མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྙིང་བོད་རིགས་ཀྱིས་ཅི་ཞིག་རྩོད་ཀྱིན་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། བོད་མིའི་སྐུ་ཚབ་ཚོས་རྒྱ་གཞུང་ལ་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ ཞེས་པའི་ཡིག་ཆ་ཞིག་སྤྲད་ཡོད་པ་དེར། རྒྱ་གཞུང་གིས་གོ་བ་མ་ལོན་ས་དང་། ཆེད་དུ་ལོག་འགྲེལ་བརྒྱབས་པ་སོགས་ཀྱི་རྙོག་གླེང་ཞིག་བྱུང་ཡོད་སྟབས། ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐབས། བོད་པའི་སྐུ་ཚབ་ཚོས་སྔར་གྱི་བསམ་འཆར་ཡིག་ཆ་དེར་དོན་ཚན་བདུན་ཅན་གྱི་འགྲེལ་བཤད་ཚིག་ཐོ་ཞིག་སླར་ཡང་རྒྱ་གཞུང་ལ་སྤྲད་ཡོད། འདིར་ཚིག་ཐོ་དེའི་ནང་རྒྱ་གཞུང་གི་རྩ་ཁྲིམས་དང་ས་གནས་བཅའ་ཁྲིམས་ལུང་འདྲེན་བྱས་ཡོད་པ་ཁག་ཟུར་དུ་བཏོན་ཏེ་བརྗོད་བྱའི་ནང་དོན་གནད་བསྡུས་ཀྱི་ཚུལ་དུ་བཀོད་ཡོད།

 

དོན་ཚན་དང་པོ། བོད་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་བྱེད་ཀྱིན་ཡོད་སྐོར་བཀོད་དོན། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་པ་ྋགོང་ས་མཆོག་གིས་གསལ་པོ་མཁྱེན་ཡོད། ལོ་རྒྱུས་ནི་འདས་པའི་བྱུང་བ་ཡིན་པས་དེ་ད་ལྟ་བསྐྱར་བཅོས་བྱེད་ཐབས་མེད། འོན་ཀྱང་། ྋགོང་ས་མཆོག་ནི་མདུན་དུ་སྐྱོད་མཁན་ལས་རྒྱབ་ཞེན་གནང་མཁན་ཞིག་མིན་པས་ལོ་རྒྱུས་སྐོར་ལྟ་ཚུལ་མི་མཐུན་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གཉིས་མོས་ཀྱི་འདུན་ལམ་འཚོལ་རྒྱུར་བར་ཆད་བཟོ་འདོད་མེད། རྒྱ་ནག་དབུས་གཞུང་ནས་ྋགོང་ས་མཆོག་གི་གྲོས་འཆར་ཁག་ནང་རང་བཙན་སྦས་ཡོད་པའི་དོགས་པ་ཡོད་པ “བསམ་འཆར” གྱི་ལན་འདེབས་ཁག་ནས་གསལ་པོ་མངོན་ཐུབ། ད་ལྟའི་བོད་ཀྱི་ཁྲིམས་མཐུན་གནས་སྟངས་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུགས་འཚབ་དང་ཚོར་ཤུགས་རྣམས་ྋགོང་ས་མཆོག་གིས་མཁྱེན་རྟོགས་ཐུབ་ཡོད། དེའི་དབང་གིས་ྋགོང་ས་མཆོག་གིས་རང་སྐྱོང་གི་འགྲིག་ཆགས་བྱུང་མཚམས་དེ་དག་ཁྲིམས་མཐུན་ཡོང་ཆེད་མི་མང་གི་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་དང༌། ལག་བསྟར་འཐུས་ཚང་ཡོང་བར་ཁོང་གི་བཟང་སྤྱོད་ཀྱི་ནུས་པ་བེད་སྤྱོད་གནང་རྒྱུའི་གྲ་སྒྲིག་ཡོད་པ་སྐུ་ཚབ་ཚོ་བརྒྱུད་ཡོངས་གྲགས་སུ་བཀའ་གནང་ཡོད། ཅེས་གསལ་འདུག

 

དོན་ཚན་གཉིས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཆ་འཛིན་གནང་གིན་ཡོད་སྐོར་བསྟན་དོན། ྋགོང་ས་མཆོག་གིས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་ནང་འཚོལ་བ་ལས་དེའི་ཕྱི་རོལ་ནས་མ་ཡིན་པ “བསམ་འཆར” ནང་གསལ་པོ་འཁོད་ཡོད། གཞི་རྩའི་ལྟ་གྲུབ་དང་མ་འགལ་ཕྱིན་རྩ་ཁྲིམས་ནི་དུས་ཀྱི་དགོས་མཁོ་དང་གནས་སྟངས་ཀྱི་འགྱུར་བར་བསྟུན་དགོས་པ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་གནས་སྟངས་དང་མཐུན་པར་དུས་ནས་དུས་སུ་རྩ་ཁྲིམས་ལ་འགྱུར་བ་དང་ལེགས་བཅོས་བཏང་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཕྱོགས་དང༌། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གུ་ཡངས་ཀྱི་རྣམ་པ་གསལ་པོ་བསྟན་ཡོད། གལ་སྲིད་གུ་ཡངས་ཀྱི་རྣམ་པ་དེ་དག་བོད་ཀྱི་གནས་སྟངས་ཐོག་སྦྱར་ན་ “བསམ་འཆར” ནང་གསལ་བའི་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཆ་རྐྱེན་ཁག་ནང་ངེས་པར་དུ་སྒྲུབ་ཐུབ། ཅེས་བཀོད་འདུག

 

དོན་ཚན་གསུམ་པ། རྒྱ་གཞུང་གིས་བཏོན་པའི་རྒྱུན་འཁྱོངས་བྱ་དགོས་པ་གསུམ་ལ་བརྩི་བཀུར་བྱེད་ཀྱིན་ཡོད་སྐོར་བཀོད་དོན། “བསམ་འཆར” ནང་གསལ་བ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་ཀླན་ཀའམ་ཁ་གཏད་ནམ་ཡང་གནང་གི་མེད། དེ་དང་ཆབས་ཅིག་ཆིག་སྒྲིལ་དང༌། བརྟན་ལྷིང༌། འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་ཆེད། དམར་ཤོག་ཚོགས་པའི་ངོས་ནས་ཀྱང་བོད་མིའི་ཆོས་དང་ལེགས་བྱང༌། བོད་མིའི་ངོ་བོ་བཅས་པ་ཉེན་ཁའི་ངོ་བོར་བརྩི་བའི་བལྟ་སྟངས་འགྱུར་བ་གཏོང་དགོས་པའི་རེ་བ་གནང་བ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལའང་ཁ་གཏད་གནང་གི་མེད། “བསམ་འཆར” གྱི་ཚིག་ཟུར་གང་དུའང་ལམ་ལུགས་དེར་བསྒྱུར་བཅོས་དགོས་པའམ་བོད་ཀྱི་ས་ཁུལ་རྣམས་སུ་ལག་བསྟར་མི་དགོས་པ་གསལ་མེད། མི་མང་མཉམ་གནས་ཡར་རྒྱས་དང༌། ཁེ་ཕན། འདྲ་མཉམ་བཅས་བསྐྲུན་རྒྱུའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ྋགོང་ས་མཆོག་གིས་ཐུགས་མོས་ཆེན་པོ་གནང་གི་ཡོད། མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དེས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་གི་ལམ་ལུགས་ངོས་ལེན་གནང་བ་མ་ཟད། “བསམ་འཆར” ནང་འཁོད་པ་ལྟར། ད་ཡོད་རང་སྐྱོང་གི་ཆ་རྐྱེན་ལག་བསྟར་བྱེད་ཕྱོགས་འདིས་བོད་མིར་རང་སྐྱོང་མིང་དོན་མཚུངས་པའམ། རང་སྲིད་རང་སྐྱོང་དང་རང་ཁྱིམ་རང་བདག་བྱ་རྒྱུའི་ཐོབ་ཐང་ཆ་ཚང་སྤྲད་ཐུབ་མེད། ད་ལྟའི་ཆར་བོད་མིའི་བདེ་དོན་དང་འབྲེལ་བའི་ཐག་གཅོད་གལ་ཆེ་བ་རྣམས་བོད་མི་ཚོས་བྱེད་ཀྱི་མེད། ཅེས་བཀོད་འདུག

