མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་ཆོས་ཀྱིས་འདོད་པའི་རྙིང་ཞེན་དེ་གང་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ནགས་ཤོད་རིག་རལ།

   རྙིང་ཞེན་འདི་བོད་རིགས་ཤེས་ལྡན་པ་རྣམས་ཀྱིས་ཡང་ཡང་བསམ་མནོ་གཏོང་ས་ཞིག་ཡིན་མོད། རྙིང་ཞེན་ཟེར་བ་འདི་གང་ཞིག་ལ་ངོས་འཛིན་དགོས་པའི་ཐད་ལ་ལྟ་ཚུལ་མི་འདྲ་བ་ཡོད་པ་ནི་མངོན་སུམ་རེད།

  ཕྱི་ཚུལ་ཙམ་ནས་བལྟས་ན། བོད་པའི་ཤེས་ལྡན་པའི་ཁྲོད་དུ་རྒྱ་ཡིག་དང་བོད་ཡིག་གཉིས་ལ་སྦྱངས་གོམས་ཡོད་པ་དང་།  བོད་དང་རྒྱ་ནག་ཙམ་ལས་ཕྱི་རོལ་གྱི་འཇིག་རྟེན་དུ་འཚོ་བ་སྐྱེལ་མྱོང་མེད་པ། ལྷག་པར་དུ་རྒྱའི་རིག་གནས་དང་མར་ལེ་རིང་ལུགས་ཀྱི་བསམ་མནོའི་ཤུགས་རྐྱེན་ཕོག་པ་དེ་དག་གིས་རང་ཅག་གི་མི་རིགས་འདི་ལ་རྙིང་ཞེན་ཆེན་པོའི་གཡམ་ནད་ཅིག་འབུར་ཚུགས་སུ་ཡོད་པར་ཁས་ལེན་པས་མ་ཚད། རྙིང་ཞེན་དེ་ཡང་གདོད་མའི་རིག་གནས་ནས་དམ་པའི་ལྷ་ཆོས་བར་དང་། ཐ་ན་སྦྲ་ནག་ནས་རྩམ་པ་བར་དུ་ཡིན་ཚོད་གདའ།  ཡང་བོད་པའི་ཤེས་ལྡན་པའི་ཁྲོད་ནས་བོད་ཡིག་ཁོ་ནར་བྱང་ཆུབ་པའི་གཞིས་ལུས་མང་པོ་ཞིག་དང་།  ཡིག་རིགས་གསུམ་བཞི་ཙམ་ཤེས་མཁན།  རྐྱེན་མང་པོའི་དབང་གིས་ཡུན་རིང་གངས་ཅན་གྱི་ཕྱི་རོལ་དུ་འཚོ་བ།  རང་ཉིད་ཀྱི་སྐྱེ་ས་ཕ་ཁུངས་ལ་དུང་ཞེན་ཆེན་པོ་ཡོད་པ་དེ་དག་གིས་བོད་པ་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་དག་གསར་རྙིང་གང་ཡིན་མ་བལྟོས་པར་དགའ་ཞེན་ཞིག་སླེབས་ཀྱི་ཡོད་པ་དང་། རྒྱུ་མཚན་ནི་རིག་གཞུང་དེ་དག་ནི་རང་གི་རྩ་བ་འཚོལ་ས་ཞིག་དང་།  རང་གི་ཁྱད་ཆོས་འདོན་བྱེད་ཞིག  དེ་བཞིན་མི་རིགས་ཀྱི་ཚེ་སྲོག་ཡང་ཡུན་རིང་གནས་ཐུབ་པའི་སྨན་མཆོག་ཅིག་ལ་བལྟ་བཞིན་ཡོད་པ་རེད།

  རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་ཏུ་སྒྲོག ། གསར་པ་ཐམས་ཅད་ཐན་ལྟས་ཉིད་དུ་སྒོམ་ཟེར་བ་ནི་དགེ་ཆོས་ཀྱི་སྐད་ཆ་རྣོ་ངར་ཅན་ཞིག་རེད་ལ།  གསར་གཏོད་ཀྱི་སྙིང་སྟོབས་མེད་ན། སྐྱེ་བ་སྔ་ཕྱི་ཟེར་བ་ཡང་མེད་ལ། ལས་རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཟེར་བ་ནི་དོན་གྲུབ་རྒྱལ་གྱི་སྐད་ཆ་དེ་ལས་རྣོ་ངར་ཆེ་བ་ཞིག་རེད།  སྐད་ཆ་འདི་དག་གིས་ཤེས་ཡོན་ཅན་མང་པོ་ཞིག་གི་སྙིང་ཁ་ན་རྨ་བཟོ་མྱོང་ཡོད་ལ། ཤེས་ཡོན་ཅན་མང་པོ་ཞིག་གི་ཁྲག་རྒྱུན་ལང་ལོང་དུ་གཡོ་མྱོང་ཡོད།  ཕྱིས་སུ་རྙིང་ཞེན་ལ་དགག་རྒྱག་གི་དར་ཆ་སྒྲེང་མཁན་ཚང་མས་དགེ་ཆོས་ཀྱི་སྐད་ཆ་འདི་ཁ་རུ་འཁྱེར་ཡོང་བ་དང་། རྙིང་ཞེན་གྱི་རྫབ་དོང་རིང་པོ་དེའི་ནང་དུ་རྙིང་པ་ཐམས་ཅད་འཕེན་པ་དང་ལྷན་དུ་སངས་རྒྱས་ཆོས་ལུགས་འདི་ཡང་འཕེན་རྐྱང་བྱེད་པ་རེད།  ཡིན་ན་ཡང་དགེ་ཆོས་ཀྱི་ཡུན་ཐུང་བའི་མི་ཚེ་ལ་བལྟས་ན། ཁོང་རང་བརྩོན་པ་ཆེར་སྐྱེད་བྱེད་ས་ནི་དམ་ཆོས་འདི་རེད་འདུག་ལ། སངས་རྒྱས་ཆོས་ལ་དགའ་ཞེན་དང་འགན་འཁུར་གྱི་བསམ་པ་ཤུགས་ཆེན་པོ་ཞིག་ཡོད་པ་ནི་རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས། “ཅིས་ཀྱང་ནང་པ་སངས་རྒྱས་པ་རྣམས་ཀྱིས་རང་བསྟན་མི་ཉམས་གོང་འཕེལ་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ལ་མ་བལྟོས་པའི་འབད་པ་རྩལ་འདོན་དགོས་པ་འདི་ཡིན་ལ།” ཅེས་གསུངས་པ་འདི་ཁོ་ན་ལས་རྟོགས་ཐུབ་ལ།  ད་དུང་ཁོང་ཉིད་བོད་ཀྱི་གྲུབ་མཐའ་ཁག་ལས་རྙིང་མའི་ཆོས་ལ་ཞེན་ཁོག་ཆེ་ཚུལ་དེ་ལ་བལྟས་ན་ཡང་ཁོང་གིས་འདོད་པའི་རྙིང་ཞེན་ཟེར་བ་དེ་དང་སངས་རྒྱས་ཆོས་ལུགས་བར་ལ་ནི་འབྲེལ་བ་ཏིལ་འབྲུ་ཙམ་ཡང་ཡོང་དོན་མི་འདུག  །  བསམ་མནོ་ཞིབ་ཀྱིས་བཏང་ན་ཡང་དགེ་ཆོས་ལྟ་བུ་མཁས་པའི་དབང་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པ་འདི་ཡང་རྙིང་ཞེན་དུ་འདོད་པར་བསམ་པ་ནི་བྱིས་བློ་ཚ་ཐག་ཆོད་འདུག  གང་ལགས་ཟེར་ན་དམ་པའི་ཆོས་འདི་ནི་འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་ཀྱང་དད་མོས་བྱེད་ཀྱི་ཡོད་པ་མ་ཚད། ལྟ་གྲུབ་གང་ཞིག་གི་ཐོག་ནས་བཤད་ཀྱང་འགྲོ་བའི་གཙུག་རྒྱན་ལྟ་བུར་གྱུར་ཡོད་པས་ན་རང་རེ་ལ་ཡོད་པའི་ཆོས་འདི་ནི་བོད་མི་རིགས་ནམ་འཚོའི་བར་དུ་མི་རིགས་འདི་ཉིད་ཀྱི་རྒྱན་དང་གཟི་བརྗིད་ཡིན་ངེས་རེད།  ཡིན་ཀྱང་མཁས་པ་རྣམས་ཀྱིས་འགྱུར་བ་གཏོང་དགོས་པ་གང་དང་མི་དགོས་པ་གང་གི་ཐད་ལ་མཛུབ་མོ་དམར་འཛུགས་མེད་པར་རྙིང་ཞེན་ཟེར་བ་དང་། གསར་གཏོད་ཟེར་བ། བག་ཆགས་ཟེར་བའི་སྡོམ་ཚིག་ལྕི་མོ་རེ་གཡུགས་ཡོང་དུས་མཁས་བླུན་མི་གཅིག་ཀུན་རེ་ཞིག་ཀུ་ཅོ་ལྡིར་རེར་འགྲོ་བ་ལས། དུས་ཀྱི་བགྲོད་པའི་ཁྲོད་དུ་རྙིང་ཞེན་འདེད་རྒྱུ་ཡང་བྱིས་པས་འཇའ་ཚོན་འཛིན་པའི་དཔེ་རུ་ཡིན་ཚོད་གདའ།

