་ཚོ་ཚང་མའི་གཙང་འགྲམ་ལ་སླེབས་རྒྱུར་སྤྱི་ལེ་གཅིག་ཙམ་ལས་མེད་པའི་ས་དོང་དེ་ཡི་འགྲམ་ནས་ཁ་འདོན་སྤྱོར་ནས་ལམ་བར་དུ་བར་ཆད་མི་ཡོང་བར་སྨོན་ལམ་འདེབས་ཞོར་ས་རུབ་རྒྱུར་སྒུག་ནས་བསྡད་པ་རེད། ས་མ་རུབ་པ་ཡིན་ན། གཙང་བོའི་ཕར་ཕྱོགས་དེ་རུ་གྲོང་བརྡལ་ཞིག་ཆགས་ཡོད་པ་དེ་ནི་དུང་རུ་གྲོང་བརྡལ་དུ་འབོད་པ་དེ་ཡིན་པ་དང་། དེ་ནས་མཐོང་བར་ཐེ་ཚོམ་མེད་པ་ལྟ་བུ་ཡིན་དུས། ཁོང་ཚོས་གྲོང་བརྡལ་དེ་མི་ནང་ནས་མི་སུ་གང་གིས་ཀྱང་མི་མཐོང་བ་བྱེད་དགོས་པ་ཡིན་ན། ས་རུབ་རེག་བར་དུ་སྒུག་རྒྱུ་དེ་ལས་ཐབས་ཤེས་གཞན་མེད་པ་ཤེས་ཡོད་པ་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་ཁོང་ཚོའི་སེམས་ནང་དུ་ངང་སྐྲག་ཞིག་སྐྱེ་བཞིན་ཡོད་པ་དེ་ནི། ས་རུབ་རེག་བར་དུ་ཕོ་གསར་དེ་ཡིས་གཉེན་རྟོགས་པ་འདྲ་འཁྲིད་དེ་ཁོང་ཚོ་བཙལ་དུ་སླེབས་མི་ཡོང་ངམ་སྙམ་བཞིན་ཡོད་པ་དང་། ས་རུབ་ན་ཤིང་ཟམ་ལས་གཙང་བོའི་དེ་བརྒལ་རྒྱུའི་ཕྱོགས་སུ་སེམས་ཁྲལ་བྱེད་ཞོར་དུ་སྒྲོལ་མ་ནམ་རྒྱུན་གྱི་མཚན་མོ་ལས་མང་བ་ཞིག་སྤྱོར་བ་རེད།
མུ་འགོད།
སྤུན་ཟླ་ཁྱེད་ཅག་འདི་ལྟར་མུ་མཐུད་དུ་ཕེབས་ཤིག ངས་རང་གིས་གང་ཐུབ་ཅིག་འདི་ལྟར་འབྲི་ངེས་ཡིན་ལ། བློ་བཟང་གི་གཏམ་རྒྱུད་འདིའི་འགན་འཁུར་ཡོངས་སུ་རྫོགས་པ་ངས་ཁུར་ནས་ཡོང་ཡོད། དེ་ཡིན་དུས། ངས་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་བཟུང་ནས་ཤུ་རེ་བྱེད་ངེས་ཡིན།
དངོས་སྒྲུང་ཉན་ནས་བསྡད་ཡོད།
གནས་ལུགས་སྒུག་ནས་བསྡད་ཡོད།
ཚོར་སྣང་མུད་ནས་བསྡད་ཡོད།
ད་ནི་ཅི་ཞིག་དགོས་སམ།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ནམ་རྒྱུན་བུ་མོའི་སྐོར་གླེང་སྐབས་དུས་བབ་དྲ་ངོས་སུ་ཁ་འབར་སྡོད་མཁན་མང་པོ་ཞིག་ཡོད་པ་དེ་ཚོ་ངོ་ཤེས་ཀྱི་ཨེ་ཡོད། དེ་ཚོ་ལ་ལན་ཞིག་སྐུར་རྒྱུ་ཡོད་པ་ནི་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་ཉེན་ཁ་ཆེན་པོ་སླེབས་འདུག་ཅེས་པའི་ཟིན་བྲིས་ཤིག་སྤེལ་ཡོད་པས་དེ་དོན་ལན་སྐྱེལ་རོགས།
ལུག་རྫི་དེ་ནི་ལམ་སྟོན་གྱི་སྒྲོན་མེ་རུ་གྱུར་ན་ལེགས།
མྱུར་འཕྲིན་ནང་ལ་སྐད་བསྐུར་ཞིག་ཡོད། དེ་ལ་ལྟོས།