 

དོན་ཚན་བཞི་པ། རྒྱ་ནག་དབུས་གཞུང་གི་དབང་ཚད་དང་གོ་རིམ་གྱི་གནས་བབ་ལ་གོང་བཀུར་བྱེད་ཀྱིན་ཡོད་སྐོར་བསྟན་དོན། “བསམ་འཆར” དུ་གསལ་བའི་གྲོས་འཆར་ཁག་གི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱ་ནག་དབུས་གཞུང་གི་ལས་ཁུངས་གང་ཞིག་གི་དབང་ཚད་ངོས་ལེན་མ་བྱས་པ་མེད། “བསམ་འཆར” ནང་འཁོད་པའི་གྲོས་འཆར་ཁག་གིས་དབུས་གཞུང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གཙོས་པའི་དེའི་ལས་ཁུངས་ཁག་དང་བོད་ཀྱི་རང་སྐྱོང་ས་གནས་དང་། དབུས་གཞུང་གཉིས་བར་གྱི་གོ་རིམ་ལ་ཆ་འཛིན་ཆ་ཚང་བྱས་ཡོད། རང་སྐྱོང་གི་ཆ་རྐྱེན་བཟོ་རྒྱུའི་རྩ་ཁྲིམས་ཀྱི་དགོངས་དོན་ནི་རང་སྐྱོང་ས་གནས་ཁག་ལ་ཐག་གཅོད་བྱ་རྒྱུའི་དབང་ཆ་ཞིང་ཆེན་དཀྱུས་མ་ལས་ཆེ་བ་སྤྲོད་ཆེད་རེད། འོན་ཀྱང་ཁྲིམས་དང་སྲོལ་ཡིག་ཚང་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་བཀའ་འཁྲོལ་ཐོབ་དགོས་རྩ་ཁྲིམས་དོན་ཚན་ ༡༡༦ པའི་ཆ་རྐྱེན་བཞག་པ་དེས་རང་སྐྱོང་ས་གནས་ལ་སོ་སོའི་གནས་སྟངས་དང་འཚམས་པའི་ཐག་གཅོད་བྱ་རྒྱུའི་དབང་ཆ་རྒྱ་ནག་གི་རང་སྐྱོང་མ་ཡིན་པའི་ཞིང་ཆེན་ཕལ་པ་ལས་ཆུང་བ་ཆགས་ཡོད། གཞུང་རིམ་པ་འདྲ་མིན་གྱི་བར་ཐག་གཅོད་བྱ་རྒྱུའི་དབང་ཆ་དབྱེ་བ་དང་ཆ་བགོས་བྱེད་སྐབས་དབུས་གཞུང་དང་། རང་སྐྱོང་གཞུང་བར་གྲོས་བསྡུར་དང་མཉམ་རུབ་དགོས་པ་གལ་ཆེན་པོ་ཡིན། དེས་ཕྱོགས་གཉིས་བར་གོ་རྟོགས་སྤེལ་ཐུབ་པ་མ་ཟད། སྲིད་བྱུས་དང༌བཅའ་ཁྲིམས། སྲོལ་ཡིག་བཅས་ཀྱི་བར་འགལ་ཟླ་དང་མི་མཐུན་པ་རྣམས་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད། ཅེས་གསལ་འདུག

 

དོན་ཚན་ལྔ་པར་“བསམ་འཆར”ནང་གསལ་བའི་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐད། རྒྱ་གཞུང་གིས་ཐུགས་འཚབ་བྱེད་ཀྱིན་ཡོད་པར་དོགས་སེལ་བྱས་དོན། དང་པོ་མང་ཚོགས་ཀྱི་བདེ་འཇགས་སྐོར། རྒྱལ་ཁབ་ཀྱི་རྒྱལ་སྲུང་དང་མང་ཚོགས་ཀྱི་བདེ་འཇགས་གཉིས་ནི་གནད་དོན་ཐ་དད་པ་གཉིས་རེད། འདིའི་ཐད་ྋགོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་ནི་གསལ་པོ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་གི་ལས་འགན་དབུས་གཞུང་ལ་ཡོད་པ་མ་ཟད། ཡོད་དགོས་པའང་བཞེད་ཀྱིན་ཡོད། “བསམ་འཆར” ནང་། མང་ཚོགས་ནང་ཁུལ་གྱི་སྒྲིག་ལམ་དང་བདེ་འཇགས་སྐོར་དམིགས་སུ་བཀར་ནས་བཀོད་ཡོད་པ་དང༌། བདེ་འཇགས་མི་སྣའི་ཁོངས་མང་ཆེ་བ་བོད་རིགས་ཡིན་དགོས་པ་དོན་གནད་གལ་ཆེན་པོར་བརྩིས་ཡོད། སྐབས་འདིར་ཡང་བསྐྱར་གནད་དོན་ནན་བརྗོད་དགོས་པ་ཞིག་ལ། བོད་རིགས་ས་ཁུལ་ནས་མི་དམངས་བཅིངས་འགྲོལ་དམག་ཕྱིར་འཐེན་བྱེད་རྒྱུའི་སྐོར་ “བསམ་འཆར” ནང་གཏན་ནས་མེད།

 

གཉིས་པ་སྐད་ཡིག་སྐོར། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང༌། བེད་སྤྱོད། ཡར་རྒྱས་གཏོང་རྒྱུ་ནི་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཉམས་སུ་མྱོང་པའི་གནད་དོན་གཙོ་གནད་ཆེ་བའི་གྲས་ཤིག་རེད། བོད་རིགས་ས་ཁུལ་རྣམས་ཀྱི་སྐད་ཡིག་གཙོ་བོའམ་ཨ་མ་བོད་ཡིག་བྱ་རྒྱུའི་གལ་འགངས་ནན་བརྗོད་བྱེད་པ་དེ་རྩོད་གཞི་ཅན་གང་ཡང་མ་རེད། “བསམ་འཆར” ནང་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་དགོས་སྐོར་མ་འཁོད་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྐད་གཙོ་བོ་དེ་ཕྱིར་འཕུད་གཏོང་རྒྱུ་ལྟ་བུའི་འགྲེལ་བརྗོད་མེད། གནད་དོན་འདི་དང་འབྲེལ་བའི་ཐུགས་སྣང་དགོས་པ་ཞིག་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་ནང་རྒྱ་ཡིག་སློབ་གཉེར་བྱེད་པར་སེམས་སྐུལ་གཏོང་རྒྱུའི་ལས་དོན་མགོ་ཚུགས་ཟིན།

 

གསུམ་པ་ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་སྐོར། “བསམ་འཆར” ནང་ས་གནས་རང་སྐྱོང་སྲིད་གཞུང་ལ་ས་ཁུལ་གཞན་ནས་བོད་རིགས་ས་ཁུལ་རྣམས་སུ་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང༌། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་དགོས་ཚུལ་འཁོད་པ་དེ་ནི་རང་སྐྱོང་གི་སྤྱི་སྲོལ་ཁྱད་ཆོས་ཤིག་ཡིན་པ་ལས། བོད་རིགས་ས་ཁུལ་ཁག་ནང་ཡུན་རིང་འཚོ་སྡོད་བྱེད་པའི་བོད་རིགས་མ་ཡིན་པ་རྣམས་ཕྱིར་འཕུད་གཏོང་ཆེད་མ་ཡིན་པ་ནི་ “བསམ་འཆར” ནང་ཁ་གསལ་པོ་འཁོད་ཡོད། འཇིག་ཉེན་ཆེ་བའི་བོད་ཀྱི་གདོད་མའི་མི་རིགས་རྣམས་སྲུང་སྐྱོབ་བྱེད་ཆེད་གནས་སྐབས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཕྱོགས་མི་དང་ལས་འཚོལ་བ། གཏན་དུ་གཞིས་ཆགས་གསར་པ་བྱེད་མཁན་རྣམས་ཀྱི་སྐོར་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་ཆ་བགོས་བྱ་རྒྱུའི་སྐོར་རེད། ཅེས་དང་།

 

བཞི་བ་ཆོས་ལུགས་ཀྱི་གནད་དོན་སྐོར། བླ་སློབ་བར་གྱི་འབྲེལ་བ་དང་གསུང་ཆོས་གནང་རྒྱུ་སོགས་ནི་ཆོས་ཉམས་ལེན་བྱེད་པའི་ཆ་ལག་གལ་ཆེན་ཞིག་རེད། དེ་དག་ལ་འགོག་རྐྱེན་བཟོས་པ་ནི་ཆོས་དད་རང་དབང་རྩིས་མེད་བཏང་བ་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༨ ཉིན་གཏན་འབེབས་བྱས་པའི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་ལྟ་བུ་བླ་མའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད། གཞུང་དང་གཞུང་གི་སྒྲིག་འཛུགས་ཁག་ནས་ཐེ་བྱུས་བྱས་པ་ནི་རྩ་ཁྲིམས་སུ་གསལ་བའི་ཆོས་དད་རང་དབང་དང་ཡོངས་སུ་འགལ་བའི་བྱ་བ་ཚབས་ཆེན་ཞིག་ཆགས་ཡོད། ཆོས་ཀྱི་བྱ་བ་ནི་དར་ཁྱབ་ཤིན་ཏུ་ཆེ་བས་བོད་མིའི་གཞི་རྩའི་གནད་དོན་ཆགས་ཡོད། འབྲེལ་ཡོད་དབང་འཛིན་པ་ཚོས་ནང་ཆོས་ཉམས་ལེན་བྱ་རྒྱུ་དེ་ཉེན་ཁའི་ངོ་བོར་མི་བལྟ་བར་དེ་ལ་བརྩི་འཇོག་གནང་དགོས།

 

ལྔ་བ་རང་སྐྱོང་འཛིན་སྐྱོང་གཅིག་གནད་དོན་སྐོར། བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་ནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་མི་ཚོས་ཞེ་གཏིང་ནས་སོ་སོའི་རང་སྐྱོང་དེ་མི་རིགས་ཤིག་གི་རང་སྐྱོང་གི་ངོ་བོར་ལག་བསྟར་ཐུབ་ཐབས་དང༌། དེ་འབྲེལ་རང་གི་ལེགས་བྱང་དང་ནང་དོན་རིག་པའི་རིན་ཐང་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་ཆེད་རེད། བོད་མིའི་སེམས་འཚབ་བྱེད་གཞི་བོད་རིགས་གཅིག་གྱུར་བྱ་རྒྱུ་དེ་ཡིན་པས་ “བསམ་འཆར” ནང་དེ་དག་ལ་བརྩི་བཀུར་ཞུས་ཡོད་ཅིང༌། ད་ལྟ་དུམ་བུར་བགོས་ནས་དབང་སྒྱུར་བྱེད་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་པས་གོང་གསལ་དགོས་མཁོ་རྣམས་བསྒྲུབ་མི་ཐུབ། ད་ལྟ་ཞིང་ཆེན་གཞན་གྱི་ནང་ཟླ་སྒྲིལ་བཏང་བའི་བོད་རིགས་རང་སྐྱོང་ཁུལ་དང་རྫོང་བཅས་སུ་གནས་པའི་བོད་མི་རྣམས་ཀྱང་མི་རིགས་གཅིག་ཡིན། བོད་མི་ཚོས་བོད་རིགས་རང་སྐྱོང་ས་ཁུལ་རྒྱ་སྐྱེད་བྱ་དགོས་ཞུས་མེད། ཇི་སྲིད་བོད་མི་རྣམས་འཛིན་སྐྱོང་གཅིག་གི་འོག་རང་སྲིད་རང་སྐྱོང་བྱ་རྒྱུའི་གོ་སྐབས་མ་བྱུང་བ་དེ་སྲིད་ཀྱི་བར་བོད་མིའི་ལེགས་བྱང་དང་འཚོ་སྡོད་བྱེད་སྟངས་སྲུང་སྐྱོབ་ལག་བསྟར་འཐུས་ཚང་ཡོང་ཐབས་མེད།

 

དྲུག་པ་ཆབ་སྲིད་དང༌སྤྱི་ཚོགས་དཔལ་འབྱོར་བཅས་ཀྱི་ལམ་ལུགས་སྐོར། མ་འོངས་པར་རང་སྐྱོང་གི་བོད་ནང་བོད་མིའི་སྤྱི་ཚོགས་དང༌། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ལམ་ལུགས་མུ་མཐུད་ཡར་རྒྱས་གཏོང་འདོད་ལས་འདས་པའི་དུས་རབས་སུ་བསྐྱར་ལོག་བྱ་འདོད་མེད། དངོས་དོན་དང་མི་མཐུན་བཞིན་དུ་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ལམ་ལུགས་རྙིང་པ་བསྐྱར་གསོ་བྱ་འདོད་ཡོད་ཚུལ་གྱི་ཉེས་འཛུགས་མུ་མཐུད་ཨུ་ཚུགས་བྱེད་པ་ནི་གཞི་མེད་སུན་གཙེར་དང་མི་གཞན་མགོ་རྨོངས་སུ་འཇུག་གཞི་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོ་ཡང་རྒྱ་ནག་གི་འཛིན་སྐྱོང་འོག་སྤྱི་ཚོགས་དང༌། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་གྱི་གནས་སྟངས་བཅས་ཡར་རྒྱས་གང་ཙམ་ཕྱིན་ཡོད་པ་གསལ་པོ་རེད། འོན་ཀྱང་བོད་མིའི་འཚོ་བའི་གནས་སྟངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ད་དུང་ཡང་རྗེས་ལུས་ཆེ་གྲས་སུ་གནས་ཡོད་པ་དང༌། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོབ་མེད། ཅེས་བཀོད་འདུག

 