   འོ་ན་རྙིང་ཞེན་ཟེར་བ་འདི་རིག་གནས་རྙིང་པ་ཡོད་ཚད་ལ་ཞེན་པ་ཟེར་བ་ཞིག་ལ་གོ་དགོས་སམ།  དེ་ལྟར་ན་དེ་རིང་གོང་གི་རིག་གནས་ཐམས་ཅད་རྙིང་པར་སོང་བས་གསར་རྙིང་གི་ཚད་དེ་གང་ནས་འཛིན་དགོས། མར་ཨེན་ལྟ་བ་དེ་ཚོ་ཡང་ལོ་བརྒྱ་ལ་ཉེ་བས་རྙིང་པ་འབུ་མ་བརྒྱབ་ཙམ་ཡིན་ངེས་རེད།  སྤྱིར་མི་རིགས་ཕལ་ཆེ་བ་རང་གི་རིག་གཞུང་རྙིང་པ་དང་། ལྷག་པར་དུ་མི་རིགས་སོ་སོས་དད་མོས་བྱེད་སའི་ཆོས་ལུགས་ལ་ནི་དད་པ་ཡོད་པ་གཅིག་པ་རེད།  ཡིན་ནའང་དམར་ཤོག་སྲིད་དབང་གིས་དབང་སྒྱུར་བྱེད་བཞིན་པའི་མི་རིགས་དང་རྒྱལ་ཁབ་ཁག་ཅིག་ནི་གནས་ཚུལ་ཁག་ཁག་རེད།  ཁོང་ཚོ་ལ་དམར་པོའི་ལྟ་གྲུབ་ཅིག་ཡོད་པའི་དབང་གིས་ཆོས་དང་རིག་གཞུང་ཟེར་བ་དགོས་པ་མེད་ལ། རང་དོན་འགྲུབ་ན་ཡོད་ཚད་གཏོར་ཀྱང་ཆོག་ལ་ཐབས་གང་ཞིག་སྤྱད་ཀྱང་ཆོག་གི་རེད།  བརྒྱ་ལ་མར་ལེའི་ལྟ་བ་འདི་བཟུང་ནས་བོད་ཀྱི་རིག་གནས་རྙིང་པ་ཐམས་ཅད་ཆུ་ལ་བསྐྱུར་ཀྱང་། འཛམ་གླིང་གི་འཕེལ་འགྲོས་ནི་དམངས་གཙོའི་ལམ་ཆེན་ཞིག་ཡིན་པས་སྒེར་གཅོད་ཀྱི་རིག་པའི་གཞུང་ལུགས་ལྟར་གྱུར་པའི་ལྟ་བ་འདི་ཚོ་ཚེ་རིང་པོ་གནས་ག་ལ་ཐུབ།

  འོ་ན་ཁོང་གིས་འདོད་པའི་རྙིང་ཞེན་དེ་གང་ཡིན་ནམ།  གསར་གཏོད་ཀྱི་སྙིང་སྟོབས་མེད་པའི་ལེ་ལོའི་འདུ་ཤེས་འཛིན་སྟངས་ཤིག་ལ་ཟེར་གྱི་ཡོད་དམ། ཡང་ན་གང་ཡོད་པ་དེ་ཙམ་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས་རིག་གནས་གསར་པ་ནང་དུ་མི་འདྲེན་པའི་བག་འཁུམས་ཀྱི་རྣམ་འགྱུར་ཞིག་ལ་ཟེར་གྱི་ཡོད་པ་རེད།

   རྙིང་ཞེན་ཟེར་བ་ཡང་སྙིང་ཅི་ཞིག་ཡིན་ནམ།  འགྱུར་བ་མེད་པའི་འཚོ་བ་སྐྱེལ་སྟངས་དང་ཕྱག་འཚལ་སྟངས། སྐོར་བ་འགྲོ་སྟངས། ལྷ་སྐུ་བཞེངས་སྟངས་སོགས་ལ་ཟེར་གྱི་ཡོད་པ་ཡིན་ནམ།  དེ་དག་ཁྲོད་ནས་གནད་དོན་འགའ་ཤས་ལ་གཏན་གཏན་བསམ་མནོ་གཏོང་རྒྱུ་འདུག གལ་སྲིད་ང་ཚོས་དགོན་པའི་ནང་དུ་སྐུ་འདྲ་དང་མཆོད་རྟེན་སོགས་ལ་གསེར་དངུལ་རིན་ཆེན་གྱི་རྒྱན་ཆ་སྤྲོས་སྲོལ་དེ་དག་གང་སྟབས་བདེ་བདེ་ཞིག་དང་། དགོན་པའི་ནང་དུ་སློབ་གཉེར་བྱེད་མཁན་གྱི་དགེ་སློང་དེ་དག་གི་འཚོ་བའི་ཆ་རྐྱེན་དང་སློབ་གཉེར་ཁོར་ཡུག སློབ་གཉེར་སྒྲིག་ཆས་བཅས་ཡག་ཏུ་གཏོང་གང་ཐུབ་ཞིག་བྱས་ན་འགྱུར་བ་གང་ཞིག་འགྲོ་སྲིད་དམ།  གལ་སྟེ་འདམ་དང་ཤིང་། རག་དང་ལི་ཡི་སྐུ་ཞིག་གིས་གསེར་དངུལ་གྱི་སྐུ་ཞིག་གི་ཚབ་བྱེད་ཐུབ་ཀྱི་ཡོད་ན། འགྲོ་སོང་ལྷག་མ་དེ་དག་དགེ་འདུན་པ་ཚོའི་སློབ་པ་དོན་གཉེར་དང་བུ་ཕྲུག་ཚོའི་སློབ་ཡོན་ལ་སྤྱད་ཚེ་བོད་མི་རིགས་འདིའི་སྟོབས་ཤུགས་ཆེ་རུ་འགྲོ་སྲིད་དམ།   གཞན་ཡང་བོད་པའི་ནང་དུ་ལྷ་སྐུ་ལ་གཟི་དང་བྱུ་རུའི་རྒྱན་ཞལ་འདེབས་སུ་འབུལ་རྒྱུ་ཡོད་བཞིན་དུ་ཕྲུ་གུའི་སློབ་གསོ་ལ་འགན་ཅི་ཡང་མི་འཁུར་མཁན་ཡོད།  བོད་པའི་ཕ་མ་དེ་དག་རང་དོན་དུ་ཚེ་འདི་ཙམ་མ་ཚད་སྐྱེ་བ་ཕྱི་མའི་ལམ་བུ་བཤངས་དགོས་པས་ན། ཕྲུ་གུ་ཁ་སྐམ་པོར་བཞག་ནས་རྒྱུ་ཡོད་པ་དེ་དག་ཡང་རང་གི་ཚེ་ཕྱི་མའི་དགེ་རྩ་གསོག་པར་ཕངས་མེད་དུ་སྤྱོད་པ་རེད། སྐབས་རེ་ཕ་མ་དེ་དག་དེ་འདྲའི་སྒེར་སེམས་ཆེ་བ་ལ་བསམ་རྒྱུ་ཞིག་ཀྱང་འདུག རྒྱ་མིའི་ཕ་མ་རྣམས་ནི་རྒྱུ་ནོར་ཕལ་ཆེ་བ་ཕྲུ་གུའི་སློབ་གསོ་དང་མདུན་ལམ་ལ་སྤྱོད་པ་རེད། བོད་པའི་གོམས་སྲོལ་འདི་དག་གིས་མི་རིགས་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་ཡོད་པ་འདི་ནི་ཆོས་ཀྱིས་ལན་པ་མ་ཡིན་པར་ཆོས་བྱེད་སྟངས་ཀྱིས་ཕུངས་པ་རེད་བསམས། བཅོམ་ལྡན་འདས་སྐུ་འཚོ་བཞུགས་རིང་དུ་རྒྱལ་སྲིད་ལོངས་སྤྱོད་རྩྭ་བཞིན་དོར་ཕོད་དུས། ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་སླར་ཡང་ཁོང་གི་སྐུ་ལ་གསེར་དངུལ་རིན་ཆེན་འདོགས་པ་ནི་འདྲ་ཆགས་པོ་མེད་པ་ལྟ་བུ་ཞིག་རེད།   སྤྱིར་ནང་ཆོས་ནི་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པས་ལུང་དང་རྟོགས་པའི་ཟབ་ཚད་ཀྱིས་བསྟན་པ་འཕེལ་འགྲིབ་ཀྱི་ཚད་འཇལ་དགོས་པ་ལས་གསེར་དངུལ་རིན་ཆེན་གྱིས་ནི་ག་ལ་ཡིན།

