སྔོན་ཆད་རྒྱ་གར་དུ་སྡོད་པའི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་ན། ངེས་པར་དུ་འགྲོ་ཡུལ་ཕྱི་རྒྱལ་བ་ཞིག་གིས་ལམ་གྲོན་དང་སྡོད་གནས་སོགས་ཁག་ཐེག་བྱས་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་མེད་ན་ལག་དེབ་སེར་བོ་ (I.C) བཟོ་མི་ཐུབ། ལོ་ཚིགས་གསལ་བོར་མི་དྲན་ཡང་སྤྱི་ལོ་ ༢༠༠༠ ལོ་ཡས་མས་ཤིག་ལ་རྒྱ་གར་གཞུང་གིས་དེ་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཨར་སི་ (R.C) ཡོད་མཁན་སུས་ཀྱང་ལག་དེབ་སེར་བོ་བཟོ་ཆོག་པ་བྱུང༌།
གསལ་བརྡ་དེ་སྤྱི་ཚོགས་ཁྲོད་ཁྱབ་མ་ཐག བོད་མི་འདུས་སྡོད་བྱེད་པའི་ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྒོ་མདུན་དུ་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་ནས་མི་དམངས་བསྟར་ཕྲེང་དུ་བསྒྲིགས་ནས་ཡོད་ཅིང༌། ཀམ་པ་ལི། ཉལ་ཆས་སོགས་ཁྱེར་ཡོང་སྟེ་མཚན་གང་ལ་སྒུག་གིན་ཡོད་ལ། ལོ་དེ་ནི་བོད་མིའི་སྐྱབས་བཅོལ་ལོ་རྒྱུས་ནང་དང་བླང་དཔྱ་དངུལ་འབུལ་རྒྱུར་འཚངས་ཀ་ཆེ་ཤོས་དེ་བྱུང་ཡོད། སྐབས་དེར་སྐྱབས་བཅོལ་དུ་འབྱོར་བ་ནས་དང་བླང་དཔྱ་དངུལ་སྤྲོད་མྱོང་མེད་མཁན་མང་བོས་ཀྱང་ལག་དེབ་གསར་བཟོ་བྱས་ཏེ་དཔྱ་དངུལ་སྤྲད་ཡོད་ལ། ལོ་ངོ་དུ་མའི་རིང་འབུལ་ཆད་བྱུང་བ་ཁག་གིས་ཀྱང་ཕངས་སེམས་མེད་པར་ཆད་དངུལ་འཇལ་བ་སྟེ། ཆུང་མདང་སྐྱེས་བྱིས་པ་ཡན་ཆོད་ནས་ཆེ་ལོ་རྒན་བརྒྱད་ཅུར་སོན་པ་དག་ལའང་ལག་དེབ་བཟོས་ཏེ་དཔྱ་དངུལ་ཕུལ་ཡོད། དེར་བརྟེན་ལོ་དེར་དང་བླང་དཔྱ་དངུལ་ལ་འཕར་སྣོན་ཆེན་པོ་བྱུང༌། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་བོད་མི་རྣམས་ཧོབ་སྟེ་གཉིད་སད་ནས་དང་བླང་དཔྱ་དངུལ་གཙང་འཇལ་བྱ་རྒྱུ་དྲན་པ་ཡིན་ནམ།
དེ་ནས་ལྡི་ལི་དོན་གཅོད་ཁང་གི་ཕྱི་ནང་ཀུན་ཏུ་བོད་མི་འཚངས་ཀ་ཤིན་ཏུ་ཆེ། ངྷ་རམ་ས་ལ་དང༌། གཞིས་ཆགས་ཁག རྒྱ་བལ་དུ་གནས་སྡོད་ཁ་འཐོར་བོད་མི། དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། བླ་མ་སྤྲུལ་སྐུ་སོགས་མདོར་ན་བོད་མི་སྐྱ་སེར་གཉི་ག་ལྡི་ལི་དོན་གཅོད་ཁང་གི་སྒོ་ཁར་འདུས། ཁྱིམ་ཚང་རེ་རེ་བཞིན་ནང་མི་ཡོད་ཚད་ལ་ལག་དེབ་སེར་བོ་བཟོས། ལག་དེབ་བཟོ་ཆེད་འགེང་ཤོག་ཉོ་ལེན་བྱེད་མཁན་ཡང་དེ་མཚུངས་ཀྱིས་མང༌། ལ་ལས་རང་གི་ནང་མི་དང༌། ཁྱིམ་མཚེས་གྲོང་བ། དགའ་བོ་ཉེ་འབྲེལ་སོགས་ཀྱི་འགེང་ཤོག་བསྐངས་ཟིན་པ་ཉི་ཤུ་སུམ་ཅུ་མཉམ་ཁྱེར་ཀྱིས་ལྡི་ལི་དོན་གཅོད་ཁང་དུ་སླེབས་ཀྱིན་ཡོད་ལ། དོན་གཅོད་ཁང་དུ་ལག་དེབ་ཐོ་འགོད་ཀྱི་སྔ་གཞུག་བརྩད་དེ་ཁ་རྩོད་ཙག་ཙིག་ཀྱང་རྒྱུན་ཆད་མེད་པར་འབྱུང་གིན་ཡོད། དེ་ལྟར་ལོ་ངོ་གཅིག་གཉིས་རིང་ལ་བོད་མི་ཕལ་མོ་ཆེའི་ལས་ཀའི་གཙོ་གནད་དེ་ལག་དེབ་སེར་བོ་བཟོ་རྒྱུ་རང་གི་ཐོག་ལ་བཞག་སོང༌།
ཡང་ངྷ་རམ་ས་དང༌། ལྷོ་གཞིས་ཁག ལྡེ་ར་ལྡུན་སོགས་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་བཟོ་མཁན་ཤིན་ཏུ་མང་ཞིང༌། དང་ཐོག་ཨར་སི་ཁྲིམས་མཐུན་གྱིས་བཟོ་ཐུབ་ན་ཧིན་སྒོར་༡༤ ཙམ་ཡིན་ཀྱང༌། བོད་མི་མང་བོས་རྔམ་ཧེབ་ཀྱིས་ལྟག་སྒོ་བརྒྱུད་དེ་ཨར་སིའི་བཟོས་གླ་ཧིན་སྒོར་ཆིག་སྟོང་ཉིས་སྟོང་ལ་སྤར། བོད་མི་རྣམས་ཨར་སི་བཟོ་རྒྱུར་ཅི་ཙམ་རྔམ་པ་དེ་ཙམ་གྱིས་ཨར་སིའི་རིན་གོང་ཉིན་འཕར་ཟླ་འཕར་བྱུང༌། སྐྱབས་བཅོལ་བོད་མི་དང་ས་གནས་ཉེན་རྟོག་པ་སྐོར་ཞིག་མཉམ་འབྲེལ་གྱིས་ཁྲིམས་མཐུན་མ་ཡིན་པའི་ཨར་སི་བཟོ་བཞིན་པ་རྒྱ་གར་གཞུངགིས་ཚོར་ཏེ་ས་གནས་མང་བོ་ཞིག་ཏུ་ཨར་སི་བཟོ་མི་ཐུབ་པར་གྱུར། དེའི་རྐྱེན་གྱིས་བོད་མི་སྐྱབས་བཅོལ་ལག་དེབ་བཟོ་མཁན་མང་བོ་ལྡེ་ར་ལྡུན་དང༌། དགོན་པ་ཁག་ཏུ་རྒྱུག དེ་ནས་ཀྱང་རིན་གོང་ཉིན་བཞིན་འཕར་སྟེ་མཐའ་མཇུག་ཧིན་སྒོར་ཆིག་ཁྲི་ནས་ཉིས་ཁྲིའི་བར་སྤར། གནས་ཚུལ་དེ་སྐབས་སྔ་ཕྱིར་གྲོས་ཚོགས་ནང་གི་གླེང་གཞི་གལ་ཆེན་ཞིག་ཡིན་ལ། གླེང་ནས་རྫོགས་རྒྱུ་མེད་པའི་གླེང་གཞི་ཞིག་ཀྱང་ཡིན།
ལག་དེབ་སེར་བོ་བཟོ་རྒྱུར་འཚངས་ཀ་བྱེད་བཞིན་པའི་ཁྲོད་དུ། སྤྱི་ཚོགས་ཐོག་གི་མི་སྐྱ་ཕོ་མོ་དང༌། གདན་ས་ནས་ཕེབས་པའི་དགེ་བཤེས། བླ་མ་སྤྲུལ་སྐུ་ཡང་ཡོད་པའི་ཚོང་བ་མང་བོས་ལག་ཁྱེར་སེར་བོ་ཚུར་ལེན་སྐབས་ལྡི་ལི་དོན་གཅོད་ཁང་མ་བརྒྱུད་པར་ལྟག་སྒོ་བརྒྱུད་པའི་མགྱོགས་ལམ་བཏོད། མགྱོགས་ལམ་དེ་བརྒྱུད་ནས་དོན་དག་འགྲུབ་མཁན་གང་འཚམ་ཡོང་གིན་ཡོད་ཀྱང༌། མི་དམངས་བྱིངས་ཀྱི་ལག་དེབ་དུས་ཐོག་ལ་རག་མི་ཐུབ་པའི་དཀའ་ངལ་འཕར་མ་བྱུང༌། དཀའ་ངལ་དེ་ད་ལྟའང་གཙང་སེལ་བྱུང་ཡོད་མེད་མི་ཤེས།
ལྷག་པར་དུ་སུད་སི་གཙོས་པའི་ནུབ་ཕྱོགས་བོད་མི་དག་གིས་མནའ་མ་དང་མག་པ་འཚོལ་རྒྱུ་ཇེ་མང་ལ་སོང༌། དངུལ་ལོར་ཛ་སྒྱུར་གྱི་དབང་གིས་ཧིན་སྒོར་ཆིག་ཁྲི་དང་ཉིས་ཁྲི་ལྟ་བུ་ཁོང་ཚོར་དངུལ་འབོར་ཆེན་པོ་མིན་སྟབས། དེབ་སེར་པོ་བདུན་ཕྲག་གཅིག་གམ་ཉིན་གྲངས་དུ་མའི་ནང་རག་ཆེད་ལྐོག་དངུལ་འབོར་ཆེན་བརྫངས། དེས་མི་དམངས་བྱིངས་ཀྱི་ལག་དེབ་རག་ཡུན་དེ་བས་ཀྱང་ཇེ་རིང་དུ་ཕྱིན། ལོ་ངོ་སྔ་ཕྱི་དེ་དག་ལ་ལག་དེབ་སྐོར་གྱི་སྒྲུང་གཏམ་དགོདབྲོ་ལ་ངུ་ཡང་བྲོ་བ་མང་བོ་བྱུང༌།
ཡང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་མཐོང་མཆན་ཝེ་ཟ་རག་སྟབས་བདེ་བ་བྱུང་ནས། ཁྱིམ་པ་ཕོ་མོ་མང་བོས་མགོ་རིལ་བྱས། གྲྭ་ཆས་གྱོན་ཏེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱས། གང་ལྟར་ཝེ་ཟ་ནག་འཚོང་གི་ལས་ཀ་བྱས་ཏེ་དེང་སང་ཨ་སྒོར་ས་ཡ་དུ་མའི་བདག་པོ་ཆགས་པའང་ཡོད་པར་གྲགས་ཤིང༌། ནག་ཚོང་ལ་ལམ་འགྲོ་མ་རྒྱུག་ནས་རང་རང་ཡིབས་ས་མ་རྙེད་པའི་དཀའ་ངལ་མྱོང་བཞིན་པའང་ཡོད་པར་བཤད། དེ་འདྲ་ཞིག་གི་ངང་ལ་ཨ་རིའི་ཝེ་ཟ་རག་ན་ཧིན་སྒོར་འབུམ་ཕྲག་བཅུ་གྲངས་དང༌། ཡུ་རོབ་ཀྱི་ཝེ་ཟ་རག་ན་ཧིན་སྒོར་དྲུག་འབུམ་བདུན་འབུམ་སྤྲོད་པ་ཡོངས་གྲགས་ཆགས།
དེའི་བར་རོལ་ཞིག་ལ་ཨ་རིའི་གཞུང་ངོས་ནས། སྔར་གྱི་བལ་ཡུལ་གློ་ཚེ་རོག་གི་དམག་ཁོངས་གཙོ་བྱས་པའི་བོད་མི་ཆིག་ཁྲི་ཨ་རིར་ལེན་རྒྱུ་ཡིན་པའི་སྦིར་གྲགས་ཆེན་པོ་བྱུང༌། བལ་གཞུང་གིས་ངོས་ལེན་མ་བྱས་ནས་ཨ་བལ་གཉིས་ཀྱིས་དཀའ་རྙོག་དེ་སེལ་མ་ཐུབ་པ་འདྲ། དེ་དང་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་གི་ཚོགས་སྡེ་དུ་མས་ཀྱང་བོད་མི་མང་བོ་ཨ་རིར་གཏོང་གིན་ཡོད་ལུགས་བསྒྲགས་ཏེ་ས་གནས་མང་བོར་ཐོ་འགོད་བྱས། ཐོ་འགོད་དེ་བོད་གཞུང་དང་འབྲེལ་བ་ཡོད་མེད་དང༌། ཨ་རིས་བལ་ཡུལ་ནས་མི་གྲངས་ཆིག་ཁྲི་ལེན་འཆར་དང་འབྲེལ་བ་ཡོད་མེད་སོགས་གླེང་གཞི་ཆེན་པོ་ཆགས། དེའི་སྐོར་སྐབས་དེའི་གྲོས་ཚོགས་སུའང་གླེང་སློང་གང་འཚམ་བྱུང༌།
དེ་ནས་བཙན་བྱོལ་བོད་གཞུང་གིས་ཐབས་ཤེས་གནང་སྟེ་ཆབ་སྲིད་བཙོན་ཟུར་བ་བརྒྱ་སྐོར་རེར་ཨོ་སི་ཀྲེ་ལིས་ཡར་གཏོང་མགོ་བརྩམས། དེས་རྐྱེན་བྱས་ཏེ་ཆབ་སྲིད་བཙོན་པའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་མང་ལ་སོང༌། བཙོན་ཟུར་གྱི་འོས་ཆོས་བཤེར་སྐབས། བཙོན་ཟུར་ནང་ཕན་ཚུན་ལ་ཆབ་སྲིད་བཙོན་པ་དངོས་གནས་ཡིན་མིན་གྱི་རྫུན་རྐུབ་བརྡོལ་རེས་མང་བོ་བྱུང༌། དོན་དག་དེ་ཡང་སྤྱི་འཐུས་གྲོས་ཚོགས་སུ་སླེབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་རྒྱུར། བདེ་སྲུང་ལས་ཁུངས་ཆུང་ཆུང་འདི་འདྲ་ཞིག་གིས་བོད་ནང་གི་ས་གནས་མི་འདྲ་བ་མང་བོ་ནས་ཡོང་བའི་ཆབ་སྲིད་བཙོན་ཟུར་ཡིན་གསུང་མཁན་རྣམས་ལས་དངོས་གནས་པ་སུ་ཡིན་དཔྱད་ཐབས་མི་འདུག ངའི་ཕ་ཡུལ་གྱི་མི་ཞིག་གིས་དེང་སང་ཁྱིམ་མཚེས་མར་བརྐུས་ནས་རྒྱ་གར་ལ་བྲོས་པ་དང༌། ཨ་མའི་མགོ་ལ་སྟ་རེས་གཞུས་ནས་རྒྱ་གར་ལ་བྲོས་པ་དག་ཀྱང་ཆབ་སྲིད་བཙོན་པ་ཆགས་འདུག་ཟེར་གྱིན་འདུག་མོད། རང་གཞུང་གི་ངོས་ནས་དེ་དག་ལ་དབྱེ་བ་དགར་ཐབས་མ་བྱུང༌། ཡང་རིགས་ཤིག་གིས་ང་ཚོ་བཙོན་ཁང་དུ་མ་སོང་ཡང་དུས་ཡུན་ཐུང་ངུའི་རིང་བཙོན་ཁང་དུ་འགྲོ་མཁན་ཚོ་ལས་བྱས་རྗེས་ང་ཚོར་ཆེ་བ་ཡོད་ཟེར་ནས་རྙོག་དྲ་བཤད་ཀྱིན་འདུག དེ་ལ་བརྟེན་ནས་བཀའ་ཤག་གིས་ཆབ་སྲིད་བཙོན་པ་དངོས་དང༌། དེ་དང་འབྲེལ་ཆགས་སོགས་སྡེ་ཚན་དྲུག་ཏུ་དབྱེ་སྟེ་དེ་དག་ཡོད་ཚད་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་སྐྱོད་རྒྱན་ཤོག་གི་ཐོབ་ཐང་ཡོད་པ་བྱས་ཡོད་ཅེས་གྲོས་ཚོགས་ལ་གསལ་བཤད་གནང་སོང༌།
མདོར་བསྡུས་ནས་བཤད་ན་གོང་གི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དངོས་བྱུང་གཏམ་རྒྱུད་དེ་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། རྣམ་དཔྱོད་ཅན་ཚང་མས་དངོས་བྱུང་གནས་ཚུལ་དེ་དག་བརྗེད་མེད་པའི་རེ་བ་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་སྒྲོམ་རགས་པ་སོར་གནས་ལྟ་བུར་ཡོད་ཀྱང༌། དེས་མི་དམངས་ཀྱི་བསམ་བློའི་སྒྲོམ་གཞི་བརྟན་གནས་ཡིན་པ་མཚོན་མི་ཐུབ། སྤྱི་ལོ་ ༡༩༩༡ དང་ ༩༢ ཙམ་ནས་མགོ་བཙུགས་ཏེ། གཞིས་ཆགས་ཁག་གི་མི་དམངས་དང༌། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཀྱི་བསམ་བློའི་སྒྲིག་འཛུགས་ལ་གཡོ་འགུལ་ཐེབས་མགོ་བརྩམས་ཡོད། གཞུང་འབྲེལ་གྱིས་ཨ་རིར་བོད་མི་ཆིག་སྟོང་མ་བཏང་བའི་ཡར་སྔོན། གཞིས་ཆགས་ཁག་གི་ཁྱིམ་ཚང་རྣམས་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་ཅིང༌། དཔལ་འབྱོར་ཐད་འགྲན་བསྡུར་ཀྱང་དེ་ཙམ་མེད་མོད། ཨ་རིའི་ཆིག་སྟོང་སོང་ནས་ལོ་ངོ་གཉིས་གསུམ་གྱི་རྗེས་ནས། ནང་མི་གང་རུང་ཨ་རིར་ཡོད་པ་དག་གིས་གཞིས་གྲོང་དུ་ཁང་བ་གསར་རྒྱག་དང༌། ཕོ་གསར་མོ་གསར་ཚོས་ཨ་རི་དང་ཡུ་རོབ་ཀྱི་གྲགས་ཅན་ལྷམ་རིགས་གྱོན། རྒྱ་གར་གྱི་ཐོན་གསར་སྦག་སྦག་བཏང༌། གཞིས་ཆགས་ཀྱི་ས་ཞིང་ཐེམ་སྐལ་རྣམས་ཁྱིམ་ཚང་གཞན་པ་དང༌། རྒྱ་གར་ཡུལ་མི་སོགས་ལ་བག་མར་བཏང༌། གསེར་གྱི་རྒྱན་ཆ་དང༌། གློག་ཀླད་དཔེ་གསར་གྱི་རིགས། རྒྱ་གར་དུ་མི་རག་པའི་པར་ཆས་ཐོན་གསར་ཅན་ཁྱེར་བ་སོགས་དབྱར་དགུན་མཚན་གཅིག་ལ་བརྗེས་པ་ལྟ་བུའི་གློ་བུར་གྱི་འགྱུར་ལྡོག་དེས། ཡར་རྒྱས་མེད་པའི་མི་ཁྱིམ་ཁག་གི་སེམས་པ་ལ་རྡུང་རྡེག་ཕོག་ཡོད་ཅིང༌། ཕྱུག་པོ་འབྱོར་ལྡན་ཆགས་དགོས་ན་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་དང༌། ཚོང་ལས་ཙག་ཙིག་གིས་མི་ཡོང་ཞིང༌། ངེས་པར་ཨ་རི་དང་ཡུ་རོབ་ཏུ་འགྲོ་དགོས་པའི་འདུ་ཤེས་སྐྱེས་སུ་བཅུག
དེ་ནས་བཟུང་བོད་མི་རྣམས་ཀྱི་མངོན་འདོད་ཉག་ཅིག་ནི། ནུབ་བསྐྱོད་ཕྱུག་འགྱུར་བྱེད་རྒྱུ་དེ་རང་ཡིན་ལ། དེ་འགྲུབ་ཐབས་སུ་བུ་བུ་མོ་མང་བོ་སུད་སི་དང་ཨ་རི་སོགས་སུ་མནའ་མ་དང་མག་པར་སྟེར་ཅི་ཐུབ་དང༌། ཆེད་དུ་མངག་ནས་ཕྱི་རྒྱལ་བ་དག་ལ་ཆང་ས་རྒྱག་པ། གྲྭ་བཙུན་རྫུན་མ་འཁྲབ་པ། ཚོགས་འདུ་རྫུན་མར་འགྲོ་བ། བླ་སྤྲུལ་དང་སྐུ་ངོ་ཁག་ཅིག་གི་ཞབས་ཞུ་བ་དང་སྐད་སྒྱུར་བ་རྫུན་མ་འཁྲབ་པ་སོགས་མདོར་བསྡུས་ན། འཇིག་རྟེན་ཐོག་གི་གལ་ཆེན་དུ་རྩི་བའི་ལུས་ངག་ཡིད་གསུམ་པོ་བློས་བཏང་གིས་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དོན་གཉེར་བྱས། དེ་ནི་ལོ་རྒྱུས་ཀྱི་འཁོར་སྐྱོད་ཅིག་ཏུ་གྱུར། སུས་ཀྱང་འགོག་ཐབས་དང་ལྡོག་ཐབས་མེད་པའི་ཐག་གཅོད་རང་བཞིན་གྱི་བསམ་བློའིདཔུང་བསྐྱོད་ཅིག་ཏུ་གྱུར།
ནུབ་ཕྱོགས་སུ་འགྲོ་རྒྱུ་ལམ་ལྷོངས་མ་བྱུང་བ་ཁག་ཅིག་གིས། རང་སེམས་ཀྱི་སྡིགས་འཚིག་ཟོས་པ་བོད་གཞུང་དང་། ལྷག་པར་དུ་ལས་ཀྱི་སྣེ་མོ་བ་དག་ལ་འགེལ་བཞིན་པ་དང་བསྡོངས་ནས། ལག་དེབ་དང་མཐོང་མཚན་ཝེ་ཟ་ནག་ཚོང་རྒྱག་མཁན་དག་གིས་དཀྲོགས་གཏམ་བཟོས་ཏེ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་བཀའ་བཏང་སྟེ་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱིན་ཚུལ་སོགས་འུད་སྒྲོག་བྱས། ཁོ་བ་ཚོས་དཀྲོགས་གཏམ་ཅི་ཙམ་སྤེལ་བ་དེ་ཙམ་གྱིས་མི་རྣམས་སེམས་འཚབ་ལངས་ཏེ་ལག་དེབ་དང་ཝེ་ཟ་ཉོ་འཚོང་ཇེ་བཟང་དུ་སོང༌།
ཕྱོགས་གཞན་ཞིག་ནས་བཤད་ན། སྐབས་དེ་དག་ཏུ་ཨ་རི་དང་ནུབ་ཡུ་རོབ་ཏུ་གསར་སླེབས་བོད་མི་རྣམས་ལ་བོད་ནས་གསར་དུ་འབྱོར་བ་དང༌། རྒྱ་གར་དུ་གཏན་སྡོད་བྱེད་མཁན་རིགས་གཉིས་ཡོད་ཅིང༌། ཁོང་ཚོ་སུ་ཡིན་ཀྱང་དང་ཐོག་ཁོང་ཚོའི་སེམས་ངོ་ན་ཡོད་པ་ནི་ཤར་ཕྱོགས་ཀྱི་རིག་གཞུང་སྟེ། རང་ཉིད་ལས་ནང་མི་སྤུན་མཆེད་གཙོ་བའི་འདུ་ཤེས་འཛིན་སྟངས་ཀྱིས་བསྐུལ་ཏེ། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་དེ་མི་གྲངས་ལྔ་དྲུག་གམ་དེ་ལས་མང་བ་ཁང་མིག་གཅིག་ཏུ་མཉམ་སྡོད་བྱས། ལས་ཀ་ལ་བཟང་ངན་ཡག་བཙོག་གི་དབྱེ་གསེས་མེད་པར་སྒྲུབ་རྐྱང་བྱས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་ལས་ཆེན་པོ་བརྒྱབ་པའི་ཡོང་འབབ་ཕལ་མོ་ཆེ་རང་གི་ནང་མི་སྤུན་མཆེད་ཚོར་བཏང༌། ནང་མི་དག་གིས་དེ་ཉིད་གཞན་ལ་ངོམ་སྒྲོག་བྱས་པའི་རྐྱེན་གྱིས། བོད་མི་རྒན་གཞོན་ཚང་མ་སྔར་གྱི་རང་ཉིད་སྡོད་གནས་སུ་མུ་མཐུད་སྡོད་མི་ཤེས་པ་ལྟ་བུར་གྱུར།
དེའི་རླབས་རྒྱུན་རྒྱ་གར་དང་བལ་ཡུལ་ཙམ་མ་ཡིན་པར་བོད་ནང་ལའང་ཁྱབ་སྟེ། སྤྱི་ལོ་ ༢༠༠༠ ཡས་མས་ཀྱི་གསར་འབྱོར་བ་རྣམས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་རྒྱ་གར་དུ་ཡོང་དོན་ཅི་ཡིན་དྲིས་ཚེ། ཨ་རིར་འགྲོ་རྒྱུ་ཡིན་ཟེར་མཁན་མང་ཤོས་ལྟ་བུར་གྱུར། གང་ལྟར་དེ་འདྲའི་ངང་བཙན་བྱོལ་བོད་མིའི་བསམ་བློའི་སྒྲིག་འཛུགས་ལ་དོན་གྱིས་གཡོ་འགུལ་ཆེན་པོ་ཐེབས་ཡོད། གནས་སྟངས་དངོས་གནས་པ་འདི་འདྲ་ཁས་ལེན་བྱེད་འདོད་མེད་མཁན་དག་ལ་གྲོས་མོལ་ཅི་ཡང་ཞུ་བཞིན་མེད། འདི་བརྒྱུད་ནས་བོད་མི་ཆིག་འབུམ་བཞི་ཁྲིའི་ནང་དྲང་ཕྱོགས་ཀྱི་བསམ་བློ་གཏོང་མཁན་བརྒྱ་ཙམ་བྱུང་བ་ཡིན་ན་བདག་གིས་དཀའ་བརྒྱབ་པ་ལ་གྲུབ་འབྲས་ཐོན་པ་ཡིན།
མཐའ་མཇུག་རྒྱ་གར་རང་བཙན་ཐོབ་པ་ནས་སྟོང་ལོ་གསར་བའི་ལོ་མགོ་བར། ཚན་རིག་པ་དང༌། སྨན་པ། ལག་རྩལ་བ། རྩོམ་པ་བོ། ཚོང་བ་སོགས་ཚུད་པའི་ཡུལ་མི་ཕྱི་རྒྱལ་དུ་འགྲོ་མཁན་རྣམས་རང་གི་རྒྱལ་ཁབ་ལ་ཤ་ཞེན་མེད་མཁན་དང༌། མི་རིགས་ལ་དུང་ཞེན་མེད་མཁན། རིག་གཞུང་ལ་ཤ་ཚ་མེད་མཁན་དུ་རྩིས་ཁར། ཁོང་རྣམས་རྒྱལ་ཁབ་གཞན་དུ་སྤོས་ཉིན་ནས་རྒྱ་གར་ཡུལ་མིའི་(Citizenship) རང་བཞིན་འདོར་དགོས་བྱུང་བ་དང༌། རང་གི་སྐྱེས་ཡུལ་ལ་མ་དངུལ་ (Invest) བཏང་སྟེ་ཚོང་ལས་རྒྱ་བསྐྱེད་ཀྱི་ལམ་ཁ་བཀག་པའི་དབང་གིས། སྤྱི་ལོ་ ༢༠༠༢ ལོར་ཕྱི་སྡོད་རྒྱ་གར་ཕྱུག་བདག་གསུམ་ལ་ཡུལ་མིའི་ཐོབ་ཐང་བསྐྱར་དུ་སྤྲད་ནས། ཁོང་གསུམ་གྱིས་ལོའུ་རྡི་ཡ་ན་དང༌། ཧ་རིས་ཡ་ན་སོགས་སུ་ཞིང་ལས་ཡར་རྒྱས་དང༌། སྨན་ཁང་གསར་རྒྱག་བྱས་པ་ལྟ་བུ་ལས་རང་མིས་རང་ཡུལ་དུ་འཛུགས་སྐྲུན་མ་དངུལ་གཏོང་ཐབས་མ་བྱུང་བའི་གྱོང་གུད་དང༌། རྒྱ་ནག་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ཕྱི་སྡོད་རྒྱ་མི་ཡིན་ནོ་ཅོག་ལ་འབོད་བསྐུལ་གྱིས། ལོ་ངོ་བཅུ་གྲངས་ལ་ཕྱི་རྒྱལ་ནས་རྒྱ་ནག་ལ་མ་དངུལ་བཏང་བའི་བརྒྱ་ཆ་བརྒྱད་ཅུ་ལྷག་ཕྱི་སྡོད་རྒྱ་རིགས་ཡིན་ཅིང༌། དེས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤིན་ཏུ་ཕན་པ་བྱུང་བའི་གནས་ཚུལ་གཉིས་གཤིབ་བསྡུར་སོགས་མདོ་དོན་བཙན་བྱོལ་བོད་གཞུང་གི་ངོས་ནས། ཆབ་འབངས་རྣམས་ཀྱིས་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་བསྐྱུར་ཏེ་ནུབ་ཕྱོགས་སུ་ལས་གླ་འཚོལ་རྒྱུ་བདམས་ཟིན་པའི་སེམས་ཁམས་ལ་རྒྱུས་ལོན་མ་གནང་བར། མུ་མཐུད་ནས་སྐྱེ་ལྡན་སོ་ནམ་ (Organic Product) ཐོན་ལས་ལ་གཅིག་ཏུ་འབད་དགོས་པའི་སྲིད་ཇུས་འཛིན་བཞིན་པ་དེ་གཅིག་བྱས་ན་ས་སྟོང་ལ་མདའ་འཕེན་པ་ལྟ་བུར་མི་འགྱུར་བའི་ངེས་པ་མེད།
གལ་སྲིད་མི་དམངས་མང་ཤོས་ཀྱི་བསམ་བློ་ནུབ་ཕྱོགས་སུ་འཁོར་ཡོད་ན། བཙན་བྱོལ་བོད་གཞུང་གིས་སྤྱན་ཟུང་བཙུམ་སྟེ་མུ་མཐུད་ཨུ་ཚུགས་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་དེ་མ་ཡིན་པར། དེ་ལུགས་ཀྱི་སྲིད་ཇུས་གསར་བ་ཞིག་གྲ་སྒྲིག་དགོས་པ་དེ་དུས་རབས་ཀྱིས་ཚུར་བཀལ་ཡོང་བའི་འགན་འཁྲི་ཞིག་ཡིན་ནམ་སྙམ།
༢༠༡༠།༥།༨ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས།།
སྨྲ་ཤེས་དོན་གོ་ཞེས་པ་འདི་བོད་མི་ཞིག་ཡིན་དང་རྒྱ་དམར་གྱི་ཚོགས་པའམ་ལས་ཁང་ཞིག་ཡིན། བདག་གིས་མི་ཤེས་ཀྱང་ཁོའི་བསམ་ཚུལ་དང་བཤད་སྟངས་ནི་འཇིགས་བསྐུལ་སྡིགས་མོ་ལ་དགའ་བའི་རྒྱ་ངན་གྱི་ལོག་སྤྱོད་གཤིས་ཀ་ཆེན་པོ་ལྡན་འདུག
བདག་ནི་འབྲེལ་ཡོད་བོད་གཞུང་དང་གཞི་བྱེས་བོད་མི་རྣམས་ཀྱིས་གསལ་མཁྱེན་ཡོད་པ་ལས་ཁྱོད་བཞིན་གཟིག་སྤག་འོག་ནས་རྫུན་གཏམ་བསྐྱར་འགོད་ཀྱི་ལས་ངན་བྱེད་མི་སྲིད་ལ་དེ་བས་ཀྱང་ཁྱོད་ཀྱི་འཇིགས་བསྐུལ་ལ་ཞེད་སྣང་བྱེད་མི་སྲིད།
གལ་སྲིད་ཁྱོད་བོད་མི་ཞིག་ཡིན་ཀྱང་རྒྱ་དམར་གྱི་མགོ་བསྐོར་འོག་ཚུད་ཡོད་ན། དཔྱོད་ལྡན་སེར་བྱེས་རྭ་རྒྱ་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི། ས་ཡོམ་རྗེས་ཀྱི་མཐོང་ཐོས་དང་མནོ་བསམ ༢༠༡༠/༠༥/༢༡ བོད་ཀྱི་དུས་བབ་ཐོག་འདོན་སྤེལ་བྱས་འདུག་པས། འདི་ལ་ཁྱོད་ཀྱིས་ཞིབ་གཟིགས་བྱོས་དང་ཁྱོད་ཀྱི་ལོག་རྟོག་ཞི་ངེས། https://tibettimes.net/wordpress/news.php?id=2780
གོང་གི་དཔྱད་རྩོམ་་ལས་གསུངས་བ་ལྟར། སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་མ་ཐག་རང་གཞུང་བཀའ་ཤག་དང་སྤྱི་མཐུས་ཀྱིས་སྔ་ཕྱིར་སེམས་གསོའི་སྤྱི་བསྒྲགས་དང་གཞུང་འབྲེལ་མྱ་ངན་ཚོགས་འདུ་བྱས་ཡོད་པ་དང་། ཁྱད་པར་གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་སྐྱེ་རྒུ་མདོར་ཕེབས་ནས་གནོད་ཐེབས་བོད་འབངས་ལ་རོགས་སྐྱོར་མཛད་དགོས་གསུངས་བ་ལྟར་རྒྱ་གཞུང་ལ་འབྲེལ་བ་བྱས་ཡོད་ནའང་དངོས་ལན་མེད་པས་ད་ལྟ་བར་གོང་ས་མཆོག་གིས་རྒྱ་གཞུང་གི་ལན་སྒུག་བཞིན་བོད་ལ་་ཕེབས་རྒྱུའི་འཆར་གཞི་་ཡོད་པ་ལས་་སྐྱེ་རྒུ་མདོའི་མི་དམངས་ལ་རོགས་རོམ་མ་གནང་བ་དེ་འདྲ་གཏན་ནས་མ་རེད། གོང་ས་མཆོག་གིས་བོད་འབངས་བརྩེ་་བ་བཞིན་འཛམ་གླིང་དབུ་ཁྲིད་སུས་ཞིག་གིས་སོ་སོའི་་མི་དམངས་ལ་བརྩེ་བ་བྱེད་ནུས་སམ་?
སྤྱིར་ན་ང་ཚོའི་ཞབས་འདེགས་ཀྱི་དངུལ་རྣམས།
ལྐོག་ཟ་ལ་བྱང་ཆུབ་པའི་རྒྱ་གཞུང་གི་དཔོན་ངན་ཚོ་ལ་སྤྲོད་པ་ལས།
གཞི་བྱེས་གཉིས་ཀའི་བོད་མི་ཉམ་ཐག་རྣམས་ལ་སྤྲད་ན་དགེ་བ་དང་ཕན་ཡོན་ཆེ་ཏེ།
དཔྱོད་ལྡན་མི་ནག་ཚང་ལུང་རིགས་རྒྱལ་གྱིས་ ༢༠༡༠/༠༥/༡༩ ཉིན་འདོན་སྤེལ་བྱས་པའི་དུས་བབ་ཟུར་མཆན་དུ་། རྒྱ་དམར་གྱིས་བོད་མིའི་ལག་ནས་ཕར་འཕྲོག་ནས་ཁྱེར་བའི་རྒྱུ་དངོས་དེ་དག་ཚུར་མ་རག་པར། འདི་ནས་སྐྱབས་བཅོལ་བ་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་སློང་མོ་བརྒྱབ་སྟེ། བསགས་ཤིང་བསྡུས་པའི་དངུལ་དེ་ཚོ་སླར་ཡང་རྒྱ་ནག་གཞུང་གི་ལག་ལ་སྤྲད་ན་རྒྱ་གཞུང་གིས་དེ་ཙམ་གྱིས་ཁེ་ཕན་ལེན་གི་རེད། རོགས་དངུལ་དེ་དག་སྤྱད་དེ་མདེའུ་རེ་རེ་བཟོས་ནས་ཁྱེར་ཡོང་གི་རེད། མདེའུ་དེ་དག་ཀྱང་འདས་པའི་ལོ་ ༣༠ ནང་ཚུན་དུ་བོད་པ་ཚོའི་སྟེང་ལ་བཀོལ་བ་ནང་བཞིན་ཞིག་མི་རིགས་གཞན་གྱི་སྟེང་ལ་བཀོལ་མེད་པའི་ཚོད་ཡིན།
ཞེས་པ་གསུངས་བ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་ ༢༠༡༠ ༠༥ ༢༡ ཉིན་བོད་ཀྱི་བང་ཆེན་ཐོག་བཀོད་པའི་ལས་གཤམ་གྱི་གནས་ཚུལ་འདི་གཟིགས་དང་།
རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གྱི་རོགས་རམ་བཙན་བཀག
འོད་ཟེར་ལགས་སུ་ཡུལ་ཤུལ་བུའམ་བདེན་སྨྲ་ཞེས་པའི་སྨྱུག་མིང་ཐོག ས་གནས་རང་ནས་བཏང་བའི་ཡུལ་ཤུལ་གྱི་གནས་ཚུལ་བོད་ཡིག་རྒྱ་བསྒྱུར་བྱས་པའི་ནང་གསལ་ལྟར་ན། ས་ཡོམ་གྱི་གོད་ཆག་རྗེས་སུ་བོད་ཀྱི་དགོན་སྡེ་དང་སྒེར་མང་པོས། དང་བླངས་ཐོག་ནས་རོགས་སྐྱོར་བྱས་པ་དང། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་གཅིག་མཚུངས་ཀྱིས། གྲྭ་པ་སྟོང་ཚོ་ཁ་ཤས་ཀྱིས་རོགས་སྐྱོར་གྱི་ཅ་དངོས་ཕོན་ཆེན་ཁྱེར་ནས་སྐྱེ་རྒུ་མདོར་འབྱོར་ཡོད་པ་རེད།
ཁོང་ཚོ་དངོས་སུ་ཕེབས་ནས་མི་མང་ལ་དངུལ་དང་ཅ་དངོས་བསྐྱེལ་བ་མ་ཟད། ཡུལ་གང་སའི་མི་དམངས་རྣམས་ལ་དངུལ་ (མི་རེ་ལ་རྒྱ་སྒོར་སུམ་བརྒྱ་རེ) དང་ཅ་དངོས་ཞིབ་ཕྲའི་སྒོ་ནས་བསྒོ་འགྲེམས་བྱས་སོང། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི། དྲང་བདེན་གྱི་ཕྱག་གཉིས་བརྐྱངས་ནས་རོགས་སྐྱོར་ཆེད་དུ་ཕེབས་པའི་གསེར་རྟ་དགོན་གྱི་རབ་བྱུང་རྣམས་ལ། རྒྱ་ནག་གཞུང་གིས་ཧ་ཅང་དོ་ནན་གྱིས་ཚོད་བཀག་བྱས་སོང། བྱ་བྱེད་དེ་དག་ཡོངས་ནི་རྒྱ་ནག་དབུས་གཞུང་རིམ་པའི་གཙོ་དཔོན་ཀྲོའོ་ཡོང་ཁང་གིས་བཀའ་རྒྱ་བཏང་ནས་ལག་བསྟར་བྱས་ཡོད་ཚུལ་འདུག
ཉིན་འགའི་རིང་གསེར་རྟ་དགོན་པའི་འབྲེལ་ཡོད་དབུས་ལས་ཡོངས་རྫོགས་སྲིད་གཞུང་གི་འབོད་འགུག་བྱས་ཏེ། ཁོང་ཚོའི་རོགས་སྐྱོར་གྱི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་ཚུལ་བརྗོད་པ་དང། རོགས་སྐྱོར་ནང་ཞུགས་པའི་བྱ་བ་དེ་དག་ནི་དྲིལ་བསྒྲགས་ཀྱི་ཆེད་དུ་ཡིན་པ་ལས་བྱམས་སེམས་དང་སྙིང་རྗེའི་རྩ་བའི་རྨང་གཞི་མིན་ལུགས་བཤད་པ་མ་ཚད། ད་དུང་རབ་བྱུང་ཚོས་རང་ངོས་ནས་ཤི་བོའི་གྲངས་ཀ་ཞིབ་བཤེར་བྱས་པ་སོགས་ནི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་བྱ་བ་རེད་ཟེར་ནས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་རབ་བྱུང་ཚོ་རོགས་སྐྱོར་གྱི་བྱ་བར་ཞུགས་མི་ཆོག་པའི་བཀག་རྒྱ་བཀྲམས་ཡོད་ཅེས་གསལ་འདུག
ད་དུང་རྩོམ་དེའི་ནང་གསལ་བ་ལྟར་ན། འདི་ནི་ས་ཡོམ་བྱུང་ནས་ད་བར་བོད་མིར་མ་ཉེས་ཁ་གཡོག་བྱས་པའི་དོན་རྐྱེན་ཐོག་མ་དེ་ཡིན་ཞིང། འདིའང་རྒྱ་གཞུང་གིས་སྤེལ་བའི་མཐའ་མའི་བྱ་ངན་ཞིག་ཡིན་མི་སྲིད། རྒྱ་ནག་གཞུང་ངོས་ནས་ཉམ་ཆུང་མི་མང་རྣམས་ལ་ས་ཡོམ་གོད་ཆག་ཐད་སྲིད་གཞུང་ཁོ་ནར་མི་རེ་ཐབས་མེད་ཀྱི་ཚོར་ཤུགས་སྤྲད་ཅིང་། དོན་དངོས་ཐོག་དེའང་ད་ཐེངས་རྒྱ་གཞུང་གིས་ཡུལ་ཤུལ་ས་ཡོམ་གོད་ཆག་ཕོག་པའི་མི་མང་ལ་རོགས་སྐྱོར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཡིན་པར་བརྟེན། རྒྱ་གཞུང་གིས་དགོན་པའི་ཕྱོགས་ཀྱི་རོགས་སྐྱོར་གྱི་བྱ་བར་དགའ་པོ་མེད་ལ། དེར་བཙན་ཚུགས་ཀྱིས་བཀག་བསྡོམ་བྱས་ཤིང། རོགས་སྐྱོར་ཚོགས་པ་མང་པོ་ས་ཁུལ་དུ་སྐྱོད་མི་ཆོག་པ་བཟོས་པ་མ་ཟད། ད་དུང་ཐོག་མཐའ་བར་གསུམ་དུ་སྟབས་བདེའི་ཐུག་པ་དང་འཐུང་ཆུ་སྤྲད་པ་ཙམ་གྱིས་དོན་དངོས་ལ་ཕན་འབྲས་མེད་སྐོར་བསྒྲགས་ཏེ་འགག་རྩར་ཐུག་དུས་རྒྱ་ནག་གཞུང་ལ་བརྟེན་དགོས་ཚུལ་བཤད་པ་རེད། རྒྱ་གཞུང་གིས་དེ་འདྲའི་རྩ་བའི་ཀུན་སློང་དང་དམིགས་ཡུལ་ཁྱེར་ནས་རྒྱ་གཞུང་རང་ཉིད་ལས་གཞན་རོགས་སྐྱོར་དཔུང་ཚོགས་གང་རུང་གི་རོགས་རམ་ལ་ངོས་ལེན་དང་མུས་མཐུན་བྱེད་ཀྱི་མེད་པ་རེད་ཅེས་གསལ་འདུག །
http://www.tibetexpress.net/bo/home/2010-02-04-05-37-19/3244-2010-05-20-08-54-19
ཧོར་འཇིགས་ལགས།་དེ་དེ་བཞིན་ནོ་།
བདག་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་བོད་རིགས་ཡིན་པའི་ཆ་ནས་དམངས་གཅོ༹་ཡོངས་དག་པའི་ལམ་ནས་མངོན་སུམ་དུ་མཐོང་ཆུ༹ལ་བཤད་པ་ལས་རྒྱུ་མཆ༹ན་མེད་པའི་གནས་སྟངས་བརྗོད་ག་ལ་སྲིད།
ཡིན་ན་གཟིག་པགས་གྱོན་པའི་སྡེ་དགེ་འཇིགས་མེད་ཁོ་བོ་ངག་འཁྱལ་ལ་ཉན་ན་རྒྱུ་མཆ༹ན་གང་ཡང་མ་མཐོང། འོན་ཀྱང་ཁོ་བོས་བྱ་སྤྱོད་དེ་ཆོ༹་འདིའི་ནང་བཀོད་ན་དེ་ནས་ཁོ་བོ་བཅ༹ན་བྱོལ་དུ་གནས་ཐབས་བྲལ།
མ་ཟད་ཁོ་བོས་ཁ་ནས་བཤད་པ་དང་དོན་གྱི་ལས་ཀ་གཉིས་དངོས་སུ་འགལ་བ་མ་ཆ༹ད་རྒྱས་པ་སྤྲོ་ན་མི་ལེགས་སོ།།
སྨྲ་ཤེས་དོན་གོ་ཞེས་པའི་མི་འདིས། དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པའི་རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་ངོ་མ་རྣམས། དྲྭ་ཚིགས་ཀུན་དུ་བསམ་བཞིན་དུ་བསྐྱར་་འགོད་ཡང་འགོད་བྱས་འདུག་པས། དུས་བབ་ཚང་གིས་ཐུགས་བརྩེ་བས་ཉམ་ཆུང་བོད་མི་རྣམས་ཀྱི་གནས་སྟངས་ལ་དགོངས་ནས། རྒྱ་དམར་གྱི་ལོག་སྤྱོད་དྲིལ་བསྒྲགས་འདིའི་རིགས་བོད་མིའི་དྲྭ་རྒྱར་མི་བཀོད་རོགས་ཞུ།
མཁས་དབང་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་
“དྲན་བསྐུལ་”
གྱི་བསམ་ཚུལ་ལ་ཞིབ་བལྟ་བྱས་པས་འདི་ཡིན་གྱི་ཁ་ཕྱོགས་གསལ་བོར་མ་མཐོང་ཀྱང་བདག་གི་བསམ་ཚུལ་འདི་ཁོང་གི་དམིགས་ཡུལ་ཡིན་པའི་རེ་བ་ཡོད།
ང་ཚོའི་ཤེས་དགོས་པ་ཞིག་ལ་རྒྱ་གར་རང་བཙན་༡༩༤༧ཐོབ་ནས་སྟོང་ལོ་༢༠༠༡གསར་བའི་ལོ་མགོ་བར། རྒྱ་གར་གཞུང་གིས་ཡུལ་མི་ཕྱི་རྒྱལ་དུ་འགྲོ་མཁན་རྣམས་ལ་རང་གི་རྒྱལ་ཁབ་ལ་ཤ་ཞེན་མེད་མཁན་དུ་རྩིས་ཏེ་བདག་པོ་བརྒྱབ་མེད་པ་དང་། སོ་སོའི་ཕ་ཡུལ་ལ་མ་དངུལ་ (Invest) བཏང་སྟེ་ཚོང་ལས་རྒྱ་བསྐྱེད་ཀྱི་ལམ་ཁ་བཀག་པའི་དབང་གིས། ཕྱི་དངུལ་ནང་འདྲེན་མ་ཐུབ་པས་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུད་ཚབས་ཆེན་རྒྱ་གར་གཞུང་ལ་ཕོག་ཡོད་པ་རེད།
དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ཕྱི་སྡོད་རྒྱ་ནག་མི་རིགས་ཡིན་ནོ་ཅོག་ལ་འབོད་བསྐུལ་དང་འབྲེལ་བ་བྱེད་རྒྱུའི་ཐབས་ཇུས་ལག་བསྟར་བྱས་པར་བརྟེན། ལོ་ངོ་བཅུ་གྲངས་རིང་ལ། ཕྱི་ཕྱོགས་ནས་རྒྱ་ནག་ལ་མ་དངུལ་བཏང་བའི་བརྒྱ་ཆ་བརྒྱད་ཅུ་%༨༠ ལྷག་ནི། ཕྱི་སྡོད་རྒྱ་རིགས་ཚོས་བཏང་བ་ཡིན་པས། གཞི་རྒྱ་ཆེ་བའི་ཕྱི་དངུལ་ནང་འདྲེན་དེས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤིན་ཏུ་ཕན་པ་བྱུང་ཡོད།
དེས་ན་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་། གོང་གི་གནས་ཚུལ་ཁག་གཉིས་ལ་ཞིབ་འཇུག་དང་གཤིབ་བསྡུར་བྱས་ནས། ནུབ་ཕྱོགས་སུ་ལས་གླ་ལེན་བཞིན་པའི་བོད་མི་རྣམས་ཀྱི་སེམས་ཁམས་ལ་རྒྱུས་ལོན་ལེགས་པར་གནང་ཏེ། དེ་ལུགས་ཀྱིས་ཕྱི་སྡོད་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་དུས་རབས་ཀྱིས་ཚུར་བཀལ་ཡོང་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?
ཧོར་གཙང་གིས་ད་ཡིན་ན་ཕྲུ་གུ་འདི་ཚོ་འདུག་མི་ཚུགས་པ་ཞིག་བཟོས་འགི་ཡ། ཕྲུ་གུ་ཚོ་ཁག་མེད། ངས་གོང་དུ་སྲིད་ཟེར་བ་འདི་ཝ་མོའི་འདུར་ལུགས་འདྲ་བ་རེད་བཤད་ཡོད། ཧོར་གཙང་གིས་ཀྱང་སྲིད་ཟེར་བ་འདི་ཧ་མ་གོ་དུས་སྤྱི་འཐུས་ཀྱི་ཐེམ་པ་འགོངས་མྱོང་མེད་པའི་ཞི་ལི་ཚོས་ཧ་ག་ནས་གོ། ནུབ་ཕྱོགས་སུ་འགྲོ་བ་ནི་བོད་པ་ཙམ་མ་ཡིན་པར་འཛམ་བུ་གླིང་གི་མི་ཕལ་ཆེ་བའི་འདོད་པ་རེད། ལུས་སྲོག་ལོངས་སྤྱོད་བཏང་ལ་ལམ་བུ་དཀར་ནག་སྐྱ་གསུམ་འགྲིམས་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ནང་འཛུལ་ཨེ་ཐུབ་བལྟ་བ་རེད། བསྐྱོད་འདོད་པ་ནི་གནད་དོན་གཅིག་རེད་ལ། བསྐྱོད་ཐུབ་མིན་ནི་གནད་དོན་གཞན་ཞིག་རེད། གལ་ཏེ་ནུབ་ཕྱོགས་སུ་བསྐྱོད་འདོད་པ་ཚང་མ་ནུབ་ཕྱོགས་སུ་བསྐྱོད་ཐབས་ཤིག་བྱེད་རྒྱུ་ཡོད་ན་ཧོར་གཙང་གི་ལྟ་བ་འདི་ཡང་བསམ་བློ་གཏོང་གཞི་ཞིག་ཡོད་རེད། ཡིན་ཀྱང་དོན་དངོས་དེ་ལྟར་རེད་པས། ཧོར་གཙང་ལགས། ནུབ་ཕྱོགས་རྒྱལ་ཁབ་ཚང་མས་མི་སྣ་ནང་འདྲེན་བྱེད་པར་ཆ་རྐྱེན་མང་པོར་ལྟ་བ་དང་། གལ་ཆེ་བ་ཡོན་ཏན་དང་འཇོན་ཐང་། དངུལ་ཡོད་མིན་རེད། ཆ་རྐྱེན་འདི་ལྟ་བུ་འཛོམས་པ་ཡང་འཚང་ཁ་ཤིག་ཤིག་ཡིན་མོད་བརྒྱ་ལས་གཅིག་ཐར་ན་རབ་རེད། ང་ཚོ་བོད་པ་ཆ་རྐྱེན་འདི་དག་འཛོམས་པའི་སྒོ་ནས་འགྲོ་མཁན་ཉུང་ཉུང་རེད། ལམ་ཉག་ཅིག་ནི་ཆབ་སྲིད་ཐོག་ནས་རོགས་པ་ཐོབ་ཏེ་ལེན་རྒྱུ་དེ་རེད། སྔོན་མ་བོད་མི་གང་ཙམ་དེའི་ཐོག་ནས་བླངས་པ་རེད། དེ་དག་གི་ནང་མི་དུས་ཚོད་བཟོས་ནས་བླངས་པ་རེད། སྲིད་ཇུས་དེ་འདྲ་རེ་གཏན་འབེབས་པ་ལ་རིམ་པ་མང་པོ་བརྒྱུད་དགོས་པ་མ་ཟད་མི་གྲངས་ཀྱི་ཚད་བཀག་ཡོད་ལ། གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་བལྟ་བ་རེད། ཨ་རི་ལྟ་བུར་རྒྱལ་ཁབ་གཞན་ནས་ཕན་ཐོགས་ཆེ་བའི་མི་མང་པོ་ལེན་མོད། ངོ་བོ་རོགས་པའི་ཐོག་ནས་ལེན་པ་ཉུང་ཉུང་རེད། གཙོ་བོ་ཨ་རི་རང་གི་ཁེ་ཕན་ལ་བལྟ་བའི་རྒྱུ་མཚན་གྱིས་རེད། གནས་བབ་རྫུན་མ་དང་། ཐོབ་ཐང་རྫུན་མ་སོགས་རྫུན་མ་མང་པོ་ཞིག་བཟོས་ནས་ནུབ་ཕྱོགས་སུ་འཛུལ་བ་དེ་གནས་ཚུལ་ཁག་ཁག་རེད། ཧོར་གཙང་གིས་གོང་དུ་མང་པོ་དྲངས་འདུག དྲན་བསྐུལ་ཡག་པོ་བྱས་འདུག དྲན་བསྐུལ་བྱེད་ས་དེ་བོད་པ་ཙམ་ཡིན་བསམས་ན་ཡི་གེ་དང་སྐད་ཆ་གཉིས་འཁྲུལ་བ་རེད། འོན་ཀྱང་ང་རང་བོད་པའི་སྲིད་དོན་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པས་ཧོར་གཙང་གི་སྐད་ཆ་དེ་དག་ཕལ་ཆེ་བར་ཡིད་ཆེས་མེད། དེ་ནི་ཁོ་རང་གི་སྙན་ངག་གམ། ནམ་དགུང་གི་གཉིད་ལབ་ཞིག་ལ་ངོས་འཛིན་པ་ཡིན། བོད་པ་རྣམས་ནུབ་ཕྱོགས་སུ་མང་ཙམ་བསྐྱོད་ཨེ་ཐུབ་བལྟ་རྒྱུར་གཞུང་དམངས་གཉིས་ནས་འབད་པ་ལ་ངས་རྒྱབ་སྐྱོར་ཡོད། ཡིན་ཀྱང་བཙན་བྱོལ་གཞུང་ཞིག་འགག་རྩའི་གནས་སྐབས་སུ་རིག་པ་བསྒྲིམས་ནས་བོད་དོན་མི་སྒྲུབ་པར། རྩ་བ་ནས་ཡོང་མི་སྲིད་པ། བཙན་བྱོལ་ལས་ཁུངས་སམ་བཙན་བྱོལ་བ་རྣམས་ས་གཅིག་ནས་ས་གཞན་ལ་སྤོ་ཐབས་བྱ་རྒྱུ་དེ་ལོ་རྒྱུས་ཀྱིས་ཚུར་སྒལ་པར་བཀལ་བའི་འགན་འཁྲི་ཞིག་ཡིན་པས་དེ་ལ་བྲེལ་དགོས་ཟེར་བ་ནི་ཡ་མེད་ལྐུགས་རྟགས་རེད། རྒྱུ་མཚན་གོང་མཆན་ནང་ཡོད་པས་བསྐྱར་འབྲི་མེད། ཧོར་གཙང་ལ་རེ་བ་ཞིག་ཡོད་པ་དེ་བོད་མིའི་ཁ་རྒྱུན་འདིས་འཐུས་པར་བྱེད། རྐང་རྗེས་ལག་བསུབ་མ་བྱེད་རོགས།
གོང་གི་རེ་སྐུལ་ཐུང་ངུ་འདི་སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱིས་སྐུ་ཞབས་ལྷ་ཆབ་ལགས་སུ་བསྐུར་བའི་འཕྲིན་ཡིག་ཅིག ཁོང་གི་ཟིན་བྲིས་སུ་བཀོད་འདུག་པའི་གཤམ་དུ་བཞག་པའི་མཆན་ཐུང་ཞིག་ཡིན། ཡིན་ནའང་། རེ་སྣང་ཞིག་གིས་འདིར་བཀོད་དགོས་བྱུང་།
དེང་སྐབས་ང་དོ་སྣང་ཡོང་ས་ནི་སྐུ་ཞབས་ཧོར་གཙང་ལགས་ཀྱིས་དྲ་ཐོག་ཏུ་སྤེལ་གྱིན་པའི་དཔྱད་རྩོམ་གསར་བ་འདི་དག་ཡིན། ཁོང་གིས་རྩོམ་ཡིག་རེ་རེ་ཀློག་སྐབས་དངོས་གནས་བདག་གི་བློ་རིག་གི་སྒོ་མོ་ཆེས་ཆེར་ཕྱེ་གི་འདུག
ངོ་བསྟོད་མིན། དོན་དངོས་ཡིན། དཔེར་ན་གོང་གི་རྩོམ་ཡིག་གི་ནང་གི་དྲ་བའི་རིག་གནས་སྐོར་གྱི་གསལ་འགྲེལ་དང་དེའི་མཇུག་གི་ཚིག་སྡུད་རྒྱག་སྟངས་སྐོར་གྱི་གནད་འགག་དག་རེད། དེས་ང་གཅིག་པུ་ཙམ་མིན་པར་ང་དང་ང་ལྟ་བུའི་གསར་སྐྱེས་རྩོམ་པ་བོ་རྣམས་ལ་ཕན་ཐོགས་ངེས་ཅན་ཞིག་ཐོབ་པར་བདག་གིས་ཁ་ཚོན་བཅད་ནས་བཤད་ཐུབ།
སྐབས་འདི་དག་ཏུ་ངས་སྐུ་ཞབས་ཁོང་ལ་སེམས་སྟེང་གི་རེ་བ་ཞིག་ཞུ་འདོད་པ་ནི། སྐུ་ཞབས་ཁོང་གིས་སྔར་བོད་ཀྱི་དུས་བབ་ཟིན་བྲིས་ས་མིག་ཏུ་ཟིན་བྲིས་གསར་བ་ཞིག་སྒོ་འབྱེད་བྱས་ཀྱང་། རྗེས་སུ་དེའི་ནང་དུ་རྩོམ་ཡིག་གཅིག་ཀྱང་མ་བཀོད་པས་རྩོམ་སྒྲིག་པས་སྒོ་བརྒྱབས་ཡོད། གལ་སྲིད་བྱུང་ན་ས་མིག་དེ་བེད་སྤྱོད་ཀྱིས་ཁོང་གིས་བརྗོད་འདོད་པའི་གསུང་མོལ་དག་ཟིན་བྲིས་སུ་སྤེལ་ཏེ། ང་ཚོ་སྟེ་བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་རྣམས་དང་མཉམ་དུ་བགྲོ་གླེང་གི་ར་བར་ཞུགས་རྒྱུ་དེ་ཡིན།
ཁོང་བོད་ཀྱི་དུས་བབ་ཟིན་བྲིས་སྟེང་ཕེབས་ཏེ་ཉུང་མཐར་ཡང་ཟླ་རེར་རྩོམ་ཡིག་གཉིས་རེ་འབྲི་ཐུབ་ན་ཆོག་གི རྩོམ་པ་བོ་ཞིག་གི་ངོས་ནས་ཟླ་རེར་རྩོམ་ཡིག་གཉིས་འབྲི་བ་དཀའ་ཁག་ཅན་ཞིག་མིན་ལ། ལྷག་པར་དུ་ཁོང་ལྟ་བུ་ཞིག་གི་ངོས་ནས་རྩོམ་ཡིག་གཉིས་ནི་འགྲོ་ཞོར་འདུག་ཞོར་ཙམ་གྱི་ལས་ཀ་ཞིག་རེད། ཡིན་ནའང་། ཁོང་གིས་འགྲོ་ཞོར་འདུག་ཞོར་ཙམ་དུ་བྲིས་པའི་རྩོམ་ཡིག་གིས་ང་ཚོ་གསར་སྐྱེས་པ་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པས་ན། གཞན་ཕན་གྱི་སེམས་དང་གཞོན་སྐྱེས་སྐྱེད་སྲིང་གི་ཕྱིར་དུ་ཕྱིར་བོད་ཀྱི་དུས་བབ་ཟིན་བྲིས་སུ་ཕེབས་རྒྱུ་རེ་བ་ཡིན།
ཡང་དེ་སྔོན་ཟིན་བྲིས་ནང་རྩོམ་ཡིག་མ་སྤེལ་བ་དེའི་སྐོར་ལ་སྐབས་དེར་རེ་འགས་རྫུན་གཏམ་དང་བསུན་བཙུར་ལ་ཞེད་ཚུལ་ཞིག་བརྗོད་ཀྱིན་ཡོད། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ན། གོང་གི་རྩོམ་ཡིག་ཏུ་ཁོང་གིས་ ༼ ངས་ནམ་ཡིན་ཡང་བདེན་པ་ནི་བདེན་པ་ཡིན་པས། འཁྱོག་བཤད་རྫུན་ཧམ་དེ་དག་གིས་གནས་སྐབས་དཀྲོགས་གཏམ་ཙམ་བཟོ་ཐུབ་པ་ལས་དོན་གྱི་བདེན་པ་རྩ་མེད་དུ་བཟོ་མི་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད། གལ་སྲིད་རྫུན་དང་གཡོ་ཁྲམ་གྱིས་བདེན་པ་གཙང་ཕྱགས་བྱེད་ཐུབ་པ་ཡིན་ན། ང་ཚོས་ལོ་ངོ་སྟོང་ཕྲག་རིང་གལ་ཆེར་བརྩིས་པའི་ལས་འབྲས་ཟེར་བ་དེ་ཡིད་བརྟོན་མེད་པ་ཞིག་ཏུ་གྱུར་པ་མ་ཡིན་ནམ། ༽ ཞེས་སྐད་གསེང་མཐོན་པོས་འདི་ལྟར་བསྒྲགས་པར་དོན་སྙིང་དེ་ཙམ་ལྡན་མེད།
ཡིན་ནའང་། ངས་ནི་དེ་ལྟར་མ་ཡིན་པར་རྒྱུ་རྐྱེན་གཞན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།
གང་ལྟར་མདོར་དྲིལ་ཏེ་བཤད་ན་ཁོང་ལྟ་བུའི་གྲགས་ཅན་རྩོམ་པ་བོ་གང་ན་སུ་བཞུགས་རྣམས་འདིར་ཡོང་ནས་བྱུང་ན་སློབ་སྟོན་དང་། མ་བྱུང་ཡང་བགྲོ་གླེང་། དེ་ལྟར་ཡང་མ་བྱུང་ན་ཉོག་བཤད་རེ་རྒྱག་རྒྱུ་དེ་བདག་གི་རེ་བའོ། །
དྲང་པོ་ཞུ་ན་བཀའ་བློན་དང་སྐུ་སྒེར་མི་ག་ཚོད་ཕྱི་རྒྱལ་ལ་འདུག།
ད་སོ་སོ་ཕྱོགས་དེ་རྫོགས་འགྲོ་དུས་གཞན་མི་དམངས་སྐྱོ་བོ་དེ་ཚོ་ལ་མིག་ཟུར་ཙམ་མ་བལྟ་བ་འདི་ནི་དགེ་སློང་ཞིག་གི་ལས་འགན་ཨེ་ཡིན་སྙམ།།
སོ་སོ་
ཧེ་ཧེ་།།
རྒྱལ་བ་རིན་པོ་ཆེ་མཁྱེན།
ད་
རྭ་ལྷུན་གྱིས།
ང་ཚོ་བཙན་བྱོལ་དུ་ཡོང་ནས་དཀའ་ངལ་ཆེ་ཤོས་ནི། རང་ཉིད་ལ་དབང་བའི་ས་ཆ་མེད་པ་དང་དངུལ་གྱི་ཐོན་ཁུངས་མ་རེག་པ་དེ་རེད་ལ། དེ་ལས་ཀྱང་རང་ཡུལ་རང་ཉིད་ལ་མ་དབང་བ་དེ་ལོས་ཡིན། རྒྱ་གར་གཞུང་ནས་སྐྱབས་བཅོལ་ལག་དེབ་དང་ཕྱི་བསྐྱོད་ལག་འཁྱེར་གཉིས་སྤྲོད་ཀྱི་ཡོད་པས་ཕྱི་རྒྱལ་དུ་སོང་སྟེ། དང་པོ་རང་ཉིད་དཔལ་འབྱོར་ཐོག་དཀའ་ངལ་མེད་པ་བཟོ་རྒྱུ་གལ་ཆེ། དེ་མིན་རྒྱ་གར་གྲོང་གསེབ་ནས་ཁང་པ་གླ་ཆ་བཏང་སྟེ་མི་ཐོག་མང་པོ་འགྲོ་དགོས་ན་འཚོ་བ་མཐའ་འཁྱོལ་བ་ཁག་པོ་རེད་བསམ་བྱུང་། དེ་ལ་རོགས་པ་བྱེད་ཐུབ་མཁན་འདྲ་མེད་ན་ཁ་ལབ་རྐྱང་པ་བཤད་ན་སྔོ་ཐོགས་པ་ནམ་མཁའི་མེ་ཏོག་ཡིན། གལ་ཏེ་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་བོད་གཞུང་དཔྱ་ཁྲལ་ལག་དེབ་ཀྱི་མིང་ཟུར་མ་འདྲ་བ་ལྟ་བུའི་དཀའ་ངལ་གནོད་ཤུགས་སྤྲད་ཡོང་ན། དེ་ལས་རྒྱ་མིའི་འོག་ཏུ་བསྡད་ན་རང་ཡུལ་ཧ་ཅང་སྐྱིད་པོ་རེད་དྲན་གྱི་འདུག འདི་འདྲ་ནི་སེམས་ཤུགས་ཆགས་པའི་རྒྱུ་གཅིག་ཡིན། བོད་གཞུང་ནས་དེ་ལ་རྒྱབ་སྐྱོར་མ་ཐུབ་ན་བར་ཆོད་གཏོང་དགོས་དོན་ག་འདྲ་ཡིན་ནམ། ང་ཚོའི་ཤ་རུས་ཁྲག་གསུམ་བོད་པ་ཚང་གི་ཡིན་པ་ལ་དོགས་པ་རྩ་བ་ཉིད་ནས་མེད། མིང་ཟུར་ཙམ་ལ་བསྙད་བཏགས་ནས་བོད་པ་ནང་ཁུལ་ལ་གནོད་ཤུགས་སྤྲད་པ་ཨ་ཐང་ཆད་པ་ཞིག་རེད། འདིའི་ཕྱོགས་སུ་ཚང་མས་བསམ་བློ་གཏོང་དགོས་པ་གནད་འགག་ཤིན་ཏུ་ཆེ་བར་སྙམ།
དཀོན་མཆོག་གསུམ་ངོ་ཚ་རྒྱུའང་མི་འདུག་་་་འགའ་ཤས་ཀྱིས་ཡིན་མདོག་མདོག་ཅིག་བཤད་ཁུལ་བྱས་ནའང་བཤད་སྟངས་ཤིག་ཕར་ཞོག་ཡིག་ནོར་ཁོ་ནས་མཆན་བུ་དག་ཁེངས་འདུག་པས་ཀློག་མཁན་ཚོར་ཉོབ་སྣང་ཞིག་སྤྲད་བྱེད་ཅིག་ལས་མི་འདུག་ཡ། ཧོར་གཙང་བས་འདི་ལྟ་བུའི་སྤྱི་ཚོགས་དཔྱད་བརྗོད་ཡག་པོ་ཞིག་སྤེལ་པར་མཆན་མཁན་རྫོབ་དོ་འགས་འཕྲོ་བརླག་ཏུ་བཏང་འདུག་པས་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།
ཡ་ཡ། སྙིང་བཞེན་བག་ཁུམ་ཅན་ནས་འགྲེལ་བརྗོད་ཐུང་ཙམ་ཞིག་ཞུ་རྒྱུར།
ཚན་རྩལ་རིག་པ་སྦྱང་པ་ལེགས་མོད་ཀྱི།
སྲོལ་རྒྱུན་བདག་མེད་ལུགས་ན་ཤིན་ཕངས།
སྣ་མང་སྐད་ཡིག་ཤེས་པ་བྱ་དགོས་ཀྱང༌།
རང་གི་ཕ་སྐད་མ་ཤེས་ལྐུགས་པ་ཡིན།
ཞེས་པ་ནི་རང་ཉིད་ཀྱི་འཛིན་པའི་ལངས་ཕྱོགས་སམ་ལྟ་བ་ཞིག་ཡིན། འོན་ཀྱང་ཕྲན་ལ་སྙིང་ཞེན་པ་དང་བག་ཁུམས་པ་གང་ཟེར་མཆོག་པས་དེ་ལ་ལན་འདེབས་གང་ཡང་མེད། ངས་ནུབ་ཕྱོགས་སུ་ཕེབས་པའི་བོད་མི་ཚང་མ་ལ་སྤུ་མེད་ཕག་བརྗོད་ཀྱི་མེད་ལ་གོང་དུ་མཆན་བུ་ཞིག་ནང་ཁ་གསལ་བསྐོད་ཡོད་པ་གཟིགས་ན་མཁྱེན་ཚོད་ཡིན། དེ་སྔོན་རྡ་ས་ནས་ངེད་དང་ཕ་ཡུལ་གཅིག་པའི་ཨ་ཎེ་ཞིག་གི་ཡོ་རོབ་ལ་འགྲོ་ན་འབུམ་བརྒྱད་བྱེད་ཀྱི་འདུག ཡོ་རོབ་ལ་འགྲོ་ནམ་བྲོ་ཟེར། དེར་ངས་ཁྱེད་རང་ཨ་ཎེ་ལོག་པར་འགྲོ་མགྲོན་དེ་འདྲ་གཏོང་དགོས་མེད་ལ་ཨ་ཎེ་ལོག་པར་ཡོ་རོབ་འགྲོ་དགོས་མེད། དེ་ལས་རྒྱ་གར་རང་དུ་སྡད་ན་རྒྱལ་བའི་དགོངས་པ་དང་མཐུན་པ་སོ་སོ་རང་ལ་ཡང་ཚོགས་བསོགས་སྒྲིབ་སྦྱོང་འདྲ་བྱས་ཀྱང་བྱ་ས་ཡོད་པ་ཡིན་གང་ལྟར་ཁྱེད་ཐག་བཅོད་མ་ཆུགས་པ་ཞིག་དགོས་བཤད་པ་མཐའ་མ་མོ་རང་ཨ་ཎེ་ལོག་ནས་རྡ་སར་བཟའ་ཁང་གཉེར་ནས་འཚོ་གོས་ལ་སེམས་བྲལ་མེད་པ་ཞིག་ཆགས་ཡོད། དེ་ནི་རྒྱ་བལ་འབྲུག་གསུམ་དུ་བལྟོ་གོས་བརྩལ་ཐུབ་པའི་རྒྱུ་མཚན་ཆུང་ཆུང་ཞིག་རེད། ངས་སྤུ་མེད་ཕག་པ་དང་དངུལ་ལས་བསམ་རྒྱུ་མེད་པའི་རྐམ་ཆགས་ཟེར་བ་ནི་བཙན་བྱོལ་གཞུང་གི་ལོ་རེ་དཔྱད་དངུལ་ཆུང་ཆུང་དེ་ཡང་སྤྲོད་མི་ཐུབ་མཁན། དེ་སྔོན་བཙན་བྱོལ་གཞུང་ནས་ནུབ་ཕྱོགས་སུ་བསྐྱོད་རྒྱུར་ལག་དངུལ་བུན་གཡར་ནས་མཐའ་མ་ད་ལྟ་ཡང་བུན་ལེན་རྩ་བ་ནས་མི་སྤྲོད་མཁན། རང་གི་ཕ་མ་རྒན་ཁོག་རྒྱལ་བལ་འབྲུག་གསུམ་གྱི་རྒན་གསོ་ཁང་ལ་བརྩིས་སྤྲོད་བྱས་ནས་རང་ཉིད་རྣ་བ་གང་སྐྱིད་བྱས་ཏེ་འདོད་མཁན་ཕ་མར་གཉེན་བཀུར་དང་ཞབས་ཏོག་གི་བསམ་པ་མེད་པ་ལས་རྒྱུ་འབྲས་རྒྱབ་ཏུ་བསྐྱུར་མཁན། དེ་བཞིན་རང་གི་བུ་ཕྲུག་ལ་འཚོ་སྐྱོང་འགན་མི་འཁྱེར་བ་བུ་ཁྱིམ་སློབ་གྲྭར་བརྩིས་སྤྲད་ནས་མཐའ་ན་སློབ་ཕྲུག་དེ་དག་ལོ་རེའི་གུང་སེང་ལ་ཡང་ལོག་ས་མེད་པ་རང་ཉིད་མགོ་སེར་གྱི་ཐབས་གཡོག་རྒྱུགས་དེ་མགོ་འཁོར་ཏེ་སྡོད་མཁན་རྣམས་ལ་བཤད་ཀྱི་ཡོད། ད་དུང་དམ་ཉམ་གྲྭ་ལོག་དང་ཨ་ལོག་མགོ་སེར་གྱི་སྐུབ་ལ་ཁྱི་ལྟར་རྒྱུགས་འགྲོ་མཁན་དག་ལ་བཤད་ཀྱི་ཡོད་ན་མི་དེ་དག་སྤུ་མེད་ཕག་ཡིན་མིན་དཔྱད་ཚལ། གཞན་ཞིག་བཤད་ན་འདི་ལོ་རང་ཡུལ་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་ཚེ་འོག་འདས་གྲོང་དུ་ཕྱིན་པའི་བོད་མི་བརྒྱ་ཆ་ལྔ་བཅུ་དེ་སྔོན་སྦྲ་གུར་ནང་འཚོ་བ་རོལ་མྱོང་བའི་ས་མཐོའི་འབྲོག་ཡིན། དེ་དག་གི་རང་གི་མེས་པོ་ལུགས་སྲོལ་ལྟར་སྦྲ་གུར་ནང་བཞུགས་ཡོད་ན་ད་ཟོད་དེ་འདྲ་རྐྱེན་ངན་ཡོངས་སྲིད་དམ། དེ་དག་ནི་རྒྱ་དམར་གྱི་ཡར་རྒྱས་དང་གསར་བསྟོད་ཀྱི་འབྲོག་པར་བཅོས་སྒྱུར་བཏང་བའི་འབྲས་བུ་ཡིན།
ནགས་ཤོད་རིག་རལ་མཆོག་ལགས་གང་དུ་བཞུགས་ཡོད་དམ། འདིར་ཚར་གཅིག་ཕེབས་དང་དགེ་ཆོས་མཆོག་གིས་རྙིང་ཞེན་དོར་དགོས་གསུངས་པའི་རྙིང་ཞེན་དེར་ངས་སྐུ་ཉིད་ལ་ལན་ཞིག་ཕུལ་བསམ་ཀྱང་ཡག་པོ་ཞིག་བྱུང་མ་སོང་།
དེ་རིང་བཟོད་པ་ལྷ་རྩེ་ཟེར་བའི་མི་ཞིག་གིས་རྙིང་ཞེན་འདིར་ཁུར་ནས་སླེབས་སོང། ཚར་གཅིག་གཟིགས་མཁན་ཕེབས་དང་ལྟས་མོ་ཆེན་པོ་འདུག
ཀླད་པ་ནང་དུ་རྙིང་ཞེན་འདི་འདྲ་ཡོད་མཁན་ཚོས་བོད་མི་རིགས་འདིའི་དཔལ་འབྱོར་ཡར་རྒྱས་དང་ཤེས་ཡོན་གསར་ལེན་བྱེད་པར་འགོག་རྐྱེན་བྱས་ནས་བོད་མི་རྣམས་སྡུག་ལ་སྦྱར་བ་ཡིན་པས་དཔེ་མཚོན་བཟོད་པ་ལྷ་རྩེ་ཟེར་བ་ཞིག་འདིར་ན་འདུག་་་་་ཧ་ཧ་ཧ་ཧ་
བཟོད་པ་ལྷ་རྩེ་མཆོག་གི་ཡང་དག་པའི་སྟོབས་རིག་པའི་སྒྲུབ་བྱེད་ནི་ཕག་པ་སྤུ་མེད་རེད། གཞན་ལྷ་རྩེ་མཆོག་གི་སྐད་ཆ་ལ་གོ་རྒྱུ་ཅི་ཡང་མི་འདུག
རྙིང་ཞེན་ལ་ལྟས་མོ་ལྟ་མཁན་ཕེབས་ཤོག
ཡར་ཡར། ད་གོང་དུ་བཟོད་པ་ལྷ་རྩེ་དང་ཅོ་རི་གཉིས་ཀྱིས་བརྗོད་གཞི་གང་ཡང་མེད་པའི་ཐོག་ནས་ཁ་རྩོད་མང་དག་ཅིག་བརྒྱབ་འདུག། བཟོད་པ་ལྷ་རྩེ་ཤོད་པ་ལ་རྒྱུ་མཚན་གཏོགས་རྩམ་འདུག་བཀྲ་ཤིས་བདེ་ལེགས་ཞུ། དེ་མེད་རྒྱུ་མཚན་ཅང་མི་འདུག། དགོངས་འགལ་མེད་པ་ཞུ།