དོན་ཚན་དྲུག་པ། རྒྱ་གཞུང་གིས་ངོས་འཛིན་དགོས་པའི་གཞི་རྩའི་གནད་དོན་བསྟན་དོན། ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོར་སྒེར་གྱི་གནད་དོན་དང་འབྲེལ་བའི་རེ་འདུན་ཞུ་དགོས་སྣེ་གཅིག་ཀྱང་མེད། ྋགོང་ས་མཆོག་གིས་བོད་མི་མང་གི་མགྲིན་ཚབ་པ་གནང་སྟེ་བཀའ་མོལ་གསུང་གི་ཡོད་པ་དང༌། ྋགོང་ས་མཆོག་ལ་བོད་མི་མང་གིས་ཡིད་ཆེས་དང་ཕན་ཚུན་བྱུང་རབས་རང་བཞིན་ཅན་གྱི་འབྲེལ་བ་གཏིང་ཟབ་ཡོད། ྋགོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུའི་གནད་དོན་ཐད་བོད་མི་ཡོད་དོ་ཅོག་བསམ་པ་གཅིག་མཐུན་ཡིན། བོད་མི་ཚོས་ྋགོང་ས་མཆོག་བོད་མིའི་ངོ་ཚབ་དང་རང་གི་མགྲིན་ཚབ་ངོ་མར་ངོས་འཛིན་བྱེད་ཀྱིན་ཡོད། ྋགོང་ས་མཆོག་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་ཡིན་པ་དེ་ནི་རྩོད་གཞི་ནམ་ཡང་མེད་པ་ཞིག་ཡིན། དེར་བརྟེན་ྋགོང་ས་མཆོག་དང་མཉམ་གྲོས་མོལ་བྱེད་པའི་ལམ་ཁོ་ནའི་བརྒྱུད་བོད་ཀྱི་གནད་དོན་འགྲིག་ཆགས་ཐུབ་རྒྱུ་ཡིན་པའི་བདེན་དོན་ངོས་འཛིན་གནང་གལ་ཆེ། བོད་ཀྱི་མ་འོངས་པའི་གནས་སྟངས་སྐོར་འགྲིག་ཆགས་བྱུང་ཕྱིན་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱ་རྒྱུ་དང༌། བོད་ཀྱི་རྩ་བའི་འགན་འཁུར་བོད་ནང་ལས་ཀ་བྱེད་མུས་རྣམས་ནས་རྐང་འགན་ལེན་དགོས། ྋགོང་ས་མཆོག་གིས་བོད་ནང་ཆབ་སྲིད་ཀྱི་སྐུ་དབང་གང་ཡང་བཞེས་རྒྱུ་མིན་པ་ལན་མང་གསུངས་ཡོད། ཅེས་དང་།

 

དོན་ཚན་བདུན་པ། ྋགོང་ས་མཆོག་གི་མཐུན་འགྱུར་གནང་ངེས་སྐོར་བཀོད་དོན། གོང་དུ་ངོས་འཛིན་ཞུས་པའི་གནད་དོན་རྣམས་ཀྱི་ཐོག་ྋགོང་ས་མཆོག་གི་བཞེངས་ཕྱོགས་དང་དགོངས་ཚུལ་ཅི་ཡིན་ལ་རྒྱ་ནག་དབུས་གཞུང་གི་དོགས་པ་དང་ཐུགས་འཚབ་རྣམས་བསལ་ཆེད། ྋགོང་ས་མཆོག་སྐུ་དངོས་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་འཐུས་གསུངས་ཟིན་པ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད། དེ་འདྲའི་བསྒྲགས་གཏམ་དེས་རྒྱ་ནག་དབུས་གཞུང་དང་བོད་མིའི་གཞི་རྩའི་དགོས་མཁོ་གཉིས་ཀ་འདོད་བློ་ཚིམས་ངེས་ཡོང་ཆེད། ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་བར་གྲོས་བསྡུར་ཞིབ་ལྷུག་གནང་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་གཞིར་བཟུང་བོད་མིའི་ཁེ་ཕན་ཁག་ལ་མོས་མཐུན་ཡོང་རྒྱུའི་ཡིད་ཆེས་ཀྱིས་ྋགོང་ས་མཆོག་ནས་འབད་བརྩོན་འདི་དག་གནང་གི་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོས་ “བསམ་འཆར” དང༌། འགྲེལ་བརྗོད་འདིས་བསྐྲུན་པའི་གོ་སྐབས་དམ་འཛིན་གྱིས་མདུན་བསྐྱོད་དང་གཉིས་མོས་ཡོང་ཆེད། གྲོས་བསྡུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 26

  1. གཉན་དགེ་ says:
    ལོ་ 15 སྔོན།

    ༄༅།། དེང་སྐབས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདིའི་ནང་དམངས་གཙོའི་རང་དབང་ཆེ་
    བས་མི་རྣམས་ལ་བསམ་བློ་དང་།སྨྲ་བརྗོད་རང་དབང་ཡང་ཚད་མཐོ་པོ་ཞིག་ཏུ་སླེབས་ཏེ་བོད་
    ཀྱི་སྐད་ཡིག་འདི་ལ་བཅོས་སྒྱུར་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་ཁ་ཤས་མཐོང་། ཁོ་ཚོའི་རྒྱུ་མཚན་ནི་བོད་ཡིག་དང་ཁ་སྐད་མི་མཐུན་ཅིང་། ད་དུང་ལས་དང་པོ་བར་ཆེས་ དཀའ་ཞིང་རྙོགས་འཛིང་ཆེ་བས་དེང་དུས་དང་མི་མཚམས་པ་སོགས་འགྲེལ་བཤད་མང་དག་ཞིག་བྱེད་བཞིན་འདུག །འདི་དག་ལ་ཁོ་བོས་བསམ་ཞིག་ནན་པོ་བྱེད་སྐབས་རྒྱུ་མཚན་ཡང་
    དག་ཏུ་མ་མཐོང་།དང་པོ་གང་ལགས་ཅེ་ན་ཡིག་སྐད་དང་ཁ་སྐད་མི་མཐུན་པ་དབྱིན་ཡིག་དང་།
    རྒྱ་སྐད་ནང་དུའང་འདུག་ན་སུས་ཀྱང་སྐད་ཡིག་དེ་དག་དག་བཅོས་དགོས་པ་ཟུར་ཙམ་གླེང་
    མཁན་འདུག་གམ། གཉིས་པ་གང་ཟག་རེ་ཟུང་ལ་དཀའ་བས་སྒྱུར་བཅོས་བྱེད་དགོས་ན་ཧ་
    ཅང་ཐལ་ཏེ། རང་ཉིད་ཀྱི་སྦྱང་བརྩོན་གྱིས་ནུས་པས་མ་འདང་བའི་རྐྱོན་ལས་གཞན་ལ་ཁག་
    དཀྲི་བྱེད་ན་ལྐུགས་པ་ཡིན་། འོ་ན་རང་ཅག་ནང་པ་སངས་རྒྱས་པའི་ཆོས་འདི་ཡང་གང་ཟག་
    འགའ་རེར་ཤིན་ཏུ་ནས་གོ་དཀའ་བས་དེས་ན་སངས་རྒྱས་པའི་ཆོས་འདི་ཡང་བཅོས་སྒྱུར་བྱེད་
    དགོས་སམ། རང་རེ་གངས་ཅན་པའི་སྐད་ཡིག་འདི་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་
    སྤྲུལ་བཀའ་དྲིན་ཅན་གྱི་མཁས་གྲུབ་ལོ་པཎ་རྣམས་ཀྱིས་སྲེག་བཅད་བརྡར་གསུམ་གྱིས་ཡང་
    དག་པར་ལེགས་པར་གཏན་ལ་ཕབ་པའི་གསེར་སྦྱང་གཙོ་མར་དམ་སེལ་གཡའ་ཡིས་མ་གོས་
    པའི་ནོར་བུ་རིན་ཐང་དང་བྲལ་བ་ཞིག་ཡིན་པ་མ་ཤེས་པར་རང་ཉིད་སོ་སྐྱེ་ཐ་མལ་པ་ཐ་ན་སོ་སོའི་ཚེ་འདིའི་ལྟོ་གོས་འཚོལ་བའི་ཁ་ཐབས་དེ་ཙམ་ལས་མེད་པར་མཁས་འདོད་དང་འཇོན་
    ལྡོག་གིས་བོད་ཀྱི་སྐད་ཡིག་བཅོས་སྒྱུར་སུས་བྱེད་དམ། དེ་ལས་བོད་ཀྱི་ཕྱི་ལོག་ཏུ་ཡོད་པའི་ བོད་མི་ཕལ་མོ་ཆེས་རྒྱུན་དུ་བོད་སྐད་ར་མ་ལུགས་བེད་སྤྱོད་བྱེད་ཀྱི་འདུག་ན་དེར་ངེས་པར་དུ་བཅོས་སྒྱུར་བྱས་ན་ཅིས་མི་ལེགས། རང་ཅག་གི་ནོར་བུ་རང་ལག་ཏུ་ཡོད་བཞིན་པ་འདིར་དོ་
    བདག་སོ་སོ་རང་ཉིད་ཀྱིས་སྦྱངས་བརྩོན་དང་། གཅེས་སྲུང་ལེགས་པར་བྱས་ན་འདིར་མ་ཚང་
    བ་མེད་ཅིང་། འདིས་ནམ་ཡང་བསླུ་བར་མི་སྲིད་དོ། ཐུགས་རྗེ་

    Reply
  2. ཚེར་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་ཀྱིས་གཟིགས་དང་དོན་འགྲུབ་བཀྲ་ཤིས་ཀྱིས་བསམ་འཆར་གསལ་བཤད་ཀྱི་ནང་དོན་ལ་འཁྱོག་བཤད་བྱེད་ཀྱི་འདུག

    Reply
  3. གྲྭ་རྒོད says:
    ལོ་ 15 སྔོན།

    ངས་ལོ་རྒྱས་མ་ཤེས་པ་དང་ལོ་རྒྱས་ཡོད་པ་མེད་རེད་ཟེར་བ་གཏན་ནས་མིན་ལོ་རྒྱས་ཐོག་རང་བཙན་ཡིན་ཡང་ད་ལྟས་བོད་ཀྱི་གནས་བབས་ལ་ལྟ་ཤེས་དགོས་རེད་མ་གཏོགས་རྗེས་སྐྱོང་ཁག་པོ་རེད་གལ་སྲིད་རྗེས་སྐྱོང་བ་ལ་གྲ་སྒྲིག་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ།རང་བཙན་རྩོད་པ་ལ་གྲ་སྒྲིག་གང་དང་གང་ཡོད་དམ་ཤེས་ཚུལ་ཐོག་གང་འདྲ་ཡོད་དམ།བློ་ཁེལ་ཐུབ་པའི་མི་ག་ཚོད་ཡོད།སློབ་སྤྱོང་མེད་ན་ལམ་ཁ་མེད་ཤེས་སོང་ངམ།སྒེར་སེམས་ཀྱི་བྱ་འགལ་ཇི་ལྟར་སྤེལ་ཀྱང་སྤྱིའི་དོན་ལ་ལམ་འགྲོ་རྒྱུན་སྐྱོང་ཡང་དཀའ་བ་དེ་ཚོ་ཤེས་སམ།གྲ་སྒྲིག་མེད་པའི་ཁ་བཤད་ཙམ་གྱི་བོད་སྤྱིའི་དོན་ལ་ནོར་འཁྲིལ་མ་བཟོ་རོགས།ཐུགས་རྗེ་གཟུགས།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ( བསམ་འཆར་ཡིག་ཆའི་རྩ་འགྲེལ་ཁས་ལེན་དོན་ཚན་བདུན། )
    ༡ ༽ རྒྱ་གཞུང་གིས་ང་དགུ་ལོར་བོད་ཡུལ་བཙན་འཛུལ་བྱས་པ་དང་། ད་ལྟ་བཙན་བཟུང་བྱས་ཡོད་པའི་ཁྲིམས་འགལ་གྱི་གནས་བབ་དེ། ༧གོང་ས་མཆོག་གིས་ཐབས་ལམ་གང་རུང་ཐོག་ནས་རྒྱལ་སྤྱིར་ཁྲིམས་མཐུན་བཟོ་རྒྱུ་ཡིན་པའི་ཁས་ལེན།
    ༢ ༽ བོད་རིགས་ཡོངས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ས་ཁུལ་མི་རིགས་རང་སྐྱོང་བཅའ་ཁྲིམས་གཉིས་ཚུལ་བཞིན་བརྩི་སྲུང་ཁས་ལེན་བསྐྱར་ནན།
    ༣ ༽ བོད་ནང་ལ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་ཁས་ལེན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་རྒྱུན་འཁྱོངས་ཁས་ལེན། ས་ཁུལ་མི་རིགས་རང་སྐྱོང་བཅའ་ཁྲིམས་རྒྱུན་འཁྱོངས་ཁས་ལེན།
    ༤ ༽ ད་ཡོད་བོད་ཁུལ་གྱི་ཀྲུང་གོའི་བཅིངས་འགྲོལ་དམག་ཕྱིར་འཐེན་བྱ་མི་དགོས་པའི་ཁས་ལེན།
    ༥ ༽ བོད་ནང་ཡུན་རིང་འཚོ་སྡོད་བྱས་ཡོད་པའི་མི་རིགས་གཞན་དག་སྔར་བཞིན་འཚོ་སྡོད་ཆོག་པའི་ཁས་ལེན།
    ༦ ༽ བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་རྒྱ་ཡིག་ཁྲིད་སྤེལ་གྱི་ལམ་སྟོན་གནང་རྒྱུ་ཁས་ལེན།
    ༧ ༽ གོང་གི་ཁས་ལེན་དག་གི་ཐད་༧གོང་ས་མཆོག་ལ་བཞེངས་ཕྱོགས་གང་ཡོད་རྒྱ་གཞུང་ལ་དོགས་པ་ཡོད་ན། གོང་ས་མཆོག་གིས་ཡོངས་ཁྱབ་ཀྱི་དོགས་སེལ་བསྒྲགས་གཏམ་སྤེལ་ཆོག་པའི་ཁས་ལེན།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ད་གང་ཤེས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དམིགས་ཡུལ་གང་ཞིག་ཡོད་ན་
    ཟླ་བ་སྔོན་མ་ཨ་རི་ནེའུ་ཡོག་ཁུལ་དུ་ལི་ཐངས་སྐྱིད་སྡུག་ཚོགས་པའི་ ཚོགས་གཙོའི་ཚྭ་བོ་ཞིག་གིས་འཁྲུང་ས་སྐྱོན་དུས་ ༢༠༠༨་བརྒྱད་ལོའི་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་ཤུགས་ལྡན་ཚོགས་པའི་མི་གང་མང་མང་ཞིག་སྐད་གཏང་ཡོད་པ་དང་ སྐུ་མགྲོན་གཙོ་བོ་ཨ་རི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཚོགས་གཙོ་རེད་ བསྐབ་དེ་དུས་ལི་ཐངས་གིས་མི་ཚང་མའི་ མག་པ་དང་རྣ་མ་གཉིས་ལ་བཀྲ་ཤིས་ཁ་དར་མ་གཏང་བ་ལོགས་འགྲོ་དུས་ སྡེ་དགེ་བ་མི་མང་པོ་ཞིག་གི་ལི་ཐང་བ་ལ་བློ་ཁོག་མེད་རབ་དང་ང་ཚོ་ཁམ་པའི་ཞབས་འདྲེན་ཞུ་གུ་མིན་ཟེར་ནས་རང་ཉིད་གྲོགས་པོ་དང་ངེ་ཤེས་པ་ཚོ་སྐད་གཏང་ནས་ཤུགས་ལྡན་ཚོགས་པ་ལ་བརྒྱབ་སྐྱོར་གང་བཟང་བཟང་ཞིས་བྱེད་རབ་ ནེའུ་ཡོག་ཁུལ་དུ་ཡོང་གྲགས་རེད་ ད་འདི་ལ་འབྲེལ་བཤད་གང་འདྲ་ཞིག་ཡོད་ན་

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་གི་ཚོགས་མི་ཡོངས་ལ་ཆེད་ཞུ།ཁྱེད་ཅག་གི་བོད་དོན་ལ་བསམ་ཤེས་ཡག་པོ་ཞིག་བྱེད་པའི་དུས་ལ་སླེབ་ཡོད་གང་ཡིན་ཞེ་ན།བོད་ཀྱི་ད་ལྟས་གནས་ལ་གཟུགས་དང་གང་འདྲ་འདུག་མཐོང་ཡོད་དམ།བོད་རང་བཙན་དེ་ང་ཚོ་བོད་ཀྱི་ད་ལྟས་གནས་སྟིང་ལ་དེ་ཡོངས་གི་རེ་བསམ་པ་དེ་ནོར་བ་ཁོ་ན་རེད།གལ་སྲིད་བོད་རང་བཙན་རྩོད་ཀྱི་ཡིན་ན་ཇི་ལྟར་རྩོད་།ཐབས་གང་ཡོད།རྒྱལ་ཁབ་ཇི་ལྟར་སྐྱོང་ཤེས་ཡོན་གང་འདྲ་ཡོད།དཔལ་འབྱོར་གང་འདྲ་ཡོད་སྐྱོངས་ཐུབ་དམ།གླེན་རྟགས་གི་ཕན་ཐོག་མེད།དོན་ངོས་ལ་གང་འདྲ་ཡིན་པ།ང་ཚོ་ལ་ལྐོག་དུ་གྱུར་མེད་པ་ཕྱི་གསལ་ནང་གསལ་ཡིན་པ།བོད་ས་ཡོངས་གཅིག་གྱུར་ཡོངས་པ་ལ་འགལ་རྐྱེན་རང་གི་མི་རིགས་གིས་ཇི་ལྟར་བྱེད།མི་རིགས་གཞན་ལ་ངོ་ཚ་ཡོད་དམ།བོད་ཀྱི་དབའ་བོ་དབའ་མོ་ཚོས་བསམ་བློའི་ནང་བོད་རང་བཙན་ཡིན་ཁོང་ཚོ་བོད་རང་བཙན་གྱི་ཆེད་དུ་རང་སྲོག་ཤོར་བ་རེད་ཟེར་བ་ཡིན་ན་ནོར་བ་རེད་ཟེར་ཐུབ།དེ་གང་ཡིན་ཞེ་ན་བོད་ནང་དུ་༧གོང་ས་མཆོག་གི་གསུང་དངོས་སུ་གོ་མཁན་ཉུང་ཉུང་ཞིག་ལས་མེད་པ་དང་གཞན་བཙན་བྱོལ་བོད་གཞུང་གི་སྒྲོགས་ཚིག་གཅིག་གྱུར་ཞིག་གཏན་ལ་མ་འཕེབ་པས་རྐྱེན་བྱས་ངོ་རྒོད་སྐབས་ཐམས་ཅད་ལ་བོད་རང་བཙན་ཡིན་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབ་དགོས་ཞེས་སྐད་འབོད་བྱས་ཡོད།འོན་ཀྱང་ཁོང་ཚོ་༧གོང་ས་མཆོག་གི་གསུངས་པའི་དབུ་མའི་ལམ་གི་ཁ་ཕྱོགས་ལ་འགྲོ་བ་གཏན་ཁེལ་བྱེད་ཐུབ་གི་རེད་ལ་དེ་ལ་ཡིད་ཆོས་ཡང་ཡོད་རེད།ཁྱོད་ཚོས་འབྲེལ་ལོག་མང་དག་ཞིག་མ་གནང་རོགས་ཞུ།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཁྱེད་ཅོ་རི་མུན་པ་ཆགས་སོང་ན་ཡག་མི་འདུག་བསམ་ནས་ཁྱེད་ལ་རོགས་རམ་ཅུང་ཟད་བྱས་པ་ཡིན།
    ནོར་ བཅོས
    གོ་བརྡ་འཕྲད་་་་་་་་་་་་་་་་་་་་་་་་་་་་་་་གོ་བརྡ་འཕྲོད
    ཐག་ཆད་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐག་ཆོད
    བྱེད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱས་ན
    བསྡུ་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བསྡུར་ན
    ཉན།༔ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཉན།
    ཚིག་འབྲི་་་་་་་་་་་་་་་་་་་་་་་་་་་་་་་་་་ ཚིག་འབྲུ
    འབྲི་༦ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་འབྲུ་༦
    དགོད་སྤྲོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོད་བྲོ
    མ་བྱེད་པས་་་་་་་་་་་་་་་་་་་་་་་་་་་་མ་བྱས་པས
    ད་དུང་ཚིག་སྦྱོར་མི་བདེ་བ་དང་། ཕྲད་དང་རྣམ་དབྱེ་སྦྱར་མ་ཤེས་པ་སོགས་འདིར་བྲིས་མེད་ལགས། སྤྱིར་ཡི་གེ་འབྲི་མ་ཤེས་ན་ཨུ་ཚུགས་བྱས་དེ་འདིར་འབྲི་དོན་ཅི་ཡིན། དང་པོ་བོད་སྦྱངས་ནས་ད་གཟོད་ཡི་གེ་བྲིས་ན་ཡག་པོ་རེད།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ། ཅོ་རི་མུན་པ།
    ནོར་ བཅོས
    གོ་བརྡ་འཕྲད གོ་བརྡ་འཕྲོད
    ཐག་ཆད ཐག་ཆོད
    བྱེད་ན བྱས་ན
    བསྡུ་ན བསྡུར་ན
    ཉན།༔ ཉན།
    ཚིག་འབྲི ཚིག་འབྲུ
    འབྲི་༦ འབྲུ་༦
    དགོད་སྤྲོ དགོད་བྲོ
    མ་བྱེད་པས མ་བྱས་པས
    ད་དུང་ཚིག་སྦྱོར་མི་བདེ་བ་དང་། ཕྲད་དང་རྣམ་དབྱེ་སྦྱར་མ་ཤེས་པ་སོགས་འདིར་བྲིས་མེད་ལགས་

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མཆན་འདེབས་པ་གསར་པ་བློ་བཟང་ཐུབ་བསྟན་ལགས།
    ཁྱེད་ཀྱི་དག་ཆ་ནོར་འདུག་གསུངས་མཁན་ཚོ་བདེན་པ་རེད། ཡིན་ནའང་གོ་བརྡ་འཕྲད་ཐུབ་ཀྱིན་འདུག ང་ཅོ་རི་ཡང་དག་ཆ་སྐྱོ་ཐག་ཆད་ཅིག་ཡིན།
    གཟབ་གཟབ་བྱེད་ན་ཡར་རྒྱས་འགྲོ་བ་སྐད་རིགས་གཞན་དང་བསྡུ་ན་བོད་ཡིག་ཡར་འགྲོ་བ་མགྱོགས་པོ་རེད་འདུག སེམས་ཤུགས་ཆག་མི་ཉན།༔
    ཁྱེད་ཀྱི་མཆན་མཐའ་མ་དེའི་ནང་དུ་ཚིག་འབྲི་༧༥བྲིས་འདུག་ཡིག་ནོར་ཚིག་འབྲི་༦་བྲིས་འདུག་པ་མཐོང་།

    ནོར་བ། བཅོས་པ།
    བཉིས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཉིས།
    ཞུ་རྒྱ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞུ་རྒྱུ།
    རྣམས་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྣམ་པ།
    མཐུམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཐུན་རྐྱེན
    ཧཧཧཧཧཧཧཧཧཧ་ངས་ཁྱེད་ལ་བོད་ཡིག་སློབ་མདོག་འདི་ཅི་འདྲའི་དགོད་སྤྲོ་བ་ལ་ཨང། མ་གཞི་ནས་ཁྱེད་བོད་ཡིག་མི་ཤེས་མཁན་རེད་མི་འདུག་སྙམ། ཡུན་རིང་བེད་སྤྱོད་མ་བྱེད་པས་དག་ཆ་བརྗེད་པ་རེད།

    Reply
  10. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    སྟོབས་ལགས་དང་ནོར་བུ་རྒྱལ་མཚན་ལགས་བཉིས་ལ་ཞུ་རྒྱ་ཁྱེད་རྣམས་པ་གཉིས་
    ཀྱི་ང་ལ་ཡིག་ནོར་མང་པོ་འདུག་གསུང་པ་གུས་པ་ལ་ཕེན་ཐོགས་ཧ་ཅང་ཆེནཔོ་
    འདུག་གལ་ཏེ་ཁྱེད་རྣམས་པ་གཉིས་ལ་དུས་ཚོད་ཡོད་ན་ནོར་བཅོས་ཞིག་གནང་
    རོགས་
    གུས་པ་སྡོད་གནས་བོད་པའི་སྤྱི་ཚོགས་ཞིག་མིན་པའི་བོད་ཡིག་འབྲི་བའི་མཐུམ་
    རྐྱེན་དག་གསར་སོགས་གང་ཡང་མེད་

    Reply
  11. སྟོབས་ says:
    ལོ་ 15 སྔོན།

    དྲྭ་གྲོགས་སྤྱི་ལ་དྲི་བ་ཞིག་འདྲི་ན་འདོད་སོང་ ། བོད་མི་སྤྱིའི་རྩ་དོན་ལ་སྤྱི་མོས་བྱུང་བའི་ལམ་དབུ་མ་དང་ཡང་ན་ཚད་མཐོ་བའི་རང་སྲིད་རང་སྐྱོང་ལ་མོས་མཐུན་མེད་ཟེར་མཁན་གཞོན་ནུ་ཚོགས་པ་ནི་ཁོང་ཚོའི་རྩ་བའི་སྒྲིག་འཛུགས་རེད་ཡིན་ནའང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཀྱང་བོད་ཀྱི་ས་ཁུག་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་དུ་སྐྱོད་དགོས་ཟེར་བ་ལ་མོས་མཐུན་མེད་ཟེར་ནས་མཆན་ཞིག་བྲིས་འདུག ༾ ལམ་དབུ་མ་ལ་མོས་མཐུན་མེད་ཟེར་མཁན་མང་དུ་སོང་ན་༾ ? བོད་ཀྱི་རྩ་དོན་འགྲུབ་པ་ལ་ཐག་ཉེ་རུ་འགྲོ་བ་དང་རིང་རུ་འགྲོ་བ་གཉིས་ལ་ཕན་གནོད་གང་ཡོང་ཀི་རེད་? ཞེསདགོངས་ཚུལ་ཞིག་གསུང་རོགས

    Reply
  12. གྲྭ་རྒོད says:
    ལོ་ 15 སྔོན།

    འོ་ཁྱེད་ཅག་གི་བཤད་པ་དེ་ཚོ་ཡག་པོ་རེད་ལོ།བོད་ས་ཡོངས་གཅིག་གྱུར་ཡོངས་ཐུབ་ལ་ཚང་མའི་ཤུགས་སྣོན་བྱེད་དགོས་རེད།ཆོལ་གསུམ་ཟེར་བའི་མིང་འདི་བེད་སྤྱད་མ་གཏོང་རོགས་ཞུ།འདི་བོད་ས་ཡོངས་གི་མི་རིགས་རེ་རེ་ཡི་སེམས་ཁམས་དཀྲུག་བྱེད་ཞིག་ཡིན་ལུང་ཚན་མི་ཚན་དཀྲུག་པའི་གཞི་མ་ཞིག་ལས་མེད།དེ་ཤེས་གསལ་ཡིན་པ་ལ་རྒྱབ་སྐྱོར་བྱེད་དོན་མེད།ཤེས་སོང་བ།

    Reply
  13. གྲྭ་རྒོད says:
    ལོ་ 15 སྔོན།

    འོ་ཁྱེད་ཅག་གི་བཤད་པ་དེ་ཚོ་ཡག་པོ་རེད་ལོ།བོད་ས་ཡོངས་གཅིག་གྱུར་ཡོངས་ཐུབ་ལ་ཚང་མའི་ཤུགས་སྣེན་བྱེད་དགོས་རེད།ཆོལ་གསུམ་ཟེར་བའི་མིང་འདི་བེད་སྤྱད་མ་གཏོང་རོགས་ཞུ།འདི་བོད་ས་ཡོངས་གི་མི་རིགས་རེ་རེ་ཡི་སེམས་ཁམས་དཀྲུག་བྱེད་ཞིག་ཡིན་ལུང་ཚན་མི་ཚན་དཀྲུག་པའི་གཞི་མ་ཞིག་ལས་མེད།དེ་ཤེས་གསལ་ཡིན་པ་ལ་རྒྱབ་སྐྱོར་བྱེད་དོན་མེད།

    Reply
  14. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཧ་ཧ་་ཧ་ཧ་བློ་བཟང་ཐུབ་བསྟན་ལགས་དག་ཡིག་མེད་ན་ང་ལ་དུས་བབ་ཚང་གི་
    གཅིག་སྤྲད་སོང་དེ་སོང་ཉིན་ཁྱོད་རང་ལ་གཡར་ལོ།

    Reply
  15. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ལ་བསྟུན་ཅི་ཐུབ་བྱས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ལ་གཞི་འཛིན་ས་ཡོད་ནི་མ་རེད་ཚང་མ་རྫུན་མ་རེད།

    Reply
  16. སྟོབས་ says:
    ལོ་ 15 སྔོན།

    བློ་བཟང་ཐུབ་བསྟན་
    མཆན་བྲི་དུས་དག་ཡིག་གསར་བསྒྲིགས་ཤིག་པང་དུ་བཞག་ནས་འབྲི་རོགས ། ཁྱེད་ཀྱི་མཆན་ཀློག་རྒྱུ་ཧ་ཅིང་དཀའ་ཁག་འདུག །

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྟོབས་ལགས།
    ང་མི་ཉམ་ཆུང་ཞིག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གྲོས་ཆོད་ག་རེ་བཞག་ཡོད་མེད་དང་ཚེ་རིང་བཀྲ་ཤིས་ཀྱི་གོ་ལ་མ་གོ་ལའི་སྐད་ཆ་འདི་མ་གཏོགས་གོ་མ་སོང་ཞུ།

    Reply
  18. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    རྒྱ་མི་གཞུང་འཛིན་པ་ཚོའི་ད་ག་རེས་འགྲིག་ཀྱི་མེད་ནམས།ང་ཚོའི་རང་དོན་བློས་
    བཏང་ནི་ཁས་ལེན་འདི་འདྲ་བྱེད་རུང་ང་ཚོ་མི་བའི་འདུ་ཤེས་བཞག་ནི་བསམ་བློ་
    རྟེན་ནི་བཏང་གི་མི་འདུག།ཤ་ཟ་སྲིན་པོ་ཡིན་ཀྱང་སྙིང་རྗེ་སྐྱེ་བའི་གནས་རེད་
    རྒྱ་མི་གཞུང་འཛིན་པ་ཚོའི་ང་ཚོ་མི་བའི་འདུ་ཤེས་མ་བཞག་པར་དུས་ཀུན་ཏུ་
    དབང་ཡོད་ཀྱང་བཤད་ཀྱི་འདུག།ད་ནི་གཞོན་ནུ་ཚོགས་པ་ལྟ་བ་ལ་ཡིད་སྨོན་
    ཤོར་གི་འདུག་ཨ་།།།།།།།།།།།།།།།།།།།།

    Reply
  19. སྟོབས་ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་
    མདོ་ཁམས་ཆུ་བཞི་སྒང་དྲུག་གི་གྲོས་ཆོད་ཐད་ལ་བསམ་ཚུལ་ཞིག་གསུང་རོགས

    Reply
  20. སྟོབས་ says:
    ལོ་ 15 སྔོན།

    ཚེ་རིང་བཀྲ་ཤིས་གཙོ་བོར་གྱུར་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་་འཐུས་མི་ཡོངས་ལ་ཆོལ་གསུམ་གཅིག་དུ་སྒྲིལ་པའི་རང་སྲིད་དང་བོད་རིགས་ས་ཁུལ་འཛིན་སྐྱོང་གཅིག་ཟེར་བ་ལ་འགྲེལ་བཤད་ཡང་འགྲེལ་དོན་ཚན་བརྒྱ་དང་བརྒྱད་ཅན་ཞིག་འབུལ་དགོས ། དེ་ལྟར་མ་བྱས་ན་གོ་ལོན་རྒྱུ་ཧ་ཅིང་དཀའ་མོ་རེད ། འགྲེལ་བཤད་རྒྱག་མཁན་ཚོས་ཁོང་ཚོ་ལ་འགྲེལ་བཤད་རྒྱག་་ཤེས་དང་སྟུན་ཤེས་མ་བྱས་ན་ལོག་ལམ་དུ་འགྲོ་བ་དང་ཀླད་པ་མཁྲེགས་སུ་འགྲོ་པའི་ཉེན་ཁ་ཡོད་ནི་རེད

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འབྲོག་ཁྱི་ལགས།
    མ་མཇལ་མ་གོ་ཡུན་རིང་སོང་བའི་ཁྱི་ལུས་བདེ་པོ་ཡིན་ནམ། སྔོན་མ་རྒྱ་མི་མནའ་མ་འོད་ཟེར་ལྷ་ལྕམ་ལགས་ཡག་རབས་དང་བཟང་རབས་བོད་མི་རིགས་ཀྱི་ཆེད་དུ་ཅིག་ཅིག་ཉོག་ཉོག་རེད་ཞེས་ང་ཅོ་རི་ལ་ཁ་རྡུང་གཏོང་མྱོང་ཡོད།

    དེ་རིང་ཡང་མི་དྲག་སྐུ་དྲག་ཚོའི་ཕྲུག་གུ་བོད་ཡིག་མི་སློབ་པ་རྒྱ་ཡིག་སློབ་འདོད་པར་སྐྱོན་བརྗོད་བྱས་ན་ཁྱི་འདི་ཁོང་ཁྲོ་ཟ་བཞིན་ཡོད་པ་འདྲ།་ མ་རེད་དམ།

    Reply
  22. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་་་་་་་་་་་་་་་་་་་་་་་་ངས་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  23. འབྲོག་ཁྱི། says:
    ལོ་ 15 སྔོན།

    རང་གི་གདོང་རིས་ལ་བསམ་བཞིགས་རྩ་བ་ནས་མི་བྱེད་པར་མི་ལ་ལམ་སེང་སྐྱོན་འདོག་བྱེད་ཡ་དེ་ཀོ་སྐྱུར་བཏང་ན་གང་འདྲ་འདུག།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀྲ་ཤིས་ཚེ་རིང་ལགས།
    བོད་རིགས་ཡོངས་དང་” བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག” ཟེར་བ་གཉིས་ལ་ངོས་ལེན་རྩ་བ་ནས་མེད་པའི་གྲོས་ཆོད་བཞག་འདུག་ཞེས་གསུངས་འདུག་པས་གྲོས་ཆོད་བཞག་མཁན་གསལ་པོ་གསུང་རོགས་ཞུ།

    ཆོལ་ཁ་གསུམ་གཅིག་ཏུ་སྒྲུལ་བའི་རང་སྲིད་རང་སྐྱོང་གི་ཚབ་ཏུ་་་་་་་་་་་་བོད་རིགས་ཡོངས་་་་་་་་་་་ཞེས་བསྒྱུར་ཟེར་ན་གོ་རྒྱུ་ག་རེ་འདུག་་་་ཨ་་་་་་་གསུང་དང།།།།།

    Reply
  25. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་སྟེང་། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆའི་ནང་། སྔར་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་ཚབ་ཏུ་ “བོད་རིགས་ཡོངས” ཞེས་བསྒྱུར་བཅོས་བཏང་ཡོད་པ་དེ་དང་། འབྲེལ་མོལ་ཐེངས་དགུ་བའི་སྐབས་རྒྱ་གཞུང་ལ་སྤྲད་པའི་ཚིག་ཐོའི་དོན་ཚན་ ༥ བའི་ནང་སེས་ ༥ བར་ ” བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག” ཟེར་བ་གཉིས་ལ་ངོས་ལེན་རྩ་བ་ནས་མེད་པའི་གྲོས་ཆོད་བཞག་འདུག

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྔོན་མ་བཙན་བྱོལ་ནང་གི་མི་དྲག་སྐུ་དྲག་ཚོའི་བུ་ཕྲུག་རྣམས་ཀྱིས་བོད་ཡིག་བཞག་ནས་དབྱིན་ཡིག་སློབ་སྦྱོང་བྱས་ནས་བོད་མི་ཡག་པོ་མི་ཤེས་པ་ཆགས་པ་རེད།
    ད་ཡང་མི་དྲག་སྐུ་དྲག་ཚོའི་ཕྲུག་གུ་ལ་རྒྱ་ཡིག་སློབ་འདོད་པ་ཡོད་པ་གསལ་པོ་རེད།
    ཡུང་རོ་ནང་དུ་ཡང་བོད་མི་འབྱོར་ལྡན་པ་འགའ་རེའི་ཕྲུག་གུའི་བོད་ཡིག་མི་ཤེས་ཡང་བོད་མ་སློབ་པ་རྒྱ་ཡིག་སློབ་མཁན་དེ་འདྲ་འདུག
    དེ་ཚོ་མཐོང་དུས་དངོས་གནས་སྙིང་གི་ནང་ན་ཚ་གཏོང་ཡོང་གིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese