ཁ་ན་ཌར་གནས་བཞུགས་བོད་རིགས་ན་གཞོན་གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཉེ་ལམ་༼ ངེས་བརྟན་མེད་པའི་མི་ཚེ ༽ཞེས་པའི་གློག་བརྙན་ཞིག་ཕབ་སྐྲུན་བྱ་ཆེད། བཞུགས་སྒར་ངྷ་རམ་ས་ལར་བཅར་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཁོང་ལ་བོད་ཕྱི་ནང་གི་གླུ་གཞས་དང་། བོད་དང་འབྲེལ་བའི་གློག་བརྙན་གྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་སྐུ་ཉིད་ཀྱི་ལོ་རྒྱུས་རགས་བསྡུས་ངོ་སྤྲོད་དང་འབྲེལ་ཏེ། གླུ་གཞས་སྒྱུ་རྩལ་གྱི་ལམ་བུར་ཞུགས་པའི་བརྒྱུད་རིམ་སྐོར་གསུངས་རོགས།
ལན། ངའི་མིང་ལ་ཨ་མཆོག་མགོན་པོ་དོན་གྲུབ་དང་། སྐྱེས་ཡུལ་སི་ཁྲོན་ཨ་མཆོག་མཚན་ཉིད་ཀྱི་འབྲོག་སྡེ་ཞིག་ཡིན། ཆུང་དུས་ས་གནས་སློབ་ཆུང་ཞིག་ཏུ་ལོ་ཁ་ཤས་ཕྱིན་རྗེས་ཕ་ཡུལ་ནས་ཕྱུགས་རྫི་བྱས་པ་ཡིན། རྗེས་སུ་བླ་མ་གུང་ཐང་ཚང་གི་ལམ་སྟོན་ལྟར་རྨ་ཆུར་སོང་སྟེ། ཨ་མདོའི་རྡུང་ལེན་པ་དཔལ་མགོན་གྱི་མདུན་ནས་པི་ཝང་རྡུང་དཀྲོལ་དང་། རྡུང་ལེན་པ་རྡོ་རེད་ཡི་མདུན་ནས་གླུ་གཞས་ལེན་སྟངས་སོགས་བསླབས་པ་ཡིན། ༡༩༩༦ ལོར་༼ སྐབས་དང་པོའི་མདོ་ཁམས་ཡུལ་གྱི་དམངས་གླུ་དང་རྡུང་ལེན་འགྲན་བསྡུར ༽ཐོག་ཞུགས་རྒྱུའི་གོ་སྐབས་བྱུང་། དུས་དེ་ནས་བཟུང་སེམས་ཐག་གཙང་བཅད་ཀྱིས་གླུ་གཞས་ཐོག་འབད་བརྩོན་བྱས་པ་ཡིན། ༡༩༩༦ ལོའི་དགུན་ཁར་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས་ཤིང་། ལོ་དེའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་གཙུག་ལག་ཁང་ནས་ཨ་མདོའི་གླུ་གཞས་ཤིག་བཏང་བ་ཡིན། དེ་ནི་བཙན་བྱོལ་ནང་གླུ་གཞས་བཏང་བ་ཐོག་མ་ཡིན། སྐབས་དེར་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་གྱིས་ཟློས་གར་ཚོགས་པའི་ནང་ཞུགས་ན་བཟང་ཚུལ་གསུངས་པ་ལྟར་ཟློས་གར་ཚོགས་པར་ཞུགས་པ་ཡིན། ཟླ་དྲུག་ཙམ་གྱི་རྗེས་འཕྲོད་བསྟེན་གྱི་དཀའ་ངལ་འོག་ཕྱིར་བོད་དུ་ལོག་དགོས་བྱུང་སོང་། ༡༩༩༧ ལོར་མདོ་སྨད་བླ་བྲང་ ༼ དམངས་ཁྲོད་སྒྱུ་རྩལ་ཚོགས་པ ༽ ཞེས་པར་ཞུགས་ཏེ། སི་ཁྲོན་དང་མགོ་ལོག་ས་ཁུལ་དུ་འཁྲབ་སྟོན་ལ་ཕྱིན་པ་ཡིན། སྔོན་ཆད་ང་རང་རྒྱ་གར་ལ་ཡོང་སྟེ་༧གོང་ས་མཆོག་གི་བཀའ་སློབ་དང་། ཤེས་ལྡན་མི་སྣ་མང་པོའི་གསུང་བཤད་ཐོས་མྱོང་སྟབས། འཁྲབ་སྟོན་གྱི་ཞོར་དུ་བོད་པའི་ལས་དོན་དང་ལ་རྒྱ་སོགས་ཀྱི་སྐོར་ཕྲན་བུ་རེ་བཤད་ཡོད་སྟབས། ང་ཚོས་སི་ཁྲོན་ནས་འཁྲབ་སྟོན་བྱེད་སྐབས། བླ་བྲང་བསང་ཆུ་རྫོང་ཆབ་སྲིད་བདེ་འཇགས་ལས་ཁུངས་ནས་ཡི་གེ་ཞིག་དང་ང་རང་གི་པར་བཅས་འབྱོར་འདུག ཟླ་གསུམ་གྱི་རྗེས་ཕྱིར་བླ་བྲང་ལ་འཁོར་སྐབས། ང་ཚོའི་གླུ་གར་ཚོགས་པ་དེ་སྒོ་རྒྱག་དགོས་བྱུང་སོང་། དེ་ནས་ང་རང་ཕྱིར་ལྷ་སར་ཡོང་སྟེ་ནང་མ་ཁང་ཞིག་ནས་གླུ་གཞས་གཏོང་སྐབས་ཀྱང་སྔར་བཞིན་ཉེན་བརྡ་དེ་སླེབས་སོང་། མཐར་ ༢༠༠༠ ལོར་ང་སླར་ཡང་རྒྱ་གར་ལ་ཐེངས་གཉིས་པར་བཙན་བྱོལ་དུ་མི་ཡོང་ཐབས་མེད་བྱུང་སོང་།
དྲི་བ། སྐུ་ཉིད་ཀྱིས་བོད་གཞུང་ཟློས་གར་ཚོགས་པའི་ནང་དགེ་རྒན་གྱི་ཕྱག་ལས་གནང་སྐབས། བོད་པའི་གླུ་གཞས་ཐད་ཕྱག་ལས་གང་འདྲ་གནང་ཡོད་དམ།
ལན། ང་རང་ཐེངས་གཉིས་པར་རྒྱ་གར་ལ་འབྱོར་ཏེ། ༧གོང་ས་མཆོག་ལ་མཇལ་ཁར་བཅར་སྐབས། སྐུ་ངོ་རྟ་ར་ལགས་ཀྱིས་༧གོང་ས་མཆོག་ལ། ང་རང་གླུ་གཞས་གཏོང་མཁན་ཡིན་པ་དང་ཆབ་སྲིད་ཀྱི་དཀའ་ངལ་འོག་ཡོང་ཚུལ་སོགས་ངོ་སྤྲོད་གནང་སྐབས། ༧གོང་ས་མཆོག་གིས་བོད་གཞུང་ཟློས་གར་ཚོགས་པར་མདོ་སྨད་ཀྱི་གླུ་གཞས་དགེ་རྒན་གནང་དགོས་སྐོར་བཀའ་གནང་སོང་། དེ་ནས་བོད་གཞུང་ཟློས་གར་ཚོགས་པའི་ནང་ལོ་ལྔའི་རིང་། ཨ་མདོའི་གླུ་གཞས་དང་འཁྲབ་གཞས། རོལ་མོ་སོགས་ཀྱི་དགེ་རྒན་བྱས་པ་ཡིན། དེའི་ཞོར་དུ་ ༢༠༠༡ ལོར་ཨ་མདོའི་སྲོལ་རྒྱུན་གྱི་དབྱངས་རྟ་ལ་དེང་རབས་རོལ་དབྱངས་ཀྱིས་རམ་འདེགས་བྱས་ཏེ་བརྙན་འཁོར་ཐོག་མ་༼ ཨོ ༽ ཟེར་བ་ཞིག་བཏོན་ཏེ་༧གོང་ས་མཆོག་ལ་ཕུལ་བ་ཡིན། ལོ་དེའི་ཞོ་སྟོན་སྐབས་༧གོང་ས་མཆོག་ཕེབས་ཏེ། གླུ་གཞས་དེ་ཡག་པོ་བཏང་འདུག ད་དུང་སྤུས་ཇེ་དག་ཏུ་གཏོང་དགོས་སྐོར་བཀའ་གནང་བྱུང་། སྐབས་དེར་ཟློས་གར་ཚོགས་པའི་ངོས་ནས་ཀྱང་ང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་སོང་། དེའི་རྗེས་ཡང་བསྐྱར་༼ ལྔ་བཅུ་ང་དགུ ༽ ཞེས་པའི་བརྙན་འཁོར་གཉིས་པ་དེ་བཏོན་པ་ཡིན། དེ་ནས་ཀིརྟི་བྱེས་པ་གྲྭ་ཚང་ལ་བརྙན་འཁོར་གཉིས་དང་ས་སྐྱ་ཚང་ལ་བརྙན་འཁོར་གསུམ་བཅས་བཏོན་ཡོད།
དྲི་བ། སྐུ་ཉིད་བོད་གཞུང་ཟློས་གར་ཚོགས་པ་དང་ཁ་བྲལ་དོན་གང་ཡིན་པ་དང་། དེང་སྐབས་ཁེ་ན་ཌའི་ནང་ཕྱག་ལས་གཙོ་བོ་ག་རེ་གནང་གིན་ཡོད་དམ།
ལན། ཁེ་ན་ཌའི་རིག་གཞུང་ཚོགས་པ་ཞིག་གི་གོ་སྒྲིག་འོག་ལོ་བཞི་རེའི་མཚམས་སུ་འཛམ་བུའི་གླིང་གི་རྒྱལ་ཁབ་བཅུ་བདུན་ཙམ་གྱི་རིག་གཞུང་འཁྲབ་སྟོན་ཞིག་ཡོད། ༢༠༠༥ ལོར་ང་དང་འཇམ་དབྱངས་ཡེ་ཤེས་གཉིས་མགྲོན་འབོད་བྱས་པ་ལྟར། ལོ་དེའི་ཕྱི་ཟླ་ ༨ ནང་ངེད་གཉིས་འཁྲབ་སྟོན་དེའི་སྟེང་ཞུགས་པ་ཡིན། དེ་ནི་བོད་པ་ཞིག་འཁྲབ་སྟོན་དེར་ཞུགས་པ་ཐོག་མ་རེད། ཁོང་ཚོས་དགའ་མོས་ཆེན་པོ་བྱས་སོང་ལ། ཁེ་ན་ཌའི་གསར་ལམ་ཁག་མང་པོར་ཐོན་སོང་། དུས་དེ་ནས་བཟུང་ང་རང་གིས་ཁེ་ན་ཌར་འཚོ་བ་སྐྱེལ་མགོ་བཙུགས་པ་ཡིན། དེང་སྐབས་ང་རང་གི་ནང་མི་ཚང་མ་ཁེ་ན་ཌའི་ནང་བརྟན་གཞི་བྱས་ཡོད། ཁེ་ན་ཌའི་ནང་སྐྱབས་བཅོལ་བ་སུ་ཞིག་འབྱོར་ཡང་ཆེད་ལས་རེ་འདེམ་དགོས་སྟབས། ང་རང་ ༢༠༠༦ ལོ་ནས་ཁེ་ན་ཌའི་ཊོ་རོན་ཊོ་གློག་བརྙན་སློབ་གྲྭ་ཆེན་མོ་ University of Toronto film ནང་ཞུགས་ཏེ། ད་ལོའི་ཟླ་ ༡ ནང་སློབ་མཐར་ཕྱིན་པ་ཡིན། ང་རང་གིས་ཐོག་མའི་དམ་བཅའ་གཞིར་བཟུང་ད་ལྟ་གླུ་གཞས་ཁོ་ནར་བརྟེན་ཏེ་འཚོ་བ་སྐྱེལ་གྱིན་ཡོད། ལས་ཀ་གཞན་གཅིག་ཀྱང་བྱེད་ཀྱི་མེད། ཚོགས་པ་སྒྲིག་འཛུགས་སུ་འདྲ་ཞིག་གིས་སྐད་བཏང་ཡང་། གླུ་གཞས་གཏོང་རྒྱུ་དེ་ང་རང་གིས་བོད་པའི་རིག་གཞུང་ངོ་སྤྲོད་དང་། བོད་པའི་རྩ་དོན་ཁྱབ་བསྒྲགས་ཀྱི་འགན་འཁྲིའི་འདུ་ཤེས་ཤིག་གི་ཐོག་ནས་གཏོང་གི་ཡོད། འཕྲོད་བསྟེན་དང་ཤེས་ཡོན། ཉམ་ཐག་རོགས་སྐྱོར་སོགས་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་སྐབས་དངུལ་གཅིག་ཀྱང་ལེན་གྱི་མེད། ༢༠༠༦ ལོར་རྒྱལ་ཁབ་ ༢༤ ཡི་འགྲན་བསྡུར་ཆེན་པོ་ཞིག་བྱས་པ་རེད། སྐབས་དེར་ཁེ་ན་ཊའི་བོད་རིགས་ཚོགས་པའི་ཚབ་བྱས་ཏེ་ང་རང་འགྲན་བསྡུར་དེ་ལ་འཛུལ་ཞུགས་བྱས་པ་ཡིན་ལ། སྐབས་དེར་ཨང་དང་པོའི་གཟེངས་རྟགས་རག་སོང་།
དྲི་བ། སྐུ་ཉིད་ཀྱིས་བོད་ནང་དང་རྒྱ་གར། ཁེ་ན་ཌ་བཅས་སུ་གླུ་གར་སྒྱུ་རྩལ་ཐད་ཕྱག་ལས་གནང་བའི་གོ་རིམ་ཁྲོད། དཀའ་ངལ་གཙོ་བོ་གང་དག་ལ་འཕྲད་མྱོང་བ་དང་། ཉམས་མྱོང་དང་བག་ཆགས་ཟབ་ཤོས་ག་རེ་བྱུང་སོང་ངམ།
ལན། སྔར་རྒྱ་གར་ནང་ཡོད་སྐབས་བོད་གཞུང་ཟློས་གར་ཚོགས་པའི་བཀའ་དྲིན་འོག་དཀའ་ངལ་དམིགས་བསལ་འཕྲད་མ་སོང་། ཕྱིས་སུ་ཕྱི་རྒྱལ་ཁག་ཏུ་གླུ་གཞས་འཁྲབ་སྟོན་སྐབས་དབྱིན་སྐད་དབྱིན་ཡིག་མ་ཤེས་པའི་དཀའ་ངལ་འཕྲད་ཀྱིན་འདུག ཕྱོགས་གཞན་ཞིག་ནས་བཤད་ན་ང་ལ་དཀའ་ངལ་མེད་ཟེར་ཡང་ཆོག ངས་ཕྱི་རྒྱལ་བ་ཚོར་འདི་ལྟར་བཤད་ཀྱིན་ཡོད། ངས་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད། ང་བོད་པའི་རིག་གཞུང་རྒྱུན་འཛིན་པ་ཞིག་ཡིན། གལ་སྲིད་ཁྱེད་ཅག་ལྟར་དབྱིན་སྐད་ཆུ་བཞུར་བཞུར་བཤད་ཐུབ་པ་ཡིན་ན། ངའི་ངག་གི་གདངས་དང་ལུས་ཀྱི་ཉམས། ཚིག་གི་འགྲོས། གླུ་ཡི་འདེགས་འཇོག་གང་རུང་ལ་མི་རིགས་གཞན་དང་། ཡང་ན་དེང་རབས་ཀྱི་ཤན་ཞུགས་ཏེ། བོད་པའི་རིག་གཞུང་རྒྱུན་འཛིན་པ་ངོ་མ་ཞིག་ཡོང་གི་མ་རེད། ཅེས་ལབ་ཀྱིན་ཡོད། བག་ཆགས་ཟབ་ཤོས་དེ་གང་ཡིན་ཟེར་ན། རང་ཉིད་ཀྱི་དགའ་ཕྱོགས་དེ་རང་ཉིད་ཀྱི་དམིགས་ཡུལ་ཡིན་དགོས་པ་དང་། རང་ཉིད་ཀྱི་དམིགས་ཡུལ་དེར་རང་ཉིད་ལ་ཆོད་སེམས་བརྟན་པོ་ཡོད་དགོས་པ་དེ་རེད། སོ་སོ་དགའ་ཕྱོགས་དེ་ནི་ཁྱབ་ཆེ་ཆུང་དང་རྣམ་པ་གསར་རྙིང་ལ་མ་ལྟོས་པར་འབད་བརྩོན་དང་དཀའ་ངལ་ལ་གདོང་ལེན་བྱས་ན། དེས་རང་ཉིད་ལ་ལམ་ཁ་ཞིག་དང་བདེ་སྐྱིད་ཅིག་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་བརྙེད་སོང་། ངས་ཕྱི་རྒྱལ་བ་ཚོར་རྩེད་མོ་དང་སྦྲགས་ཏེ། ཆོས་ཀྱི་ཕྱོགས་ནས་བཤད་ན། ང་ནང་པ་ཡིན། འོན་ཀྱང་ང་རང་གི་མགོན་སྐྱབས་དེ་ང་རང་གི་སྐད་ངག་ཡིན་ལ། ང་རང་གི་ཆོས་དེ་ང་རང་གི་རོལ་དབྱངས་ཡིན་ཟེར་གྱིན་ཡོད། ང་རང་གིས་སོ་སོའི་དགའ་ཕྱོགས་དེར་འབད་འབུང་མཐར་སྐྱེལ་བྱས་ཏེ། སྔོན་མ་རྩྭ་ཐང་ནས་ནོར་ནག་གི་རྔ་མར་ལྟ་མཁན་འབྲོག་ཕྲུག་ཅིག དེ་རིང་གར་སྟེགས་སྟེང་ལྟད་མོ་བ་ཁྲི་སྟོང་གི་མིག་ཟུང་ཅེར་སའི་གླུ་བ་ཞིག་ཆགས་ཡོད།
དྲི་བ། བོད་ཕྱི་ནང་གི་གླུ་གར་སྒྱུ་རྩལ་པ་དག་གི་ཞན་ཆ་གཙོ་བོ་གང་ལ་ངོས་འཛིན་གནང་གིན་ཡོད་པ་དང་། བཙན་བྱོལ་བོད་མིའི་གླུ་གར་སྒྱུ་རྩལ་པ་ཞིག་ལ་མཚོན་ན། འགན་འཁྲི་གཙོ་བོ་གང་རེད་དམ།
ལན། ང་རང་གིས་བཙན་བྱོལ་ནང་གི་གླུ་བ་ཚོར་ཞན་ཆ་གཙོ་བོ་གསུམ་ཙམ་མཐོང་སོང་། དང་པོ། ད་སྔ་བཙན་བྱོལ་སྤྱི་ཚོགས་ཁྲོད་མི་རིགས་ཀྱི་ཚབ་མཚོན་གླུ་བའི་མཚན་ཉིད་ཚང་མཁན་གཅིག་ཀྱང་མི་འདུག བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་ཞིག་ལེན་འདོད་ན། བོད་ནང་གི་གླུ་བ་ཚོར་སློབ་སྦྱོང་བྱ་དགོས་པ་རེད་སྙམ། གཉིས་པ། གཞས་ཚིག་གི་ནང་དོན་ལ་སྙིང་བོ་མེད་པ་དང་། གཞས་ཀྱི་གདངས་རྒྱ་གཞས་ལས་བརྐུས་ཏེ་རང་ཉིད་ཀྱི་ཡིན་མདོག་མདོག་བྱེད་མཁན་དེ་ཚོ་རེད། དེ་དག་ཐབས་སྐྱོ་བོ་དང་ངོ་ཚ་ཆེན་པོ་རེད། གསུམ་པ། རྒྱ་གར་དང་ནུབ་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཏེ། གླུ་གཞས་མང་ཆེ་བ་ཕོ་མོའི་བརྩེ་དུང་སྐོར་རེད། རྒྱལ་ཁབ་ཡོད་མཁན་ཞིག་ཡིན་ན་དེ་འགྲིག་གི་རེད། འོན་ཀྱང་ང་ཚོ་ད་ཆར་དུས་ཚོད་དེར་སླེབས་ཡོད་པ་མ་རེད། བཙན་བྱོལ་བོད་པའི་གླུ་བ་དག་གི་འགན་འཁྲིའི་ཐད་ནས། ༧གོང་ས་མཆོག་གི་བཀའ་དགོངས་ཐད་ཐུན་མོང་གི་འགན་ཞིག་འཁྱེར་དགོས་པ་རེད་སྙམ། བཙན་བྱོལ་བོད་པའི་གླུ་བ་ཡིན་ན་ཆབ་སྲིད་དང་འབྲེལ་བའི་གླུ་གཞས་གཏོང་དགོས་པ་མི་འདུག རིག་གཞུང་རྒྱུན་འཛིན་པ་བྱས་ཀྱང་ཆོག་གི་རེད། བོད་རང་གི་སྲོལ་རྒྱུན་གྱི་རིག་གཞུང་མཚོན་པའི་གླུ་དབྱངས་ལ་དེང་རབས་ཀྱི་རམ་འདེགས་བྱས་ཏེ་འཛམ་གླིང་རང་བཞིན་དང་། དུས་རབས་རང་བཞིན་གྱི་གླུ་གར་སྒྱུ་རྩལ་གྱི་སྡིངས་ཆར་འཛེག་ཐུབ་པ་ཡིན་ན། མི་རིགས་ཀྱི་རྩ་དོན་ཞོར་ལ་འགྲུབ་ཡོང་གི་རེད། རིག་གཞུང་རྒྱུན་འཛིན་བྱེད་མཁན་གྱི་གླུ་བ་ཞིག་ལ་མཚོན་ན། རྒྱལ་ཁབ་དང་མི་རིགས། ཆབ་སྲིད་དང་ལྟ་གྲུབ། ས་མཚམས་སོགས་ཀྱི་བཀག་རྒྱ་མེད་ན། མི་ཚང་མས་ལྟ་ཉན་བྱ་བདེ་བ་དང་དར་ཁྱབ་འགྲོ་སླ་བ་རེད།
དྲི་བ། སྐུ་ཉིད་ཐེངས་འདིར་གློག་བརྙན་ཞིག་གི་ཆེད་དུ་ངྷ་རམ་ས་ལར་ཕེབས་པ་ཡིན་རབས་འདུག གློག་བརྙན་དེའི་ནང་དོན་ངོ་སྤྲོད་དང་སྦྲགས། གློག་བརྙན་དེ་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་ངོ་སྤྲོད་ཅིག་གནོང་དང་།
ལན། ཐེངས་འདིར་ངས་ཕབ་སྐྲུན་བྱ་རྒྱུའི་གློག་བརྙན་དེའི་མིང་ལ་༼ ངེས་བརྟན་མེད་པའི་མི་ཚེ ༽ ཟེར་ཞིང་། རིང་ཚད་ཆུ་ཚོད་ ༡ དང་སྐར་མ་ ༢༠ ཙམ་ཡིན། གློག་བརྙན་འདི་ང་རང་གིས་ཁེ་ན་ཌར་ལོ་ ༤ རིང་གློག་བརྙན་ཆེད་སྦྱོང་བྱས་པའི་གྲུབ་འབྲས་ལ་ཚོད་ལྟ་ཙམ་ཡིན། གློག་བརྙན་འདིའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། བརྙན་ལེན་པ། སྒྲིག་སྦྱོར་བ་ཡོངས་རྫོགས་ང་རང་ཡིན་ལ། འགྲོ་སོང་ཡང་ང་རང་ཉིད་ཀྱིས་གཏོང་གིན་ཡོད། ད་ལོའི་ཕྱི་ཟླ་ ༡༠ བ་ཡས་མས་ནང་ཁེ་ན་ཌར་གློག་བརྙན་དུས་སྟོན་ཞིག་ཡོད། དེའི་སྟེང་གློག་བརྙན་འདི་འཁྱེར་ཐུབ་ན་བསམ་ཡོད། གློག་བརྙན་འདིའི་ནང་དོན་གཙོ་བོ་བོད་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་བརྒྱུད་དེ། བོད་པའི་ཁྱིམ་ཚང་ཞིག་ལ་བདེ་སྐྱིད་ག་ཚོད་ཅིག་ཡོད་པ་དང་། དཀའ་སྡུག་ག་ཚོད་ཅིག་མྱོང་གིན་ཡོད་པ་སོགས་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཆ་གསལ་བོར་བསྟན་ཡོད། གློག་བརྙན་འདི་བཟོ་རྒྱུར་དམིགས་ཡུལ་གཉིས་ཡོད། དང་པོ། བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཤེས་ཡོན། འཇོན་ཐང་། ཡ་རབས་སྤྱོད་བཟང་། མཛའ་སེམས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་འཛམ་གླིང་མི་མང་ལ་སྟོན་ཆེད་དང་། གཉིས་པ། བོད་མིའི་ཡོན་ཏན་དེ་དག་ལ་དེང་རབས་ཀྱི་གྲོང་ཁྱེར་ཅན་དང་། ནུབ་ཕྱོགས་ཀྱི་རྣམ་པ་འདི་དག་གིས་ཕོག་ཐུག་དང་གཏོར་བརླག་ཐེབས་ཀྱིན་ཡོད་པ། ལྷག་པར་དུ་ནང་སེམས་ཀྱི་སྟེང་ལ་གནོན་ཤུགས་དང་བརྡབ་གསིག་ག་ཚོད་ཡོང་གིན་ཡོད་པ་སོགས་ཡིན།
དྲི་བ། སྐུ་ཉིད་ཀྱིས་འདས་པའི་ལོ་བཞིའི་རིང་གློག་བརྙན་སྐོར་ལ་སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད། དེ་སྔའི་བོད་སྐོར་གྱི་གློག་བརྙན་དག་ལ་ལྟ་སྟངས་གང་འདྲ་བྱུང་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་བཟོས་པའི་གློག་བརྙན་རིགས་ལ་གཟིགས་ཚུལ་གང་འདྲ་བྱུང་སོང་ངམ།
ལན། བཙན་བྱོལ་སྤྱི་ཚོགས་ནང་བཟོས་པའི་གློག་བརྙན་ཡིན་ན་འདྲ་ལ། ཕྱི་རྒྱལ་ཁག་ནས་བཟོས་པའི་བོད་སྐོར་གྱི་གློག་བརྙན་ཡིན་ནའང་འདྲ། བོད་པའི་འཚོ་བ་དང་བོད་མིའི་གཤིས་རྒྱུད། བོད་རིགས་ཀྱི་སེམས་ཁམས་ངོ་མ་མཚོན་ཐུབ་པའི་གློག་བརྙན་ཉུང་ཉུང་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་བཟོས་པའི་གློག་བརྙན་མང་པོ་ཞིག་ལ་གློག་བརྙན་སྒྱུ་རྩལ་གྱི་ཚད་གཞི་ཕར་ཞོག བོད་རང་གི་འཚོ་བར་རྒྱུས་མངའ་ཙམ་ཡང་མི་འདུག དེ་དག་ཕལ་ཆེ་བས་སོ་སོ་སྒེར་གྱི་ཁེ་གྲགས་ཁོ་ནར་དམིགས་ཏེ་བཟོས་པ་རེད། ཕྱི་རྒྱལ་བ་ཚོས་བཟོས་པའི་བོད་དང་འབྲེལ་བའི་གློག་བརྙན་མང་ཆེ་བ་ཚོང་གི་ངོ་བོ་དང་། གཞན་བསྟུན་ཤུགས་ཆེ་དྲགས་ཏེ་བོད་པའི་བྲོ་བ་བརླག་འདུག དཔེར་ན། བོད་པ་དང་འབྲེལ་ཡོད་གློག་བརྙན་ Samsara ལྟ་བུར་མཚོན་ན། ནང་དོན་བོད་པར་འབྲེལ་བ་ཡོད་ཀྱང་འཁྲབ་སྟོན་པ་དང་། སྦྱིན་བདག་སོགས་ཕྱི་རྒྱལ་ཡིན་སྟབས། བོད་པའི་ངོ་བོ་མཚོན་མི་ཐུབ་པ་མ་ཟད། ལྟ་མཁན་བོད་མི་ཞིག་ཡིན་ན་རླུང་ལངས་དགོས་པ་ཞིག་རེད། རྒྱུ་མཚན་དེ་དག་ལ་གཞིགས་ཏེ་ཐེངས་འདིར་ང་རང་གི་གློག་བརྙན་གྱི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། སྒྲིག་སྦྱོར་བ། འགྲོ་སོང་གཏོང་མཁན་ཚང་མ་ང་རང་ཉིད་ཀྱིས་ཁག་འཁུར་བྱས་པ་ཡིན།
དྲི་བ། མི་ཚང་མར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་བཞིན། བོད་པའི་གླུ་གར་སྒྱུ་རྩལ་པ་དག་ལའང་ཁྱད་ཆོས་མ་འདྲ་བ་རེ་ཡོད་པ་རེད། གླུ་གར་སྒྱུ་རྩལ་ཐད་ཁྱེད་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་འདྲ་ཡོད་དམ།
ལན། ང་ལ་ཁྱད་ཆོས་དམིགས་གསལ་གང་ཡང་མེད་མོད། ང་རང་གར་སྟེགས་གང་འདྲ་ཞིག་གི་སྟེང་ལ་བུད་ཀྱང་། བོད་ཤར་ཕྱོགས་ཨ་མདོའི་གདངས་འགྲོས་དེ་སྲོག་ཤིང་དུ་བཟུང་སྟེ། དེང་རབས་རོལ་དབྱངས་ཀྱི་རམ་འདེགས་ལྡན་པའི་གླུ་གཞས་གཏོང་གིན་ཡོད། ང་རང་གི་བརྙན་འཁོར་དག་ཏུའང་། སྐད་ཀྱི་གདངས་དང་ཚིག་གི་འགྲོས་སོགས་ལ་ཨ་མདོའི་འབྲོག་ཐང་གི་སྲོལ་རྒྱུན་གྱི་གླུ་སྐད་འདྲེས་ནས་ཡོད། ང་རང་གིས་ཁེ་ན་ཌ་ནས་ཧི་མ་ལ་ཡའི་རང་བྱུང་གི་རོལ་དབྱངས་༼ NATUAL SOUND OF HIMALAYA ༽ ཞེས་པའི་བརྙན་འཁོར་ཞིག་བཏོན་པ་ཡིན། དེའི་ནང་གི་གླུ་གཞས་ཀྱང་རི་བོ་ཧི་མ་ལ་ཡའི་རི་སྒང་ལ་འཛེགས་པ་ལྟར། ཐོག་མར་གདངས་དམའ་ཞིང་། དེ་ནས་མཐོ་རུ་འགྲོ་བ། རྩེར་སོན་རྗེས་སླར་ཡང་མར་འབབ་པ་ལྟར། གདངས་འགྲོས་ཇེ་དམའ་རུ་བཏང་སྟེ་མཇུག་བསྡུས་ཡོད། ཕྱི་རྒྱལ་ཁག་ནས་ང་རང་གི་ཆེད་སྒྲིག་འཁྲབ་སྟོན་ཚོགས་སྐབས། གར་སྟེགས་དང་ཚོགས་ཁང་། ཁོར་ཡུག་ཡོངས་སུ་གློག་འོད་མེད་པ་བྱས་ཏེ་གླུ་གཞས་གཏོང་གིན་ཡོད། དེར་ང་ལ་རྒྱུ་མཚན་གཉིས་ཡོད། དང་པོ། བློ་སེམས་རྩེ་གཅིག་གིས་གླུ་དབྱངས་ལ་རོལ་བ་ཡིན་ན། བོད་མཐོ་སྒང་གི་དབྱངས་སྙན་འདིས་མི་ལ་ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་བསྐྲུན་ཐུབ་པ་རེད། བོད་པའི་རོལ་དབྱངས་ཀྱི་སོས་སྨན་ TIBETAN MEDICAL MUSIC ཟེར་གྱིན་ཡོད། གཉིས་པ། དེང་སྐབས་ང་ཚོ་བོད་པའི་གནས་སྟངས་དེ་ཧ་ཅང་མུན་ནག་ལྟ་བུའི་ནང་གནས་ཡོད་སྟབས། དེ་ལ་གདུང་སེམས་དང་མྱ་ངན་མཚོན་ཆེད་ངས་ནག་ཁུང་ནས་སྐྱོ་དབྱངས་དང་སྡོང་སྟེ་གླུ་གཞས་གཏོང་གིན་ཡོད། འདི་དག་ང་རང་གི་ཁྱད་ཆོས་ཡིན་པའི་ཁུལ་རེད།
ཨ་རོགས་བཙན་པོའི་བུ་ལགས་ཁྱེད་ཀྱིས་ངར་ཁ་ཏ་སློབ་བྱ་ཡིན་ཁུལ་གྱིས་བཀའ་བཀྱོན་ཞིག་གནང་འདུག་ཡིན་ནའང་དང་པོ་རང་དངོས་ནས་ཞུས་དག་ཡག་པོ་ཞིག་བྱོས་མ་ཟད་ཡི་གེ་དག་པོ་ཞིག་ཀྱང་བྲིས་ཐུབ་པ་བྱ་རྒྱུ་གལ་ཆེ་མངོན།
སྐུ་ཞབས་སྨར་དྷཱིཿཟེར་ལགས། བོད་ཀྱི་ཁ་དཔེར། འདྲེ་ཡིས་མ་དྲན་སྔོན་ནས་ནད་པས་དྲན་ཞེས་པའི་དཔེ་ལྟར། སྐུ་ཉིད་ཀྱིས་ཀྱང་དཀྲིག་ཤིང་གི་སྐད་ཆ་གསར་བ་ཞིག་དྲན་སོང་བར་ཡི་རངས་ཞུ། འོན་ཀྱང་ནམ་ཞིག་ཡིན་ན་དཀྲིག་ཤིང་གི་སྐད་ཆ་རྐྱང་བར་དམིགས་ནས་མི་བསྡོད་པར། མཚམས་རེར་མཐུན་ལམ་དང་བཟང་ཕྱོགས་ནས་སྐད་ཆ་ཕྲན་བུ་བཤད་རོགས་ཞེས་འདོད་བྱུང་།
ཁོང་བོད་གཞུང་ཟློས་གར་དུ་དགེ་རྒན་གྱི་ཕྱག་ལས་གནང་སྐབས་དཀའ་ངལ་མང་པོ་ཞིག་ཕྲད་ཡོད་རབས་འདུག་འོན་ཀྱང་དེའི་སྐོར་ཚིག་ཅིག་བཤད་མི་འདུག་གཅིག་བྱས་ནས་ཁོང་གི་ལས་གཞི་འདི་ད་ལྟ་དྷ་སར་འགྲོ་བཞིན་པ་ཡིན་ཙམ་བདེ་འཇགས་ཀྱི་ཆེད་ཀྱང་ཡིན་པར་མངོན།
སྐད་ཆ་བཤད་སྟངས་ལ་བལྟས་ན་མི་ངར་བ་ཞིག་ཡིན་ས་ཡིན། ཁོ་འདྲ་བའི་གླུ་བ་མང་བོ་ཡོད་ན་ང་ཚོའི་རྩ་དོན་འཐབ་རྩོད་ལ་ཕན་ཐོག་ཡོད་པར་ངེས།
གླུ་བ་ཁྱེད་སྐད་ངག་སྙན་མོ་ལྷན་དུ་མདུན་ནས་མདུན་དུ་སྐྱོད་རོགས།
ཡ་གླུ་བ་མགོན་དོན་ལགས་ཤུགས་རྒྱབ་ནས་ཕྱག་ལས་གནང་རོགས།
གྲོགས་པོ་མགོན་པོ་དོན་གྲུབ་ཁྱོད་བདེ་མོ་ར།
འུ་ཅག་ངོ་གདོང་མ་ཐུག་པར་ལོ་ངོ་བཅུ་གྲངས་འགྲོ་བཞིན་པ་དང་། ཡིན་ན་ཡང་ལོ་སྔོན་མའི་ནང་དུ་ཏང་ལོ་ལ་ཐུག་མྱོང་། ད་ལྟ་ཁྱེད་ཉིད་ཁ་ཎ་ཌར་གནས་སྡོད་བྱས་ཡོད་པ་ཡང་ངས་སྔོན་ཆད་ནས་གོ་མཐོས་བྱུང་བས་དགའ་སྤྲོ་སྐྱེ་བཞིན་ཡོད།
ཡིན་ཡང་ཉིད་ཀྱིས་གྲོགས་པོ་ང་ཡིད་ལ་དྲན་མིན་མི་ཤེས། གང་ཡིན་ཞེས་ན་ལོ་ངོ་མང་པོར་མ་ཐུག་པར་ཡིད་ལ་དྲན་དཀའ་མོ་རེད། ངའི་གློག་འཕྲིན་ཁ་བྱང་འདི་ཡིན། དེ་ལྟར་འབྲེལ་བ་བྱོས། zhaxigege@yahoo.com
ལུས་ཁམས་བདག་སྐྱོང་བྱོས།
བདེ་མོ།
ཨ་མཆོགས་མགོན་པོ་དོན་གྲུབ་ཟེར་བ་ཏེ་ཕོ་སར་ཨོ་ལིག་འདུག
སྐྲ་ལོ་ཡང་མི་རིང་རྒྱུ་མེད་གི
ཨོ། གླུ་བ་འདི་གནས་ལུགས་མཁྱེན་མཁན་ཞིག་རེད། བོད་པའི་རིག་གཞུང་ངོ་སྤྲོད་དང་། བོད་པའི་རྩ་དོན་ཁྱབ་བསྒྲགས་ཀྱི་ཆེད་དུ་གཞས་གཏོང་ཡ་དེ། བཙན་བྱོལ་བོད་མའི་གླུ་བ་ཞིག་གི་འགན་འཁྲི་རེད་སྙམ། གླུ་བ་ཁྱེད་ཀྱི་ཕུགས་བསམ་་དང་ལ་རྒྱ་ལ་ཡི་རང་དང་རྒྱབ་སྐྱོར་ཡོད།
གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ལགས། དུས་ཡུན་རིང་པོ་ཞིག་ལ་ཁྱེད་ཀྱི་སྙན་འཇེབས་ཀྱི་སྐད་ངག་མ་ཐོས། ཁྱེད་རང་སྤྱི་ལོ་ ༡༩༩༦ ལོར་( སྐབས་དང་པོའི་མདོ་ཁམས་ཡུལ་གྱི་དམངས་གླུ་དང་རྡུང་ལེན་འགྲན་བསྡུར། ) ནང་ཞུགས་སྐབས། ཁྱེད་ཀྱིས་བཏང་བའི་འགྱུར་ཁུག་སྟོང་དང་ལྡན་པའི་གླུ་གཞས་དེ་ཝ་ལེར་དྲན་བྱུང་།
རི་མཐོན་པོར་བརྒས་རྒྱུ་མེད་གི་བསམ།།
རི་མཐོན་པོར་རྒས་རྒྱུ་ཡོད་གི།
རྩྭ་སྐྱ་བོར་གྱུར་དུས་བརྒས་ནི་རེད།།
ཆུ་གཙང་པོར་བརྒས་རྒྱུ་མེད་གི་བསམ།།
ཆུ་གཙང་པར་བརྒས་རྒྱུ་ཡོད་གི།
ཆུར་འགྲམ་དར་ཆགས་དུས་བརྒས་ནི་རེད།།
ཁྱིམ་ཕ་མར་བརྒས་རྒྱུ་མེད་གི་བསམ།།
ཁྱིམ་ཕ་མར་བརྒས་རྒྱུ་ཡོད་གི།
སྐྲ་དཀར་པོར་གྱུར་དུས་བརྒས་ནི་རེད།།
མགོན་པོ་དོན་གྲུབ་ལགས་ཀྱི་གཞས་གདངས་ལ་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་འདུག གདངས་དེའི་ཤུགས་ན་སྐྱོ་གདུང་ཞིག་དང་རེ་སྨོན་ཞིག་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག བོད་ནས་ཕེབས་པའི་གཞས་པ་མགོན་པོ་དོན་གྲུབ་ལགས་དང་གཞིས་སྐྱེས་བཀྲས་ཆུང་གཉིས་ཀྱི་གཞས་ལ་ཉན་ཐེངས་རེ་རེར་གཞས་གདངས་དེ་སེམས་གཏིང་ཞིག་དང་ཟུངས་ཁྲག་གི་སྦུབས་ཤིག་ཏུ་འཛུལ་ཡོང་གི་འདུག