 ཁ་ཅིག་ལ་དོགས་པ་འདི་འདྲ་ཡང་ཡོང་སྲིད། གོམས་གཤིས་དེ་དག་བོད་མི་རྣམས་ཀྱི་འཚོ་བ་དང་འོ་ཆུ་བཞིན་དུ་འདྲེས་པས་ལམ་དུ་འགྲོ་དཀའ་བསམས་མོད། ལོ་ངོ་སྟོང་ཕྲག་གི་གོམས་སྲོལ་སེམས་ཅན་གྱི་པགས་རྒྱན་སྤྲོས་པ་འདི་དག་༸སྐྱབས་མགོན་རིན་པོ་ཆེའི་བཀའ་མོལ་གཅིག་གིས་འགྱུར་བ་གཏོང་ཐུབ་ཀྱི་འདུག་པས། བརྒྱ་ལ་ང་ཚོའི་བོད་པའི་དགེ་འདུན་པ་རྣམས་དང་ཤེས་ཡོན་པ་རྣམས་ཀྱི་ཁྲོད་དུ་བསམ་མནོ་འདི་འདྲ་ཞིག་གཅིག་གྱུར་བྱུང་བ་ཡིན་ན་མང་ཚོགས་རྣམས་ཀྱི་བློ་ཁ་འགུག་རྒྱུ་ནི་དཀའ་ཚེགས་གང་ཡང་ཡོང་མི་སྲིད།

  ང་རང་ཚོས་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་ཡིན་ན། བོད་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་དུ་བསགས་བཞག་པའི་གསེར་དངུལ་རིན་ཆེན་དེ་དག་དུས་འགྱུར་ཞིག་གི་ནང་དུ་རྒྱ་ནག་ལ་དབོར་ཕྱིན་པ་རེད།  ད་ལྟ་སྔར་བཞིན་འགྱུར་བ་ཅི་ཡང་མེད་པར་སྔོན་མའི་ལམ་དུ་གོམ་པ་སྤོས་ནས་བསྡད་ན་ཅུང་ཟད་བླུན་པ་མ་ཡིན་ནམ།  ལར་སངས་རྒྱས་དངོས་ཀྱིས་གཟིགས་ན་ཡང་།  གྲྭ་པ་གོས་ངན་ངོན་དང་སློབ་པ་ཨ་ལ་སྦ་ལ་འགའ་ཞིག་གིས་གསེར་དངུལ་གྱིས་བརྒྱན་པའི་དགོན་པ་དང་ལྷ་སྐུ་འགའ་སྲུང་ནས་བསྡད་ན་མཉེས་པ་ཡོད་དམ། ཡང་ན་དགེ་འདུན་ཆས་བཟང་ལ་སློབ་གཉེར་བཟང་བ་འགའ་ཞིག་གིས་སྟོན་པ་དང་བསྟན་པའི་ཁྱད་ཆོས་ཡོད་པའི་དགོན་པ་ཞིག་གཉེར་ནས་བསྡད་པ་མཐོང་ན་མཉེས་པ་ཡོད་རྟོགས་སླ་བ་ཡིན།  སེམས་ཅན་བདེ་ན་སངས་རྒྱས་བདེ་བ་བཞིན་སངས་རྒྱས་ཀྱི་བདེ་བའི་གཞི་སེམས་ཅན་ལ་བཞག་ཡོད་པས་ཇི་ཙམ་གྱིས་བོད་མིའི་སློབ་གསོའི་ཁ་སྟབས་བཟང་བ་དེ་ཙམ་གྱིས་བོད་མིའི་རྣམ་དཔྱོད་འཕེལ་སྲིད་པས་དེ་ལས་དགའ་བ་ཞིག་ག་ལ་ཡོད།  ལར་སངས་རྒྱས་ཀྱི་སྐུ་བཞེངས་པ་ཡང་སྟོན་པ་རྗེས་དྲན་དང་། སྟོན་པ་ལ་མིག་དཔེ། དེ་བཞིན་སྟོན་པའི་བཀའ་སློབ་དྲན་ཆེད་དུ་ཡིན་པས། ང་ཚོ་ཤེས་ཡོན་ཅན་རྣམས་ཀྱིས་གསེར་གྱི་ཚིགས་ཁེབས་མཛུབ་མོར་བཏགས་ན་ཛོར་པོ་མཐོང་བཞིན་དུ་ས་ཐོབ་ཀྱི་སྐྱེས་བུ་དང་འཁོར་བ་ལས་འདས་པའི་ལྷ་དེ་དག་ལ་འཇིག་རྟེན་ཐ་མལ་བས་དགའ་པོ་བྱེད་སའི་གསེར་དངུལ་རིན་ཆེན་གཡོགས་པ་ཡང་ཅུང་ཟད་ཐལ་མ་དྲག་ནམ། རང་རེ་ལ་ཡང་དད་པ་ཅན་གྱིས་ཁྱི་སོ་ལ་ཕྱག་བྱས་པའི་བསོད་ནམས་ཀྱིས་སངས་རྒྱས་ཚུལ་སྟོན་པའི་གཏམ་རྒྱུད་འདི་དག་གིས་སྒེར་སེམས་ཆེན་པོས་སངས་རྒྱས་ཀྱི་སྐུ་གསེར་གྱིས་གཡོགས་ཀྱང་འབྲས་བུ་ངན་སོང་ལས་མེད་པ་ཞིག་སྟོན་གྱི་ཡོད་པ་མིན་ནམ།  གཞན་ཡང་སྟོན་པའི་སྐུ་བཞེངས་པའི་རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་ཡིན་པས།  ང་ཚོས་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་པོར་རང་བྱུང་ཁམས་ཀྱི་ཁྲོད་དུ་མཆོད་རྟེན་བཞེངས་པ་བཞིན་རྡོ་ཆེན་ལ་སོགས་པས་སྟོན་པའི་སྐུ་བཞེངས་ན་གཡས་གཡོན་ན་ཡོད་པའི་འགྲོ་བ་ཡོངས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་ཡིན་ལ། སྟོན་པའི་སྐུ་ཡིན་ན་དགོན་པ་དང་ཁྱིམ་ཕུག་ཁོ་ན་རུ་བསྲུང་ནས་སྡོད་དགོས་པའི་ཕྱིར་བཤོལ་འདི་ཡང་མི་དགོས་པ་རེད།

    ད་འོ་ན་དགེ་ཆོས་ཀྱིས་འདོད་པའི་རྙིང་ཞེན་ཟེར་བ་དེ་གང་ཡིན་ནམ། འགྱུར་བ་གཏོང་མི་འདོད་ལ་ཡོད་པ་དེ་དག་ལ་ཤི་འཐམ་རོ་འཐམ་བྱེད་སྡོད་པའི་ཞེན་ཁོག་དེ་ལ་ཟེར་བ་ཡིན་ནམ།  དོན་འགྲུབ་རྒྱལ་གྱིས་འབོད་པའི་གསར་གཏོད་ཟེར་བ་དེ་གང་ཡིན་ནམ།  རང་ལ་ཡོད་པའི་རིག་གཞུང་འདི་དག་ལ་འགྱུར་བ་གཏོང་ཕོད་པ་དང་། དུས་དང་འཚམས་པའི་རིག་གནས་གསར་པ་ནང་འདྲེན་དང་མེད་པ་གསར་གཏོད་བྱེད་དགོས་པ་ཞིག་ལ་ཟེར་བ་ཡིན་ནམ། ད་དུང་ཞོགས་དུང་གིས་སྤྲུགས་འདོད་པའི་བག་ཆགས་ཟེར་བ་དེ་ཅི་ཡིན་ནམ།  བོད་མི་རྣམས་ཀྱི་སེམས་རྒྱུད་ན་འཇགས་པའི་བག་འཁུམས་ཀྱི་སྡར་གཤིས་ཤིག་ལ་ཟེར་བ་ཡིན་ནམ། 

   ང་ཚོ་ལ་འདི་དང་འདི་ལྟ་བུ་ཆོས་དང་རིག་གནས་ཀྱི་བཅུད་མ་ཤོར་བའི་སྒོ་ནས་འགྱུར་བ་ཞིག་གཏོང་ཐུབ་ན་དགེ་མཚན་རླབས་པོ་ཆེ་ཐོན་སྲིད་པའི་ཆ་མང་པོ་ཞིག་ནི་ཡོད་ངེས་རེད་འདུག  གལ་སྲིད་དུས་དང་སྤྱི་ཚོགས། གང་ཟག འཛམ་གླིང་གི་འཕེལ་འགྲོས་དང་འཚམས་པར་ང་ཚོ་ལ་ཡོད་པའི་རིག་གཞུང་དག་ལ་ཡང་སྙིགས་དོར་བཅུད་ལེན་གྱི་འགྱུར་བ་བཟང་པོ་ཞིག་གཏོང་ཐུབ་ན་དགེ་ཆོས་ཀྱིས་མི་འདོད་པའི་རྙིང་ཞེན་འགོག་ཐུབ་ལ། དོན་གྲུབ་རྒྱལ་གྱིས་འདོད་པའི་གསར་གཏོད་ཡང་འདྲེན་ཐུབ་པ་མ་ཚད། ཞོགས་དུང་གིས་སྤྲུགས་འདོད་པའི་བག་ཆགས་ངན་པ་འགའ་ཡང་སེལ་ཐུབ་ངེས་རེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༩ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༢༣ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 21

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནགས་ཤོད་རིག་རལ་མཆོག་ལགས།
    གནས་ཚུལ་མང་པོ་ཞིག་གིས་རྐྱེན་བྱས་ནས་ཁྱེད་བསམ་ཚུལ་འདོད་གང་བ་ཞིག་ཕུལ་ཐུབ་མ་སོང་པས་དགོངས་འགལ་མེད་ཞུ།

    ཡིན་ནའང་རྗེས་སུ་བསམ་ཚུལ་ཞིག་བྲིས་ངེས་ཡིན།་་་ཁྱེད་ཀྱིས་གསུངས་བའི་གནད་ལུགས་རྣམས་ལ་ང་ཅོ་རིའི་ཆེད་དུ་གོ་རྒྱུ་ཆེན་པོ་འདུག

    ཐུགས་རྗེ་ཆེ།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནགས་ཤོད་རིག་རལ་མཆོག་ལགས།
    རྙིང་ཞེན་གྱིས་སྤྱི་ཚོགས་ནང་དུ་སྐྱོན་བྱས་སྟངས་འདི་འདྲ་ཞིག་མིན་འགྲོ་སྙམ་པས་དཔེར་མཚོན་ཙམ་བཀོད་པ་ཡིན།
    སྐུ་ཉིད་ལ་བསམ་ཚུལ་འདོད་པ་གང་བ་ཞིག་བྱུང་མ་སོང་དེ་སེམས་པའི་མཚོན་བྱེད་ཙམ་ཡིན།
    ༄༅།།ནང་ཆོས་འདི་བོད་མི་རིགས་ཆེད་དུ་རེད་དམ་བོད་མི་རིགས་འདི་ནང་ཆོས་ཀྱི་ཆེད་དུ་རེད་དམ།
    བོད་གངས་ཅན་གྱི་ཡུལ་དུ་ནང་པའི་ཐེག་པ་ཆེ་ཆུང་གསུམ་གྱི་ལྟ་སྤྱོད་སླེབས་པ་ནས་བཟུང་བོད་མི་རིགས་འདིས་ནང་ཆོས་ཀྱི་ཆེད་དུ་བྱ་བ་མང་པོ་ཞིག་བློའི་གཏོང་བྱས་ཡོད་པར་མ་ཟད་རང་ཉིད་ཀྱི་མི་ཚེའི་བདེ་སྐྱིད་དང་རང་སྲོག་ཀྱང་བློའི་གཏོང་བྱེད་མཁན་གྱི་མི་རིགས་ཤིག་ཆགས་པ་རེད།
    ༥༩་ཡི་གོང་དུ་བོད་མི་རིགས་ཀྱིས་ཡོད་ཚད་ནང་ཆོས་ཀྱི་ཆེད་དུ་ཡིན་པའི་རྒྱུ་མཚན་ཟུར་ཙམ་གླེང་ན། ཁྱིམ་ཚང་ཞིག་གི་རྟ་རྒོད་མ་ཞིག་ལ་རྟེའུ་སྐྱེ་རྒྱུ་ཡོད་ན་ཁྱིམ་མི་རྣམས་ཀྱིས་དགའ་སྤྲོ་དང་བཅས་རྟེའུ་འདིར་འགོ་ཐོན་བྱུང་ན་ཆོས་པོ་ཏི་ཞིག་ལ་སྐེད་རགས་བཅང་ཐུབ་པ་འདུག་ཟེར་སྲོལ་ཡོད་པ་དང་དངོས་ཡོད་ལག་ལེན་གྱི་ཐོག་ཏུ་ཡང་རྟེའུ་དེ་ཙོང་བའི་རིན་གྱི་ཆོས་པོ་ཏི་ཞིག་ཉོ་བ་བྱས་པ་རེད། བོད་མི་རིགས་འདིས་ནང་ཆོས་ཀྱི་ལུགས་སྲོལ་ལྟར་སེམས་ཅན་ཐམས་ཅད་རང་གི་ཨ་མའི་འདུ་ཤེས་བྱས་ནས་སེམས་ཅན་ལ་འཚེ་བ་མེད་པ་ནི་ཐེག་པ་ཆེན་པོའི་སྤྱོད་ལམ་དུ་འདོད་པ་དང་། དེས་རྐྱེན་གྱི་འཚོ་བའི་དགོས་མཁོ་དང་ཟ་ཆས་ཡོད་ཚད་ལ་ལོངས་སྤྱོད་ཐུབ་ཀྱི་མེད་པ་རེད། དཔེར་ན་༡༩༦༡ལོར་རྒྱ་ནག་དམར་གཞུང་གིས་བྱས་ཉེས་ལ་བརྟེན་ནས་བོད་ནང་དུ་མུ་གེ་སླེབས་དུས་སུ་བོད་མི་མང་པོ་ཞིག་གིས་ཟས་མ་རྙེད་ནས་ལྟོགས་ཤི་ཕྱིན་པ་རེད། གནས་ཚུལ་དེར་ཚོ་ལ་ཞིབ་ཏུ་བསམ་བློ་གཏོང་དུས་བོད་ཀྱི་གཙང་ཆུའི་ནང་དུ་ཉ་ཆེ་དཔང་པ་འདྲ་བ་ཡོད་ཀྱང་གཙང་ཆུའི་འགྲམ་གྱི་བོད་མི་རྣམས་ཀྱིས་ཉ་དེར་མ་ཟས་པར་རང་ཉིད་ལྟོགས་ཤི་ཐད་ཡོད། གཙང་ཆུའི་ནང་གི་ཉ་དེར་ཟ་ནས་རང་ཉིད་ཀྱི་སྲོག་སྐྱོབ་མི་ཤེས་པ་འདིར་ཡོང་ཁུངས་དངོས་གནས་ནང་ཆོས་ཀྱིས་རྐྱེན་བྱས་པས་རེད་འདོད། དེ་དང་དེར་འདྲ་བའི་ནང་ཆོས་ཀྱིས་རྐྱེན་བྱེད་ནས་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་ཆེན་པོ་བཟོས་མྱོང་ཡོད་མེད་ནི་ད་ལྟའི་ཆ་བསམ་བློའི་ཕྱི་ལྟས་བྱེད་ན་མཐོང་ཐུབ།
    བོད་ཀྱི་གཙང་ཆུའི་ནང་གི་ཉ་ཤ་དེར་ནི་འཛམ་གླིང་ཐོག་གི་ཤ་ཡག་ཤོས་དང་བཅུད་ཆེ་ཤོས་ཤིག་ཡིན་ནའང་ང་རང་ཚོའི་བོད་མི་རྣམས་ཀྱི་ཟ་གིན་མེད། ལྟོ་ཞིམ་པོ་ཁ་ལ་བཞག་ནས་གྲོག་ཡོད་པར་ཕུད་རྒྱག་ཟེར་བ་དེར་འདི་མིན་འགྲོ་སྙམ།
    དེ་ལས་ལྡོག་ཏེ་རྒྱ་ནག་གི་ཕག་ཤ་ལ་རོང་ཞེས་པའི་ཟས་རྙིང་བཅུད་མེད་ལུས་ལ་ན་ཚ་བཟོ་རྐྱེན་གྱི་ཕག་ཤ་ཟ་ནས་མི་ཚེ་སྐྱེལ་བཞིན་པ་འདི་ནི་དེང་སང་གི་དངོས་ཡོད་ཀྱི་འཚོ་བ་རེད། ཕག་ཤ་དེས་རྐྱེན་བྱས་ནས་བོད་མི་མང་པོ་ཞིག་ལ་ཕོ་བའི་ཁར་ན་ཚ་སླེབས་ནས་ཤི་དང་ཤི་བཞིན་པ་རེད། གནས་ཚུལ་འདི་ཚོའི་ཐོག་ཏུ་བོད་གཞུང་འཕྲོད་བརྟེན་ལས་ཁུངས་ཀྱིས་བོད་མི་རིགས་འདིའི་ཤ་ཁྲག་གི་ཕུང་པོ་འདིར་གསོ་སྐྱོང་བྱ་ཕྱོགས་སྐོར་རུ་སློབ་གསོ་རྒྱག་དགོས་པར་མཐོང།
    ལྷ་ཆོས་མཆོག་འཛིན་ཅན་གྱི་སྤྱི་ཚོགས་ནང།
    གངས་རིའི་ཕ་ཆོས་འཛིན་མཁན་ཡིད་རེ་སྐྱོ།
    ཕྱི་མ་ཐར་པ་འདོད་པའི་མི་རིགས་ཀྱི།
    ཚེ་འདིའི་བདེ་སྡུག་མཐོང་དུས་ཡིད་རེ་སྐྱོ།

    Reply
  3. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    ཤིང་རྟ་འབོད་པའི་རིག་པ་སྨྲ་བ་ལ་ལན། སངས་རྒྱས་ལ་བདེ་སྡུག་གི་ཚོར་བ་ཡོད་མིན་དགེ་ཆོས་ཀྱིས་མི་ཉག་སྐྱོར་དཔོན་ལ་སོགས་པར་རྩོད་པ་བྱེད་སྟངས་དེ་ཡིས་རྩོམ་ཡིག་འདིའི་དོན་གནད་འབབ་ས་ལ་གནོད་བྱེད་ཀྱི་ལན་མི་འདུག ལར་རང་རེའི་ཆོས་ལ་དད་པའི་ཆེ་རྒུ་ཐམས་ཅད་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་ཆེད་དུ་སངས་རྒྱ་བའི་སྨོན་ལམ་འདེབས་པ་བཞིན། སངས་རྒྱས་དང་བྱང་སེམས་གང་ཞིག་ཡིན་ཀྱང་སེམས་ཅན་ལ་བདེ་བ་བསྐྲུན་རྒྱུ་དེ་ནི་ཐམས་ཅད་ཀྱི་འབབ་ས་ཡིན་པ་རྩོད་པ་མེད་པ་ཡིན། ལྷ་སའི་ཇོ་བོ་རྒྱ་གར་ནས་རྒྱ་ནག་དང་། རྒྱ་ནག་ནས་བོད་ལ་གདན་འདྲེན་པའི་སྐབས་སུ་གསེར་དངུལ་རིན་ཆེན་གྱིས་ཇི་ཙམ་བརྒྱན་ཡོད་པའི་ཚད་རྒྱ་དཀར་ནག་གི་ལྷ་སྐུ་བཞེངས་སྟངས་ལ་དཔེ་བལྟས་ན་རྗེས་དཔག་བྱེད་དཀའ་བ་མ་ཡིན། ལར་ནས་སྟོན་པ་རང་གི་གསུངས་ལས། ང་ཡི་སྐུ་ལ་གསེར་དངུལ་རིན་ཆེན་གྱིས་བརྒྱན་ཤོག འགྲོ་བ་རྣམས་ཚེ་འདིར་ཁ་སྟབས་སྐྱོ་ཡང་ཚེ་ཕྱི་མར་ཕན། དགེ་འདུན་པ་རྣམས་ཚེ་འདིར་སློབ་གཉེར་འཐུས་ཤོར་ཕྱིན་ཀྱང་སྐྱོན་མེད་ཟེར་བ་འདྲ་བ་ཞིག་ཡོད་ཀྱང་། ང་ཚོ་ལ་བསྲེགས་དཔྱད་བརྡར་བའི་གསེར་བཞིན་དུ་དཔྱོད་དབང་ཡོད་པ་ནི་སྟོན་པ་བཀའ་དྲིན་ཅན་གྱི་གནང་བ་རེད། ད་ལྟ་ཁྱེད་རང་གིས་ཆོས་ལ་དད་པ་བྱེད་སྟངས་འདི་ཡིག་རྨོངས་ལུག་རྫི་རྒད་པོ་ཞིག་གིས་ཆོས་ལ་དད་པ་བྱེད་སྟངས་དང་ཨ་ན་མ་ན་ཡིན་པས་ཆོས་ལ་ཕན་ཡོང་དང་གནོད་ཡོང་ཐད་བློ་རྣལ་དུ་ཕབ། ཁེ་ཕན་རྒྱབ་ཏུ་བཅོལ། དུང་ཞེན་ཟུར་ལ་བཞག་ནས་བསམ་མནོ་ཞིག་གཏོང་ཤོག་ཨ།

    Reply
  4. ཤིང་རྟ། says:
    ལོ་ 16 སྔོན།

    ནགས་ཤོད་རིག་རལ་ཟེར་བ་ཞིག་གིས། རྒྱུ་མཚན་མ་ཤེས་པའི་འཆར་གཏམ་མང་དུ་སྤེལ་འདུག དེའང་༼སེམས་ཅན་བདེ་ན་སངས་རྒྱས་བདེ་བ་བཞིན༽སོགས་སྨྲས་ཏེ་སངས་རྒྱས་ལ་བདེ་སྡུག་གི་ཚོར་བ་ཡོད་མེད་ཙམ་ཡང་ཧ་མ་གོ་བཞིན་ནང་པའི་ཆོས་སྒྲུབ་སྟངས་སྐོར་རྙིང་ཞེན་ཟེར་བ་ནི་སངས་རྒྱས་དགོངས་པར་ཐེའུ་རང་སྤར་ཚད་ཞེས་པ་ལྟ་བུ་ལས་མ་འདས། དེའང་ཁྱོད་རང་གིས་ཁང་གི་རྗེས་འཇུག་པ་དག་གིས་ཁོང་གི་སྐུ་ལ་གསེར་དངུལ་རིན་ཆེན་འདོགས་པ་ནི་འདྲ་ཆགས་པོ་མི་འདུག་ཅེས་སྐུ་གཟུགས་སོགས་ལ་རིན་ཆེན་གྱི་རྒྱན་ཆ་སྤྲས་པ་འདི་སངས་རྒྱས་ཀྱི་ལུང་དང་མཐུན་ཡོད་མེད་ཙམ་ཡང་ཤེས་མི་འདུག
    ལུང་དང་མཐུན་པ་ཤེས་ཀྱང་ཁྱོད་རང་སངས་རྒྱས་ཀྱི་བཀའ་ལ་ཡི་ཆེས་མེད་ན་དེང་སང་ལོག་རྟོག་ཅན་འགས་བཤད་པ་བཞིན་ནང་ཆོས་ལ་དགག་པ་མཐའ་གཅིག་ཏུ་རྒྱག་པ་ལས། ནང་ཆོས་འདི་ལྟ་གྲུབ་གང་གི་ཐད་ནས་བཤད་ཀྱང་འགྲོ་བའི་གཙུག་རྒྱན་ཡིན་ཞེས་མགོ་བདེའི་སྐད་ཆ་མ་བཤད་ན་ཡག་ས་རེད། ད་དུང་་དད་པ་ཅན་གྱིས་ཁྱི་སོ་ལ་ཕྱག་བྱས་པའི་བསོད་ནམས་ཀྱིས་སངས་རྒྱས་ཚུལ་གྱི་གཏམ་རྒྱུད་ཀྱིས་སངས་རྒྱས་ཀྱི་སྐུ་གསེར་གྱིས་གཡོགས་ཀྱང་འབྲས་བུ་ངན་སོང་ལས་མེད་པ་ཞིག་སྟོན་པ་མིན་ནམ། ཟེར་རོ། དེ་ལྟར་ཡིན་ན། བདག་ཅག་སྟོན་པའི་དུས་སུ་བཞེངས་ཤིང་སྟོན་པ་ཉིད་ཀྱིས་རབ་གནས་མཛད་པའི་ལྷ་སའི་ཇོ་བོ་སོགས་རིན་ཆེན་ལས་གྲུབ་པའི་ སྐུ་གཟུགས་དང་མཆོད་རྟེན་རྣམས་དང་། ༸གོང་ས་མཆོག་དབུར་བཞུགས་པའི་ཆོས་ལུགས་ཆེན་པོ་བཞིའི་དབུ་ཁྲིད་དག་གིས་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་དུ་ཡོད་པའི་སྟོན་པའི་སྐུ་བརྙན་ལ་རིན་པོ་ཆེས་རྒྱན་ཆ་སྤྲས་པ་འདི་ཁྱོད་ཀྱིས་བཤད་པ་ལྟར་ཡིན་ནམ། ཧཧཧཧཧ། བླུན་པོ་སྨྲ་བ་ཉུང་ན་བཟང་།

    Reply
  5. འབྲོག་རུ་རྡོ་རྗེ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ་རྩོམ་པ་པོ་མཆོག

    Reply
  6. འབྲོག་རུ་རྡོ་རྗེ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ་

    Reply
  7. ལྷུན་འགྲུབ། says:
    ལོ་ 16 སྔོན།

    ནགས་ཤོད་རིག་རལ་ལགས།
    རྩོམ་ཡིག་འདི་འདྲ་བ་ནི་དུས་བབ་ནང་ལ་ཧ་ཅང་གི་གནས་ཚད་མཐོ་བ་ཡིན།
    སྤྱིར་དུས་བབ་ནང་གི་རྩོམ་འབྲི་པ་མང་ཆེ་བ་ལ་གནས་ཚད་གཞན་ཙམ་རེད།

    ད་ནི་རང་གི་བསམ་ཚུལ་བསམ་བློ་གཏོང་བཞིན་པ་ཡིན།

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། ཕྱུགས་བདག་ཚོའི་རྫུ་འཕྲུལ་ཐོབ་དེ་གནམ་མཁར་གནམ་གྲུའི་ནང་ལ་འཕུར།
    རྐྱ་སྟོང་ཚོའི་རྫུ་འཕྲུལ་གྱི་རྐང་བ་ཐོབ་དེ་སྦག་སྦག་རླུང་ནག་ཚུབ་མ་བཞིན་ཞོན
    ཚན་རིག་པའི་ལྷ་ཡིས་མངོན་ཤེས་ཐོབ་དེ་རྒྱང་ཤེལ་ལས་གཟུགས་ཕྲ་རབ་མཐོང་།
    ཆོས་མེད་སྨྲ་པའི་ཅི་ཡང་མེད་ཀྱི་དངོས་གཞི་ཐོབ་དེ་དངོས་མཐོང་མེད་པས་མེད་པར་ལྟ།

    ཧ་ཧ་ཧ་་་ཐར་ལམ་སྒོར་གྱི་བསྐྲུན་་་འཕགས་ལམ་གསེར་་གྱི་ཉོས་་་་་སང་རྒྱས་ཀྱི་སར་ཚད་མཇལ་་་་་རྡོ་རྗེ་ཕ་ལམ་གྱི་ཞིང་ས་ཉོས་་་་་་་་་སྦག་སྦག་སྐྱེས་བུ་ཆུང་བའི་ལམ་་་མོ་གྲ་སྐྱེས་བུ་འབྲིང་བའི་ལན་་་་གནམ་གྲུ་སོགས་སྐྱེས་བུ་ཆེན་པོའི་ལམ།་་་་་་གྲྭ་རྐྱང་དག་གཏན་རིག་ཆད་དང་དབུལ་བོ་ཚོ་རིག་མ་ངེས་བ་འམ་རིག་ཆད་དུ་འདོད།
    ཧཧཧཧཧ་རྙིང་བ་དོར་ནས་་་་་གསར་བ་བྱེད་་་་་་་་་་་་་

    Reply
  9. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    ཅོ་རི་ལགས་ཀྱི་བསམ་ཚུལ་སྒུག་ཡོད། ནད་པ་ལགས་དགེ་ཆོས་ལ་རྒྱུས་མངའ་ཆེན་པོ་ཡོད་ས་རེད། བདེན་པའི་གཅེར་བུའི་བློ་ལ་འཐད་པས་དགའ་པོ་བྱུང་། བཀྲ་ཤིས་དོན་གྲུབ་སྡོམ་ཚིག་རྒྱག་པར་དགའ་མཁན་ཞིག་མིན་ནམ་དྲན། གནམ་ལྕགས་ལགས་ལ་གསལ་བཤད་ཞིག་ཞུ་འདོད་པ་ནི། ཁོ་བོས་དགེ་ཆོས་ནང་ཆོས་སྐྱོང་མཁན་ཞིག་ཏུ་འདོད་པ་དང་། ཁོང་གིས་བོད་མི་རྣམས་ཀྱིས་རྙིང་པ་ལ་འཐམ་སྡོད་པ་ལས་གསར་པ་མི་ལེན་པ་ལ་འཁང་ར་ཡོད་པར་བསམ་གྱི་ཡོད། ང་རང་ནི་ཆོས་འདི་དུས་ནམ་ཡང་མི་རིགས་ཀྱི་རྒྱན་དུ་མཐོང་མོད། རང་རེ་རྣམས་ཀྱིས་ཆོས་བྱེད་སྟངས་འགའ་ལ་འགྱུར་བ་ཞིག་གཏོང་དགོས་འདུག་དྲན་གྱི་ཡོད། དཔེར་ན་ལྷ་སྐུར་རིན་ཆེན་རྒྱན་སྲོལ་འདི་མཚམས་བཞག་ན། མི་རིགས་འདིའི་དཔལ་འབྱོར་དང་སློབ་གསོ། བསྟན་པའི་རྒྱུན་སྐྱོང་བ་ལ་ཡང་མི་ཕན་ནམ་དྲན། ཕུན་ཚོགས་ལགས་ལ་ཞུ་རྒྱུར། དགེ་ཆོས་དང་དོན་གྲུབ་རྒྱལ། ཞོགས་དུང་གསུམ་གྱིས་ནང་ཆོས་ལ་འཛིན་པའི་ལྟ་བའི་ཐད་ཁྱད་པར་ཆེན་པོ་ཡོད་པས་དཔྱོད་རྒྱུ་དེ་ཁྱེད་ལ་འཇོག ནགས་མེ་ལགས་ཀྱིས་ངའི་བསམ་ཚུལ་འགའ་གསལ་ཁ་བཏོན་གནང་འདུག་པས་ཐུགས་རྗེ་ཆེ་ཞུ། ཀརྨ་རྡོ་རྗེ་དང་ཐིག་གཉིས་ལ་དམིགས་བསལ་ལན་མེད། བྱམས་རྒྱལ་གྱིས་ངས་བརྗོད་འདོད་པའི་དོན་གནད་དེ་ཧ་གོ་འདུག་པས་སེམས་པ་སྐྱིད་ལྷང་ངེ་བ་ཞིག་རེད། ཧ་ཧ གང་ལྟར་དྲ་གྲོགས་ཚོས་བསམ་ཚུལ་བཏོན་གནང་བར་བཀའ་དྲིན་ཆེ་ཞུ། ངས་འདིར་རྙིང་ཞེན་ཐད་ལ་ཆོས་བྱེད་སྟངས་ནས་དཔེ་ཙམ་དྲངས་ཡོད། ལྷན་རྒྱས་ཀྱིས་རང་རང་གི་མཐོང་ཕྱོགས་བཞེད་ཚུལ་འགའ་དམར་རྗེན་དུ་གསུངས་ན་ང་ཚོའི་རིག་གནས་ཁྲོད་ཀྱི་སྙིགས་རོ་དག་ལྷང་ལ་འབུད་ངེས།

    Reply
  10. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཆོས་ཀྱིས་ལན་པ་མ་ཡིན་པར་ཆོས་བྱེད་སྟངས་ཀྱིས་ཕུངས་པ་རེད་བསམས། གསུངས་འདིཤིན་ཏུ་བདེན་་་་་གཏོར་རྒྱག་གཏོང་ནས་རྩམ་པ་དང་མར་མང་པོ་འཕྲོ་བརླག་མི་བཏོང་བ་ དེའི་འགྲོ་སོང་དེ་ཕྲུ་གུའི་ཤེས་ཡོན་ཐོག་གཏོང་ན་ཅི་འདྲ་འདུག་། གཏོར་མ་གཏོང་ཡ་དེ་ནང་ཆོས་བཤའ་མ་ཡིན་ནམ་མིན་ནམ་ ལྷ་དང་ཀླུ་ལ་འཕུལ་ཡ་ཡིན་ན་ཤིན་ཏུ་ནོར་ མི་འུ་ཐུག་དུས་འདི་ཚོ་ཅི་གང་བྱེད་ཡ་མེད་པ་མངོན་སུམ་རེད་། དེ་ཡིན་དུས་འགྲོ་སོང་ཅན་གྱི་གཏོར་མ་འདི་གཏོང་མཚམས་བཞག་ན་ཅི་འདྲ་འདུག་། གཏོར་མ་གཏོང་ཡ་འདི་ནང་ཆོས་ཡིན་ན་ཡིན་ལུགས་དང་མིན་ན་མིན་ལུགས་ཤིག་ཤེས་ན་གསུངས་རོགས་ མ་གཏོགས་བཀའ་བརྐྱོན་མ་གཏང་རོགས་།

    Reply
  11. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    དགེ་ཆོས་ཀྱིས་འདོད་པའི་རྙིང་ཞེན་ནི་བོད་ཀྱི་མི་ཆོས་ལས་འདས་པའི་ངང་ཚུལ་ལས་གཞན་གང་ཡང་མིན།

    Reply
  12. ཐིག says:
    ལོ་ 16 སྔོན།

    རྙིང་ཞེན་མེད་པ་འཛམ་གླིང་ཀུན་ལ་མེད།།
    རྙིང་ཞེན་ལེགས་ཉེས་མེད་པར་རྒྱུན་འཛིན་དང་།།
    རྙིང་ཞེན་ཉེས་ཀྱང་ལེགས་སུ་བརྩིས་པ་སོགས།།
    འཛམ་གླིང་ཀུན་ནས་བོད་པ་གསལ་བོར་ཐོན།།

    Reply
  13. karma dorje says:
    ལོ་ 16 སྔོན།

    ནད་པ་ལགས་ཀྱིས། མཁས་དབང་དགེ་ཆོས་མཆོག་གི་ཡོན་ཏན་མང་པོ་བརྗོད་པའི་ཞོར་དུ་ཁོང་གི་སྐྱོན་ཅིག་གསུངས་འདུག་པ་འདི་བདེན་པ་རེད་སྙམ། མི་དགོས་པའི་ཁོང་གི་རྙིང་ཞེན་གྱི་གོ་དོན་ནི། ༧གོང་ས་༧སྐུ་ཕྲེང་བཅུ་པའི་༧སྐུ་གཞོན་ནུའི་དུས་སུ་ངོས་ལེན་གནང་བའི་དེའི་དུས་ཀྱི་ཆབ་སྲིད་རྗེས་ལུས་ཀྱི་རྙིང་ཞེན་ལ་གོ་དགོས་ཏེ། མཁས་དབང་རང་གི་མི་ཚེའི་སྐུ་ངལ་ཆེ་ཤོས་དེ་སུ་གང་གིས་སྐྱོབས་མི་ཐུབ་པ་དེ། ལས་ཙམ་མིན་པར་རྐྱེན་ཆུང་ངུ་ཞིག་ཀྱང་ཡོད་ངེས། བོད་ཀྱི་ཆོད་དད། རིག་གཞུང་ངམ་ལེགས་བྱང་དང་གོམས་ཤིས་ཙམ་གྱི་རྙིང་ཞེན་ལ་མཁས་པས་སྐྱོན་བརྗོད་བྱེད་པར་དཀའ།

    Reply
  14. ནགས་མེ། says:
    ལོ་ 16 སྔོན།

    ནགས་ཤོད་པའི་རྩོམ་ཡིག་འདི་ཐེངས་མ་གཉིས་ལ་བཀླགས་པ་ཡིན། རྩོམ་པ་པོ་རང་སྟེང་གི་སྤྱིའི་ལྟ་བ་དང་། བརྗོད་བབ། དྲང་ཚུགས། ལྷག་བསམ་བཅས་དང་བ་འདྲེན་ངེས་ཤིག་རེད།
    ད་སྐབས་ང་ཚོས་གླེང་གིན་པ་ནི་མཁས་དབང་དགེ་ཆོས་ཀྱི་གསུང་གི་དུམ་བུ་ཞིག་རེད། མ་གཞི་ནས་བརྗོད་ཚིག་གང་ཞིག་ལ་འགྲེལ་རྒྱག་སྐབས་རྩོམ་ཡིག་དེའི་བདག་པོའམ་རྩོམ་པ་པོ་དེ་དང་ཐད་ཀར་འབྲེལ་བ་ཤུགས་ཆེ་ཆགས་ཡོད་པ་སྨོས་མེད་རེད་པས། སྐབས་འདིར་ཡང་ཚིག་ཟིན་གྱི་ངོ་གདོང་ཙམ་ལ་སྣ་གཉེར་བྱེད་གལ་མི་ཆེ་བར་མཁས་དབང་དགེ་ཆོས་ཚང་གྱི་དགོངས་པར་གཏུགས་གང་ཐུབ་བྱ་རྒྱུ་ནི་གལ་ཆེའི་དོན་ཆེ་རེད། དེས་ན་ཕྲན་ནས་ཚིག་ཉུང་དོན་འདུས་ཀྱིས་སྐབས་བབ་ཀྱི་གླེང་གཞིར་གྱུར་པའི ༼ རྙིང་ཞེན ༽ ཞེས་པ་འདིའི་གོ་དོན་ངོ་མ་བོ་དེ་མཛུབ་མོ་ཐད་འཛུགས་བྱ་རྒྱུ་ཡིན། སྤྱིར་མིའི་རིགས་ཙམ་དུ་མ་ཟད་སྲོག་ལྡན་མཐའ་དག་པ་ལ་རྙིང་ཞེན་མེད་པ་ཞིག་ཧ་ཅང་ཡོང་དཀའ་བ་རེད། འོན་ཏེ་བལྟོས་འཇོག་གིས་བཤད་ན། ང་ཚོ་བོད་མི་རྣམས་ཕལ་ཆེར་རྙིང་ཞེན་གྱི་བག་ཆགས་མཐུག་ཤོས་ལྟ་བུ་རེད། ཡིན་ནའང་ད་ཆ་ཤོད་ཀྱིན་པའི་རྙིང་ཞེན་ཟེར་བ་འདི་རིག་གཞུང་ཞིག་ལ་གཟས་ཏེ་བརྗོད་ཀྱི་ཡོད་པ་མ་རེད་ལ་ནང་ཆོས་ལ་གདོང་གཏད་དེ་ཐེར་འདོན་དགག་རྒྱག་བྱས་པ་དེ་བས་མ་རེད། འོ་ན་ཅི་ཞིག་རེད་ཅེ་ན། དེ་ནི་ཆོས་ཆོས་བཞིན་དུ་ངོས་མ་ཟིན་པའམ་ལག་ལེན་ལ་འདེབས་མ་ཐུབ་པར་ཆོས་ལུགས་བརྒྱུད་ནས་རྨོངས་ཞེན་སིམ་འཛུལ་བྱས་པའི་དངོས་པོ་ཡན་གར་བ་ཞིག་
    རེད། འདི་རིགས་ནི་མི་རིགས་ཤིག་གམ་མི་བུ་སྒེར་པ་སུ་ཞིག་ལ་ཤེས་རིག་གི་ཟིལ་མངར་ཤ་ཐིམ་རུས་ཐིམ་ལ་སོང་ནས་རིག་པ་སད་དགོས་པ་ལས། ཅི་མ་ཡིན་ལ་རང་ཡལ་དུ་འགྲོ་མི་ཐུབ་ལ་འདོར་ཡང་དཀའ་བས་ཤེས་ཡོན་ཡར་རྒྱས་འགྲོ་ཐབས་ཁོ་ན་བརྩོན་དགོས་པར་སྙམ།

    ནགས་ཤོད་རིག་རལ་ལགས། ཁྱོད་ཀྱིས་ང་ལ་འབྲེལ་བ་བྱ་འདོད་ཡོད་ཚེ། ཁ་བྱང་འདིར་གློག་འཕྲིན་ཞིག་ཐོངས་ཤོག
    bachongyeshi83@yahoo.com

    Reply
  15. ཕུན་ཚོགས ། says:
    ལོ་ 16 སྔོན།

    གནམ་ལྕགས་ཀྱིས་བཤད་པ་བདེན།དགེ་ཆོས་ཀྱི་རྙིང་ཞེན་གང་ཡིན་ནམ་ཞེས་པའི་ཁ་བྱང་འོག་གི་གོ་དོན་ངོ་མ་དེ་གང་ཡིན་ཤེས་མ་སོང་།དེ་བས་ངས་སླར་ཡང་རྩོ་མ་པོ་ལ་ཁྱོད་ཀྱི་བརྗོད་དོན་ངོ་མ་དེ་གང་ཡིན་ནམ་ཞེས་པའི་ཁ་བྱང་ཞིག་འདོགས་ན་འདོད་གི་

    Reply
  16. ཕུན་ཚོགས ། says:
    ལོ་ 16 སྔོན།

    རྩོམ་པ་པོས་ནུས་ཤུགས་ཡོད་དགུས་དགེ་ཆོས་དང་རང་གྲོལ།ཞོགས་དུང་སོགས་ནང་ཆོས་ཀྱི་ལམ་དུ་འཁྲིད་ཅི་ཐུབ་བྱེད་ཀྱིན་པ་དེ་རེད།
    རིན་ཐང་ཡོད་ཡོད་ཚད་ནང་ཆོས་ཀྱིས་ཚད་འཇལ་བྱེད་རྒྱུར་དགའ་བའི་མི་འདི་དག་ལ་སུན་གི

    Reply
  17. གནམ་ལྕགས། says:
    ལོ་ 16 སྔོན།

    བདག་གི་རྣམ་དཔྱོད་གྲི་ལྟག་ལྟར་རྟུལ་སྟབས། གོང་གི་རྩོམ་ཡིག་འདི་ཐེངས་གཉིས་ལ་བཀླགས་ཀྱང་འདི་ཟེར་གྱི་འདུག་སྙམ་པའི་གོ་བ་ཞིག་ལོན་མ་བྱུང་།

    Reply
  18. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    བོད་པ་བརྒྱ་ཆ་དགུ་བཅུ་གོ་དགུས་དོན་དམ་གྱི་ནང་ཆོས་ཉམས་སུ་ལེན་མ་མྱོང་བས་ནང་ཆོས་ཀྱི་ཕན་གནོད་དང་བཟང་ངན་གླེང་ས་མི་འགྲོ།

    Reply
  19. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    ནགས་ཤོད་པའི་རྩོམ་འདི་བློ་ལ་འཐད་པོ་བྱུང་།རྒྱུ་མཚན་ཡོད་དེ།དཔྱོད་ཤེས་ཡོད་ཅིང་། གཟུ་བོར་སྙེགས་འདུག་པས་ཡིན།དགེ་ཆོས་ལགས་ཀྱིས།རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒྲོགས།གསུངས་པའི་ཚིག་འདིའི་བབ་གང་ལ་འབབ་ས་ནི།བོད་མི་ཅོལ་ཆུང་བ་དག་གིས་ནི་རང་གི་བློ་ངོར་འཐད་པ་ཙམ་བྱུང་ན་བསྟོད་པ་དུང་འདྲ་ཞིག་བུས་ནས་ཧྲིལ་གྱིས་ཁས་ལེན་པ་དང་།རང་གི་བློ་ངོར་མ་འཐད་པ་ཙམ་བྱུང་ན་ནག་པོ་བདུད་དུ་སྨྲ་ནས་སྨད་པའི་ཀུ་ཅོ་སྤྱང་མོ་ཟུག་པ་འདྲ་ཞིག་བྱེད་པ་འདི་རེད།ལྐོག་ཏུ་གྱུར་བའི་ལུང་ཚིག་ལྟ་ཅི། མངོན་སུམ་དུ་སྣང་བའི་བྱ་དངོས་དག་ལ་ཡང་དཔྱོད་ཤེས་མེད་པར་རང་གི་འཐད་ཕྱོགས་སུ་རྟ་གཡག་ལ་ཁ་ལོ་དཀྱུ་བ་བཞིན་དུ་འཁྲིད་འགྲོ་བ་འདི་དག་གིས་ནི་ནམ་རྒྱུན་གཞན་གྱི་དགེ་མཚན་མི་མཐོང་ཞིང་། རང་གི་ཉེས་པ་ཡང་མི་མཐོང་བར་གཞན་གྱི་ལག་རྗེས་ལ་དཀྱོགས་བཤད་བརྒྱགས་པ་དང་། རང་གི་བྱས་ཉེས་ལ་ལྷན་པ་རྒྱག་གིན་འདུག་པའི་བསམ་བློ་དག་ནི་རང་གི་རིག་པའི་གོ་འགོག་བྱེད་དང་། སྤྱི་ཚོགས་ལ་ནག་ཉེས་བཟོ་སྤྱད་ཅིག་ལས་གང་ཡང་མ་ཡིན་པར་སྙམ་མོ།།

    Reply
  20. ནད་པ says:
    ལོ་ 16 སྔོན།

    རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་པ་རྣམས་ཀྱང་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། །དེ་ནི་ད་ལྟའི་བར་དུ་རང་རེའི་སྲོལ། །ཞེས་དགེ་ཆོས་ཀྱིས་རྙིང་ཞེན་བག་ཆགས་ངན་པའི་རིགས་དོར་དགོས་པ་དང་གསར་པ་བཟང་བའི་རིགས་ཀྱི་ལེགས་ཆ་ལེན་དགོས་པ་བསྟན་ཡོད།

    འོན་ཀྱང་རྙིང་པ་ལྷ་ཡི་སྲོལ་དུ་བསྒྲགས་པའི་བོད་ལུགས་འཇིག་རྟེན་མི་ཆོས་ཀྱི་ཚུལ་ལ་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག ད་དུང་ཐ་མ་ཁ་མི་འཐེན་པ། གཤིས་སྤྱོད་རྩུབ་པོ་མི་བྱེད་པ། ཆང་རག་ཚོད་མེད་མི་འཐུང་བ་སོགས་ཀྱི་ལམ་སྲོལ་རྙིང་པ་འགའ་ཡོད་ཀྱང་།

    དགེ་ཆོས་རང་ཉིད་ཀྱིས་ཆང་རག་ཚོད་མེད་གཅིག་འཐུང་བའི་ངན་གོམས་ཤོར་ཏེ་ཐ་ན་རང་ཉིད་ཀྱི་ལུས་དང་སེམས་པ་གཉིས་ཀྱི་བདེ་འཇགས་ལའང་སྲུང་སྐྱོབ་བྱེད་ཐུབ་མེད། དེ་ཡང་། མི་རྗེ་མི་དབང་ཆེན་པོའི་ཞབས་དྲུང་དུ། །མི་ཡི་ཐ་མ་དགེ་འདུན་ཆོས་འཕེལ་གྱིས། །མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས། །སྲོང་བཙན་སྒམ་པོ་ཚད་བཙུགས་དམ་བཅའ་ཡོད། ། ཅེས་བཙན་པོ་སྲོང་བཙན་སྒམ་པོ་དམ་བཅའི་ཚད་དུ་བཙུགས་ཀྱིཡོད།

    དགེ་ཆོས་ཀྱིས་ནང་ཆོས་དང་། རིག་གནས། སྐད་ཡིག ལོ་རྒྱུས་སོགས་ཤེས་བྱ་མང་པོའི་ཐད་ལ་བྱང་ཆུབ་པར་ཤེས་ཀྱི་ཡོད་ནའང་ཁོང་གི་གཅིག་རང་ཤེས་ཀྱི་མེད་པ་དེ་ནི་སྲིད་དོན་ཡིན།

    སྐབས་དེའི་རྒྱ་གར་དབྱིན་ཇི་སྲིད་གཞུང་གི་སྲིད་དོན་དང་། ཨུ་རུ་སུའི་སྲིད་དོན། རྒྱ་ནག་གི་སྲིད་དོན། བོད་གཞུང་དགའ་ལྡན་ཕོ་བྲང་བཅས་ཀྱི་ཁྱེད་ཤི་ང་གསོན་གྱི་སྲིད་དོན་གྱི་ཆོས་ཉིད་ངོ་མ་དེ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་རྩ་བ་ནས་ཤེས་ཀྱི་མེད།

    རང་ཉིད་ལོ་རྒྱུས་དང་རིག་གནས་སྐད་ཡིག་སོགས་ལ་ཧ་ཅང་མཁས་པའི་པཎ་ཆེན་ཤེས་རབ་དང་ལྡན་པ་ཞིག་ཡིན་ཀྱང་ཆབ་སྲིད་ཀྱི་གནད་འགག་དང་འགག་རྩའི་གནད་དོན་ལ་དབྱེ་ཞིབ་བྱེད་མི་ཤེས་པའི་མི་ཞིག་ཡིན་སྟབས་འཇུག་ཏུ་རང་ཉིད་དགའ་ལྡན་ཕོ་བྲང་གི་གཏིང་གཟབ་ལ་རྙོག་འཛིང་ཆེ་བའི་སྲིད་དོན་ནང་ལྷུང་ཏེ་
    མཐའ་འཇུག་འཕམ་ཉེས་ཚབ་ཆེ་ཤོར་བའི་མི་ཞིག་ཡིན།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ནགས་ཤོད་རིག་རལ་མཆོག་གི་རྩོམ་འདི་ནི་ང་ཅོ་རི་མིག་ཚ་ཡ་ཞིག་བྲིས་འདུག
    དུས་བབ་དྲ་ཐོག་ཏུ་དཔྱོད་རྩོམ་འདི་འདྲ་ཡག་པོ་ཞིག་མཇལ་མྱོང་མེད། རྩོམ་པ་པོ་མཆོག་གི་རིག་པའི་རལ་གྲི་དེར་ཡིད་སྨོན་ཞིག་ཀྱང་ཤོར་སོང།

    བསམ་བློ་ཡག་པོ་ཞིག་གཏོང་ཚར་དུས་བསམ་ཚུལ་ཞིག་ཕུལ་ངེས་ཡིན། ཐུགས་རྗེ་ཆེ་རྩོམ་པ་པོ་མཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese