མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐར་ཕྱིན་སློབ་མ་སྐོར་ཞིག་གི་རེ་འདུན།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་ལས་ཁུངས་གྲོལ་ཏེ་ཁྱིམ་དུ་ལོག་སྐབས། གངས་སྐྱིད་སྤོ་ལོ་རྩེད་ཐང་གི་འོག་ཏུ་རྒྱབ་ལ་ལྕགས་སྒམ་འཁུར་ཅིང་ལག་ཏུ་དཔེ་ཁུག་བཟུང་བ་དང་། འགའ་རེ་ཡི་ལག་ཏུ་ཉལ་ཆས་དང་བཅའ་དངོས་ཙག་ཙིག་འཁྱེར་ཡོད་པ་འགའ་རྐང་པ་བརྒྱབ་སྟེ་ཡོང་གིན་ཡོད་པར་ཐུག་སོང་། ཞིབ་ཏུ་བལྟས་སྐབས་ཁོང་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡིན་པ་ངོ་ཤེས་ཤིང་། དེ་མ་ཐག་ཉིན་དེའི་སྔ་དྲོར་སློབ་གྲྭ་དེར་མཐར་ཕྱིན་ལག་འཁྱེར་སྤྲོད་པའི་མཛད་སྒོ་དྲ་རྒྱས་པོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་གནད་ཡོད་མི་སྣ་འགས་གསུང་བཤད་རིང་ཐག་ཆོད་རེ་གནང་བའང་གཞི་ནས་དྲན་བྱུང་། ཡང་སྙིང་ཁོང་ཅག་ནི་ཤེས་རབ་དགའ་ཚལ་སློབ་གླིང་གི་སྐབས་ ༡༨ པའི་མཐར་ཕྱིན་སློབ་མ་སྐོར་ཞིག་རེད། ངས་སློབ་མ་འདི་དག་ཐད་བསམ་བློ་གཏོང་བཞིན་ནང་དུ་ཡོང་བ་ཡིན། ཁོང་ཅག་དོ་ནུབ་གང་ནས་འདུག་རྒྱུ་ཡིན་ནམ། སང་ཉིན་གང་དུ་འགྲོ་རྒྱུ་རེད་དམ། མུ་མཐུད་སློབ་སྦྱོང་གི་གོ་སྐབས་རག་གམ། མ་འོངས་པར་ཅི་ཞིག་བྱ་རྩིས་ཡོད་དམ། དགོང་མོ་དེར་ང་གཉིད་དུ་ཡུར་རག་བར་དྲི་རྟགས་མང་པོ་ཞིག་གིས་ངའི་མིག་གི་མཐོང་ལམ་ཡང་ཡང་སྒྲིབ་ཅིང་། སྙིང་ཉེ་བའི་སློབ་གྲོགས་དེ་དག་མིག་ལམ་ནས་མ་ཡལ། མཐར་སློབ་མ་དེ་དག་ལ་བཅར་འདྲི་ཞིག་བྱས་ཏེ་ཁོང་ཅག་གི་རྒྱབ་མདུན་གཉིས་ལ་རྒྱུས་ལོན་ཞིག་བྱ་རྒྱུར་སེམས་ཐག་བཅད་པ་ཡིན།

 

ཕྱི་ཉིན་ཞོགས་པ་མལ་ལས་ལངས་མ་ཐག་ཁ་པར་བརྒྱུད་སློབ་མ་དེ་དག་བཙལ་ཏེ། ཁོང་ཅག་གི་ཚབ་བྱས་ཏེ་སློབ་ཕྲུག་ཅིག་ལ་བཅར་འདྲི་བྱ་ཆོག་པའི་རེ་འདུན་བཏོན་པ་ཡིན། ཕྱི་ཚེས་ ༡༤ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་གི་མཐར་ཕྱིན་སློབ་མ་བཀྲ་ཤིས་རྒྱ་མཚོ་ཞུ་བ་ཞིག་ང་འཚོལ་དུ་སླེབས་སོང་། ཐོག་མར་ངེད་གཉིས་སྤྱི་ཡོངས་ནས་གླེང་མོལ་བྱས་སྐབས། ཁོས་ང་ལ་ལོ་རྒྱུས་འདི་ལྟར་ངོ་སྤྲོད་གནང་བྱུང་། ངའི་མིང་ལ་བཀྲ་ཤིས་རྒྱ་མཚོ་ཟེར་ཞིང་ཕ་ཡུལ་མགོ་ལོག་ནས་ཡིན། ཕྱི་ལོ་ ༡༩༩༢ ནས་སློབ་གྲྭ་ཆུང་འབྲིང་ལ་སོང་ཞིང་། ༢༠༠༤ ལོར་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་ནང་མིའི་རེ་འདུན་ལྟར། ཡང་བསྐྱར་སློབ་གྲྭ་ཆེན་མོ་ཞིག་ལ་ཡིག་ཚད་བཏང་སྟེ་འཕྲོད་འདུག འོན་ཀྱང་སྔོན་མ་ནས་རྒྱ་གར་ལ་འགྲོ་རྒྱུའི་འདུན་པ་ཡོད་སྟབས། ༢༠༠༥ ལོར་རྒྱ་གར་ལ་ཡོང་སྟེ་ཤེས་རབ་དགའ་ཚལ་གླིང་ལ་ཞུགས་ཤིང་། ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༣ ཉིན་ལོ་ལྔའི་སློབ་ཡུན་རྫོགས་སོང་། ཕྱི་ལོ་ ༡༩༩༢ ནས་ ༢༠༡༠ བར་ལོ་བཅོ་བརྒྱད་རིང་གི་སློབ་སྦྱོང་ཁྲོད་བོད་ཡིག་བློས་གཏོང་མ་ཐུབ། སློབ་འབྲིང་སྐབས་ནས་རྩོམ་ཐུང་ངུ་རེ་བྲིས་ཏེ། ༢༠༠༠ ལོ་ནས་༼ གངས་རྒྱན་ན་ཆུང་ཚགས་པར ༽ སྟེང་རྩོམ་རེ་ཟུང་སྤེལ་ཞིང་། ཉིས་སྟོང་བཞི་ལོར་ང་ཚོ་སློབ་གྲོགས་ལྔ་མཉམ་རུབ་ཀྱིས་༼ གངས་གྲོང་གི་རླུང་བུ ༽ ཞེས་པའི་དེབ་ཆུང་ཞིག་བཏོན་པ་ཡིན། སྐབས་དེར་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཚོས། མགོ་ལོག་དགེ་ཐོན་སློབ་གྲྭའི་ལོ་འཁོར་ ༤༠ གི་ལོ་རྒྱུས་ཐོག་སློབ་ཕྲུག་སྒེར་ངོས་ནས་དེབ་བཏོན་པ་ཐོག་མ་རེད་ཟེར། ཞེས་འདས་པའི་སློབ་སྦྱོང་གི་བརྒྱུད་རིམ་སྤོབས་པའི་ཐོག་ནས་བཤད་དེ་མཇུག་ཏུ་སླེབས་སྐབས་སྐད་གདངས་ཇེ་དམའ་རུ་ཕྱིན་སོང་།

 

སྐབས་དེར་ངས་ཁོང་གི་སློབ་སྦྱོང་བརྒྱུད་རིམ་ལ་ཡི་རངས་དང་བཅས་རྒྱ་གར་ལ་ཡོང་བའི་དམིགས་ཡུལ་དྲིས་སྐབས། སྤྱིར་ང་ཚོའི་ཕ་ཡུལ་དུ་རྒྱ་གར་ལ་འགྲོ་མཁན་ཉུང་ཉུང་རེད། བོད་གཞུང་ཟེར་བ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཟེར་བ། སློབ་གྲྭ་དང་དགོན་པ་འདི་འདྲ་ཞིག་ཡོད་རྒྱུ་རེད་དྲན་མ་སོང་། སློབ་ཆུང་སྐབས་ནས་གསོག་སྒར་དང་སྦིར་སློབ་གྲྭ་སོགས་གོ་མྱོང་། ༧རྒྱལ་བ་རིན་པོ་ཆེ་ལ་ཐེངས་གཅིག་མཇལ་རྗེས་དབྱིན་ཡིག་ཡག་པོ་ཞིག་སྦྱང་དགོས་བསམ་ཡོད། སྐབས་དེར་ཧམ་པ་ཟེར་ན་འདྲ། སེམས་ཤུགས་ཟེར་ན་འདྲ། བོད་ཡིག་རྒྱ་ཡིག་གང་འཚམ་ཤེས་ཀྱི་ཡོད། རྒྱ་གར་ནས་དབྱིན་ཡིག་སྦྱང་ཏེ་སྐད་གསུམ་སྨྲ་བ་ཞིག་ཆགས་ན། ད་གཟོད་བོད་པར་རླབས་ཆེན་གྱི་ལས་ཀ་ཞིག་བྱ་ཐུབ་གི་རེད་དྲན་ཡོད། དེ་ང་གཅིག་པུ་མ་རེད། སློབ་གྲོགས་ཚོར་ཁ་བརྡ་བྱས་སྐབས་མང་ཆེ་བའི་དམིགས་ཡུལ་གཅིག་མཚུངས་རེད། ད་ལྟ་ཕྱིར་འདང་བརྒྱབ་ན། ང་རྒྱ་གར་ལ་ཡོང་བར་ཁེ་གྱོང་གཉིས་ཀ་འདུག མ་འོངས་པར་བོད་སྤྱི་ལ་ཕན་པའི་ལས་ཀ་རེ་བྱ་ཨེ་ཐུབ་སྙམ་ཡོད། ཅེས་བརྗོད་སོང་།

 

ཁོང་གིས་མུ་མཐུད་དུ་ཤེས་རབ་དགའ་ཚལ་གླིང་གི་སློབ་སྦྱོང་སྐོར་ནས་གླེང་དོན། ང་སློབ་གྲྭ་འདིར་བསྡད་པའི་རིང་སློབ་གྲྭའི་ཕྱི་ཚུལ་ཡར་རྒྱས་ཆེན་པོ་ཕྱིན་སོང་། སློབ་མ་རྒན་པ་ཚོས་བཤད་ན། སློབ་མའི་སློབ་སྦྱོང་ཇེ་སྡུག་ཏུ་ཕྱིན་སོང་ཟེར། འོན་ཀྱང་། སེམས་ཤུགས་དང་བོད་ཡིག་གི་ཆུ་ཚད། བསམ་བློ་སོགས་གང་ཐད་ནས་སློབ་གྲྭ་གཞན་དང་བསྡུར་ཐབས་མི་འདུག ང་ལ་ཚོར་བ་ཟབ་ཤོས་ཤིག་ལ། སློབ་གྲྭ་གཞན་དག་གི་སློབ་མ་ཚོས་ཡིག་ཚད་དང་ལག་འཁྱེར་གྱི་ཆེད་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་། ཤེས་རབ་དགའ་ཚལ་གླིང་གི་སློབ་མ་ཚོས་ཆེ་ས་ནས་བོད་མི་རིགས་དང་། ཆུང་ས་ནས་རང་ཉིད་ལ་ཡོན་ཏན་ཞིག་འགོས་ན་སྙམ་པའི་ཀུན་སློང་འདུག འོན་ཀྱང་ད་ཆར་བོད་ཡིག་ལ་དོ་སྣང་ཆུང་དུ་འགྲོ་བཞིན་ཡོད་པའི་མཐོང་ཚུལ་བྱུང་སོང་། སྤྱིའི་ཆ་ནས་ད་ལྟ་ང་ཚོའི་སློབ་གྲྭ་ཡག་པོ་ཆགས་ཡོད། དེ་སློབ་གྲྭའི་འགན་འཛིན་བུ་དྲུག་དང་སློབ་སྤྱི་ཚེ་སྒྲུབ་རྡོ་རྗེ་གཉིས་ཀྱི་བཀའ་དྲིན་རེད། ཁོང་གཉིས་སློབ་གྲྭའི་འགྲོ་སྟངས་རྦད་དེ་འགྱུར་བ་བཏང་སོང་། སྔོན་མ་རྙོག་དྲ་མང་པོ་བྱུང་བ་རེད། སྐབས་དེའི་མགོ་ཁྲིད་ཚོར་ལྷག་བསམ་མེད་སོང་བ་མ་རེད་དེ། སློབ་གྲྭའི་དབུ་འཛིན་དམག་མིའི་ནང་ནས་ཡོང་སྟབས། སློབ་གྲྭར་དམག་མིའི་འགྲོ་སྟངས་ལག་བསྟར་བྱས་པ་རེད། ཡུལ་དང་དུས། སློབ་ཕྲུག་ཚོའི་ཁམས་དང་མོས་པར་མི་བསྟུན་པར་བཙན་ཚུགས་དང་སྒྲིག་གཞི་ཁོ་ན་གཙོར་འདོན་བྱས་པ་རེད། སློབ་མ་ཚོ་ལོ་ཆེན་པོ་ཡིན་སྟབས་སེམས་གསོད་ཀྱིན་འདུག ངས་བརྟག་པར་འདི་ལྟར་བཤད་ཀྱི་ཡོད། སེམས་མ་བསད་པ་ཡིན་ན། སློབ་སྦྱོང་མེད་ཀྱང་ཡར་ལངས་ཐུབ་གི་རེད། སེམས་ཤི་སོང་བ་ཡིན་ན་སློབ་སྦྱོང་ཡོད་ཀྱང་ཡར་ལངས་རྒྱུའི་ནུས་པ་མེད། སྔར་སློབ་སྦྱོང་ཡག་པོ་ཡོད་ཀྱང་སེམས་ཞུམ་ཞིང་རེ་ཐག་ཆད་ཡོད། ད་ལྟ་སློབ་སྦྱོང་ཇེ་ཞན་དུ་ཕྱིན་ཡོད་ཀྱང་སེམས་ཀྱི་གཟེངས་མཐོ་ཞིང་། མ་འོངས་པའི་འཚོ་བར་རེ་བ་ཆེན་པོ་ཡོད། འོན་ཀྱང་། བོད་ཡིག་གི་དགེ་རྒན་གྱི་ཚད་གཞི་འདང་མ་འདང་དང་། བོད་གཞུང་གི་ལྟ་རྟོགས་སོགས་ཀྱི་ཐད་དཀའ་ངལ་ཕྲན་བུ་ཡོད་ཀྱང་། དཀའ་ངལ་དེ་སློབ་གྲྭ་གཞན་དག་ལའང་ཡོད་ས་རེད། ཅེས་ཚོར་ཤུགས་སྐྱེན་པོས་བརྗོད་བྱུང་།

 

ཡང་ངས་ཁོང་ལ་མ་འོངས་པར་འཆར་གཞི་དང་དམིགས་ཡུལ་གང་འདྲ་ཡོད་སྐོར་དྲིས་སྐབས། ཁོང་ཅུང་དོག་མ་བདེ་བའམ་མ་རངས་བ་གང་ཡིན་མི་ཤེས་པའི་རྣམ་འགྱུར་ཞིག་གི་ཐོག་ནས་བརྗོད་རྒྱུར། ཁ་སང་ང་ཚོ་སློབ་མཐར་ཕྱིན་སྐབས། ཤེས་རིག་བཀའ་བློན་མཆོག་གིས་ཀྱང་ “ཤེས་རབ་དགའ་ཚལ་གླིང་ནས་སློབ་མཐར་ཕྱིན་ཡང་། ཤེས་བྱ་ཡོངས་རྫོགས་ལས་མཐར་ཕྱིན་པ་མ་རེད” ཟེར། སྐད་ཆ་དེ་ང་ཚོར་མཚོན་ན་དྲི་བ་ཆེན་པོ་ཞིག་རེད། ཤེས་རབ་དགའ་ཚལ་གླིང་ཐོན་པའི་སློབ་མ་ཚོར་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུར་ལམ་ཁ་ཡོད་དམ། རྒྱ་གར་གྱི་མཐོ་སློབ་ཅིག་ཏུ་འཛུལ་ན། རྒྱབ་ལྗོངས་སུ་རྟེན་ས་ཁེན་ས་དང་མཐུན་རྐྱེན་སྦྱོར་མཁན་ཡོད་དམ། གལ་ཏེ་རང་སྦྱོང་བྱ་རྒྱུ་ཡིན་ན་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ། སྡོད་ས་སོགས་སུས་ཁག་ཐེག་བྱེད། ལས་ཀ་ཞིག་འཚོལ་ཀྱང་གཞུང་སྒེར་གང་རུང་གི་ས་མིག་སྟེང་། བོད་ནས་ཡོང་མཁན་མང་ཆེ་བར་ལག་འཁྱེར་སོགས་ཀྱི་ཆ་རྐྱེན་མི་ཚང་། སྤྱིར་སློབ་གྲྭ་ཞིག་ནས་ཐོན་ལ་ཉེ་སྐབས་སློབ་མ་ཚོར་སྤྲོ་སྣང་ཆེ་མོད། ཤེས་རབ་དགའ་ཚལ་གླིང་ནས་འཛིན་གྲྭ་མཐོ་རུ་འགྲོ་སྐབས། སློབ་མ་མང་པོ་ཞིག་ལ་སེམས་ཁྲལ་ཡོང་གི་ཡོད། ད་ཐེངས་མཐར་ཕྱིན་སློབ་མ་ ༢༤ ཙམ་འདུག་ཀྱང་། འདི་དག་ཤེས་རབ་དགའ་ཚལ་གླིང་གི་སྒོ་ཆེན་ཕྱིར་འབུད་སྐབས། ང་མ་འོངས་པར་སློབ་གྲྭ་དེར་འགྲོ་རྒྱུ་ཡིན། ངས་ལས་ཀ་འདི་བྱ་རྒྱུ་ཟེར་ནས་དམིགས་ཡུལ་ཡོད་མཁན་ཕལ་ཆེར་གཅིག་ཀྱང་ཡོད་རྒྱུ་མ་རེད། གནས་སྐབས་ངོ་ཤེས་སུ་ཞིག་ལ་གནས་ཚང་གཡར་རྒྱུ་ཡིན། དེ་སེམས་ཁྲལ་ཆེ་ཤོས་རེད། དེའི་རྗེས་ངྷ་སའི་ཟ་ཁང་ཕྱི་རྒྱལ་ཡོང་ས་ཞིག་ཏུ་ལས་ཀ་ཨེ་རག་ལ་བསམ་བློ་གཏོང་དགོས། མུ་མཐུད་སློབ་སྦྱོང་གི་གོ་སྐབས་མ་རག་སྟབས། དབྱིན་ཇི་བ་ཡོང་སའི་ཟ་ཁང་ཞིག་ཏུ་ལས་ཀ་བྱས་ཏེ་དབྱིན་སྐད་ཕྲན་བུ་ཡར་རྒྱས་གཏོང་རྒྱུར་རེ་བ་རྒྱག་གིན་ཡོད། ཅེས་བརྗོད་བྱུང་།

 

མཇུག་མཐར་ཁོང་གིས་མཐར་ཕྱིན་སློབ་གྲོགས་ཡོངས་ཀྱི་ཚབ་བྱས་ཏེ་རེ་འདུན་བརྗོད་རྒྱུར། ང་ལ་རེ་བ་ཞིག་ཞུ་རྒྱུ་ཡོད། བཙན་བྱོལ་བོད་གཞུང་གིས་ཤེས་རབ་དགའ་ཚལ་གླིང་གི་སློབ་ཕྲུག་ཚོ་ཕྱིར་བོད་དུ་ལོག་རྒྱུའི་སྲིད་བྱུས་ཤིག་བཟུང་ཡོད་པ་རེད། སྤྱིར་བོད་པའི་རྩ་དོན་ལ་ཕན་པ་ཞིག་ཡིན་ན་སྲིད་བྱུས་དེ་འགྲིག་འདུག འོན་ཀྱང་བོད་དུ་ལོག་མཁན་ཉུང་ཉུང་རེད། བོད་དུ་ལོག་མཁན་ཚོར་རྒྱ་གཞུང་གི་གནོན་བཙིར་འོག་ལས་ཀ་རག་གི་མེད། ལྷག་པར་དུ་ ༢༠༠༨ ལོའི་ཚུན་ལ་བོད་དུ་ལོག་མཁན་ཚོ་རྒྱའི་བཙོན་ནང་ལ་འགྲོ་བཞིན་འདུག ཉེ་ཆར་ང་ཚོའི་སློབ་སྤྱི་མཆོག་གིས་ད་བར་སློབ་གྲྭ་འདིར་སློབ་མ་དྲུག་སྟོང་ ༦༣༤༧ ཙམ་འབྱོར་ཡོད་ཀྱང་། མཐར་ཕྱིན་སློབ་མ་ ༦༠༠ ལྷག་ལས་མེད་གསུངས་སོང་། དེ་དག་གི་ཁྲོད་དུ་བོད་གཞུང་གི་ལས་ཀ་རག་ཡོད་མཁན་ ༦ ཀྱང་ཡོད་པ་མ་རེད། འདི་བོད་ནང་ནས་ཐོས་ན་གང་འདྲ་དྲན་གི་རེད། སློབ་མ་འདི་དག་ལ་ཤེས་ཚད་མེད་སོང་བ་རེད་དམ། དཔེར་ན། ཐེངས་འདིར་ང་ཚོ་སློབ་མ་ ༢༤ མཉམ་དུ་མཐར་ཕྱིན་པ་རེད། དེའི་ཁྲོད་བོད་ནས་སློབ་གྲྭ་ཆེན་མོ་ཐོན་པ་ ༢ དང་། འཛིན་གྲྭ་བཅུ་གཉིས་ཐོན་པ་ ༥ ཙམ་འདུག ཤེས་རབ་དགའ་ཚལ་གླིང་ནས་ལོ་ ༥ ལ་དབྱིན་ཡིག་སྦྱང་པ་རེད། ད་ལྟ་སློབ་གྲོགས་ཕལ་ཆེ་བ་སྐད་གསུམ་སྨྲ་བ་ཆགས་ཡོད། འོན་ཀྱང་། ཉི་མ་དེ་རིང་ནས་བཟུང་འདི་དག་གི་འཚོ་བ་ལ་ངེས་གཏན་མེད་པ་དང་། ཕུགས་བསམ་ལ་རེ་འབྲས་ཆུང་བ་ཆགས་ཡོད། འདི་དག་གི་མ་འོངས་པར་ཐུགས་བསམ་ཞིག་བཞེས་རོགས་ཟེར་ནས་སྐྱབས་འཇུག་ཞུ་རྒྱུ་ཡིན། ཞེས་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་དགའ་སྐྱོ་གཉིས་ལྡན་ཐོག་བརྗོད་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས། ༽

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 18

  1. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    རི་བོང་ལས་ངན་པོས་སྐད་ཆ་དྲང་མོ་དྲང་མོ་ཞིག་བཤད་ཡོད་ཁུ། ཨ་མ་དྲེད་མོང་ཚོ་ད་རློམ་རྒྱུའི་ཅང་མེད་ཡ། མེད།

    Reply
  2. མྱི་ལྟིག says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།གསར་འགྱུར་འདིའི་་རིགས་མུ་མཐུད་དུ་འགོད་རོགས། ༼༼༼༼༼༼༼༼ཡུམ་་སྐད་གཅེས་སྐྱོང་ཚོགས་པ་༽ དང་༼རང་མོས་གླེང་སྟེགས༽གཉིས་ཀྱང་སྒོ་རྒྱག་དགོས་བྱུང་སོང་ཡ།
    ཞིབ་ཏུ་ཉོན་ར་དེང་སང་གསོག་སྒར་ན་སྐད་ཆ་འདྲ་མིན་གོ་རྒྱུ་ཡོད་ཡ

    Reply
  3. ཕུན་ཚོགས ། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལ་ཐུགས་རྗེ་ཆེ།གསར་འགྱུར་འདི་རིགས་ཡང་ནས་ཡང་དུ་འགོད་ཐུབ་པར་ཤོག

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གཞུང་སྒེར་གང་ཡིན་ཀྱང་སློབ་མ་འདི་ཚོར་བྱམས་སྙིང་རྗེ་གཟིགས་ནས་ལས་ཀ་ཡག་ཉེས་ལ་མ་ལྟོས་པ་ལས་ཀ་རེ་འཚོལ་ཐབས་གནང་རོགས་བྱེད་ཞེས་འབོད་སྐུལ་ཞིག་ཞུ་འདོད་དང་འབྲེལ་འདིར་ངེད་ལ་ཡང་སློབ་གསོའི་ཐོག་ལས་ཀ་བྱ་མི་དགོས་ཀྱི་ཡོད་པས་སློབ་མ་རྣམས་ནས་ཐུགས་འདོད་དང་དོགས་དྲི་སོགས་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་བོད་ཡིག་ལམ་ནས་འབྲེལ་བ་གནང་རོགས།
    sopa.lhatse@yahoo.com

    Reply
  5. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ངས་དང་པོ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཡང་སྔོན་ཆད་བོད་ནང་ནས་མི་རིགས་དགེ་ཐོན་སློབ་གྲྭ་ཞིག་ལ་འགྲིམ་ཁུལ་བྱས་མྱོང་། རྒྱ་གར་དུ་ཡོང་ནས་གསོག་སྒར་སློབ་གྲྭ་མཐར་ཕྱིན་ཏེ། ངྷ་རམ་ས་ལར་བསྡད་ཡོད་སྐབས། ཞོགས་ཇ་རེག་ན་ཉིན་གུང་ཟ་མར་སེམས་འཁུར་བྱ་དགོས་པ་དང་། གུང་ཟས་རེག་རྗེས་དགོང་ཆུ་ལ་བསམ་བློ་གཏོང་དགོས་པའི་ཚད་དུ་སླེབས་མྱོང་ལ། སྐབས་དེར་ཤེས་ཡོན་སྦྱོང་རྒྱུ་ཕར་ཞོག མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ཞུགས་འདོད་ཕར་ཞོག ཇ་ཐུན་གསུམ་ལ་ཁ་ལག་ཡོད་པ་དང་དགོང་མོ་ཉལ་ས་ཞིག་ཡོད་པ་ཡིན་ན་དེ་ལས་སྐྱིད་ཅིག་མི་འདུག་དྲན་མྱོང་ལ། མཚམས་རེར་ཕྱི་རྒྱལ་འགའ་རེར་འགྲོག་སྟེ། ཁོང་ཚོར་རོགས་རམ་ཟེར་ན་འདྲ། སོ་སོར་ཇ་ཐུན་རེ་ཡི་སྦྱིན་བདག་ཨེ་གཏོང་བསམ་ནས་ཉིན་ཕྱེད་རེར་རྗེས་སུ་རྒྱུགས་ཏེ་གཙུག་ལག་ཁང་སླེབས་སྐབས། གཙུག་ལག་ཁང་གི་གཤམ་འོག་རེ་ན་ཕྱག་འཚལ་བྱེད་ཀྱི་གདན་མཐུག་པོ་དག་མཐོང་སྐབས། རྗེས་མ་ཉལ་ས་མ་རེག་ན་འདིར་ཡོང་ན་ཉལ་ས་ཡག་པོ་ཡོད་ས་རེད་སྙམ་ཏེ་འཆར་བཏིང་བ་ཡང་ཡང་བྱུང་མྱོང་ཡོད། གོང་གི་དོན་འགྲུབ་བཀྲ་ཤིས་ཀྱི་གསར་འགྱུར་དེ་ཀློག་སྐབས། གནད་དོན་རྡོག་རྡོག་དེ་བཤད་འདུག་བསམ་པའི་སེམས་པའི་གཏིང་ནས་དགའ་སྤྲོ་ཞིག་དང་། སྔོན་ཆད་ཀྱི་དཀའ་ངལ་དེ་དག་དྲན་པོ་སོས་ཏེ་ངུ་རྒྱུ་ཞིག་ཡོང་གི་འདུག་ལ། འོན་ཀྱང་། ད་ལྟ་བསམ་བློ་ཞིབ་ཏུ་བཏང་ན། བོད་གཞུང་ལ་ཡང་ཐུགས་ཁག་མི་འདུག ལོ་རེར་བཙན་བྱོལ་ནང་མཐོ་སློབ་ཐོན་མཁན་ཉུང་མཐར་གཅིག་སྟོང་ལྷག་ཡོད་ལ། བོད་གཞུང་ལ་མང་མཐར་ལས་བྱེད་ལྔ་བརྒྱ་ལྷག་མེད། དེ་ན། དོན་དངོས་ཐོག་སུ་ཞིག་མ་འགྲིག་པ་རེད་ཟེར་ན། མ་མཐར་བཙན་བྱོལ་བོད་གཞུང་གིས་མཐར་ཕྱིན་སློབ་མ་དེ་དག་ལ་གཞུང་གི་ལས་བྱེད་ཀྱི་ས་མིག་སྤྲོད་མི་ཐུབ་ཀྱང་། མཐར་ཕྱིན་སློབ་མ་རྩེ་ཕུད་དག་ལ་རྒྱ་གར་དང་ཕྱི་རྒྱལ་གང་རུང་ནས་སློབ་སྦྱོང་གི་ལམ་ཁ་དང་། ཡང་ན་སློབ་ཡོན་ཐད་རོགས་རམ་བྱ་རྒྱུ་དང་། ཡང་ན་ཡག་བཙོག་དང་བཟང་ངན་ལ་མ་ལྟོས་པར་ལས་ཀ་རེ་འཚོལ་རྒྱུ་ནུས་དགོས་པ་ཞིག་རེད།

    Reply
  6. karma dorje says:
    ལོ་ 15 སྔོན།

    ཚན་རིག་མཐུན་པའི་གསར་འགྱུར་འགོད་སྟངས་རེད་འདུག གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  7. རི་བོང། says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས་ཀྱིས་ཉམ་མྱོང་དང་འབྲེལ་གོ་རྒྱུ་ཅན་གྱི་མཆན་ འདི་འདྲ་ཞིག་ ༼ཁྱེད་རྣམ་པ་ཚོའི་གནས་སྟངས་འདི་གུས་ལའང་འཕྲད་མྱོང་ཡོད་ སྦིར་སློབ་གྲ་ནས་ཐོན་རྗེས་ ཅི་བྱེད་འདི་བྱེད་མེད་པ་ངའི་རོགས་པ་ཞིག་ དྷ་ས་གཡག་ཟ་ཁང་ནང་ཕོར་པ་འཁྲུད་པ་རེད་ ང་ལ་་དྷ་སར་བུད་མེད་ཞིག་གིས་རོགས་པ་གནང་ནས་hotel tibet ལ་ཕོར་པ་འཁྲུད་པ་རེད་། མཐར་ཡུ་རོབ་པའི་མིའི་བཀའ་དྲིན་ལ་བརྟེན་ནས་ཡུ་རོབ་ལ་སླེབས་ཐུབ་ཙམ་བྱུང་།ད་སྐྱོ་གཏམ་དེ་ཚོ་གཡུགས་ཞོག་།
    དེ་ལས་དྷ་ས་རུ་ནུབ་ཕྱོགས་པ་མང་པོ་ཡོང་སའི་ཟ་ཁང་དང་འགྲོན་ཁང་དུ་འཕྲལ་སེལ་གྱིས་ལས་ཀ་འདྲ་ཨེ་རགས་ལྟོས་ ཁ་གསང་ཙམ་བྱོས་ ཡུ་རོབ་པའི་མི་ལ་འབྲེལ་བ་གནང་ནས་སྦྱིན་བདག་འཚོལ་ ཕྱི་རྒྱལ་ལ་ཨེ་ཐར་ལྟོས་ སྦྱང་ཟིན་པའི་དབྱིན་སྐད་དང་ རྒྱ་སྐད་རྣམས་བརྗེད་མ་བཅུག་ སྐད་འདི་ཚོ་ཕྱི་རྒྱལ་དུ་ལྟོ་གོས་འཚལ་བར་ལག་ཁྱེར་ངོ་མ་དེ་རེད་འདུག་། བཙན་བྱོལ་གཞུང་ལ་ལས་རིགས་མང་པོ་མེད་པ་དེའིཁར་གསར་འབྱོར་བ་རྣམས་ལ་ཤེས་ཡོན་ལག་ཁྱེར་ཚད་ལྡན་མེད་པ་སོགས་ལས་ཀ་རགས་ཐབས་ཤིན་ཏུ་དཀའ་ ཕྱི་རྒྱལ་དུ་འགྲོ་ཡ་དེ་ ལྟོ་འགྲངས་འབའ་ཞིག་དོན་གཉེར་བ་ སྤུ་མེད་པ་ཡི་ཕག་པ་རེད་ཅེས་སྦྱིན་བདག་གི་དཀོར་བཟས་ནས་འཚོ་གོས་ལ་སེམས་འཕྲལ་མེད་མཁན་གྲ་པ་སྐྱིད་པོ་རྒྱག་པ་ཁག་གཅིག་གིས་གསུངས་ཡོང་ འོན་ཀྱང་དེ་ཚོ་ཁ་ལ་མ་ཉོན་ རང་ཉིད་ལ་ཤེས་ཡོན་དང་ ལྷག་བསམ་ཡོད་ན་ བོད་སྤྱི་པའི་ལས་དོན་བསྒྲུབ་ཡ་གོ་སྐབས་ཤིན་ཏུ་མང་པོ་འདུག་། དང་པོ་རང་ཉིད་གཅིག་མགོ་ཐོན་སོང་ན་ སྤྱི་པའི་ལས་དོན་བསྒྲུབ་ས་ག་ས་ག་ལ་འདུག་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཐོན་པ་་རྣམས་ལ་དཀའ་ངལ་མི་འཕྲད་པ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།༽ བྲིས་འདུག འདི་ཚང་མའི་བསླབ་བྱའི་ཚུལ་དུ་སྙིང་ལ་ཆོངས། ཁོང་ཚོའང་སྙིང་རྗེ་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རེད། གཞུང་གིས་ཀྱང་གསར་འབྱོར་བ་ཚོར་བསམ་བཞིན་དུ་བདག་པོ་མ་བརྒྱབ་པ་མ་རེད། གཞུང་ཞིག་གིས་མགོ་ཐོག་ཚུལ་གསོ་དགོས་ན། སྐྱབས་བཅོལ་གཞུང་ལྟ་ཅི་སྨོས། རང་བཙན་ཡོད་པའི་གཞུང་ཞིག་གིས་ཀྱང་ཁེགས་པོ་རེད། ལོ་ལྔ་དྲུག་ཅིག་ལ་རང་དགར་སློབ་སྦྱོང་སྤྲད་པ་དེའི་བཀའ་དྲིན་ཡང་མ་བརྗེད་པ་བྱོས། སྤྱིར་སྐད་གསུམ་སྨྲ་བ་ལྟ་ཅི་སྐད་བཞི་སྨྲ་བ་ཞིག་ཡིན་ནའང་མི་རང་ཉིད་ལ་འཇོན་ཐང་མེད་ན་ཕན་ཐོག་པའི་ལས་ཀ་སྒྲུབ་ཐུབ་པའི་ངེས་པ་མེད་། སྐྱབས་བཅོལ་བ་ཞིག་ཡིན་ན་དཀའ་ངལ་ལ་གདོང་ཐུག་རྒྱག་རྒྱུའི་ཆོས་ཉིད་ཙམ་ཡང་མ་ཤེས་པར་རེ་བ་ཆེན་པོ་ཞིག་བརྒྱབས་ནས་ཡོང་བ་སོ་སོའི་ནོར་འཁྲུལ་རེད། འགའ་ཤས་ཀྱིས་རང་དང་རང་གི་ཕྱོགས་གཏོགས་ལ་དཀའ་ངལ་ཅུང་ཟད་འཕྲད་དུས་གཞུང་ལ་སྐྱོན་འདོགས་རེ་བྱེད་འུ་ཐུབ་ལྟ་བའང་ཕུགས་རྒྱང་རིང་པོའི་བསམ་བློ་མེད་སོང་བའི་རྟགས་རེད། སྐྱབས་བཅོལ་གཞུང་འདིས་བལ་ཡུལ་སྣེ་ལེན་ཁང་ནས་བཟུང་སློབ་གྲྭ་གང་ཞིག་ནས་མ་ཐོན་བར་དུ་ཟས་གོས་གནས་མལ་ཆ་ཚང་གི་འགན་ལེན་བྱེད་བཞིན་པ་འདི་ལའང་བསམ་བློ་ཞིག་གཏོང་རན་རེད། གནས་ཚུལ་ཆུང་ཙག་རེའི་ཐོག་ནས་ཀྱང་ཡར་བོད་གཞུང་མ་འགྲིག་པ་རེད་མར་སྤྱི་མཐུས་མ་འགྲིག་པ་རེད། མགོ་བཀའ་བློན་ཁྲི་བ་འགྲིག་པ་རེད། འོག་ཤེས་རིག་བཀའ་བློན་མ་འགྲིག་པ་རེད། ཤུལ་དུ་འགྲིག་ཡོད་པ་རང་ཉིད་འབའ་ཞིག་ལས་མེད་པའི་བཟོ་འདྲ་༸གོང་ས་མཆོག་གིས་ཞལ་ལ་མཛུབ་མོ་མ་བཙུགས་ཙམ་ཞིག མཚམས་དང་ཚིགས་ཁྱོན་ནས་མེད་པ་དེ་ཙམ་ཞིག་ཐལ་དྲག་འདུག་སྙམ།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ད་ལྟའི་ངའི་གནས་སྟངས་ཀྱི་ཐད་ནས་བཤད་ན་སློབ་ཕྲུག་དེ་དག་དང་འདྲ་མཚུངས་ཆགས་ཡོད། དཀའ་ངལ་འདིས་ད་དུང་ཡང་ང་ཚོ་འདྲ་བ་མང་བོ་ཞིག་དོང་ནང་དུ་འདེད་ཀྱིན་ཡོད། དོང་ནང་དེ་ནས་བོད་མི་རིགས་འདིའི་སོན་རྩ་མང་བོ་ཞིག་ཤི་སྲིད་ལ། དེ་ལས་མང་བོ་ཞིག་འཕྲོ་ལྷག་ཏུ་ཡང་འགྲོ་སྲིད། མ་གཞི་ནས་འཇིག་རྟེན་འདི་འདྲའི་དོ་མཉམ་པ་ཞིག་རེད་ཡ། ཡིན་ནའང་། ང་ཚོས་འདིའི་རིགས་ལ་ངེས་པར་དུ་གདོང་ལེན་བྱ་དགོས། ང་ཚོས་ལག་འཁྱེར་མི་གཙོ་དངོས་ཡོད་ཀྱི་ཤེས་ཡོན་ཚད་གཞི་གཙོ་བོའི་ཁོར་ཡུག་ཅིག་ལ་བརྩོན་ལེན་བྱ་ཆོག

    Reply
  9. གཡག་ཕྲུག། says:
    ལོ་ 15 སྔོན།

    ཤེས་ཡོན་གསར་པའི་སྲིད་ཇུས་རྒྱུན་སྐྱོང་བྱེད་དགོས་ན་བོད་ཀྱི་རིག་གནས་ཀྱིས་ཕྱུག་ཞིང་བོད་ཀྱི་ལ་རྒྱ་ཡོད་པའི་བོད་ཡིག་དགེ་རྒན་མང་དག་ཞིག་ངེས་པར་དུ་དགོས། དེས་ན་བོད་ནས་སློབ་གྲྭ་ཆེ་འབྲིང་རྒྱུད་ཟིན་པའི་བོད་ཡིག་གི་ཤེས་ཚད་ཁྲིད་ཐབས་མྱོང་བ་ཡོད་པའི་གསར་འབྱོར་བ་འདི་དག་ཅིའི་ཕྱིར་གསོ་སྐྱོང་མི་བྱེད་། ནང་ཤེས་འཇོན་མྱོང་བ་མེད་པའི་ཕྱི་ལག་ཁྱེར་གཅིག་པོས་ག་རེ་ཕན་ནམ། འདི་དག་ལ་བོད་གཞུང་དམངས་ཡོངས་བསམ་བློ་གཏོང་དགོས་ངེས་རེད།

    Reply
  10. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    མདོར་བསྡུས་ན། སྡུག་སྣ་དགུ་མྱོང་མཁན་ཚོ་ནི་གསར་འབྱོར་འདི་ཚོ་རེད། གསར་འབྱོར་འདི་ཚོར་གང་ས་གང་ནས་གྱོང་རག་གི་འདུག

    Reply
  11. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པ་ཚོའི་གནས་སྟངས་འདི་གུས་ལའང་འཕྲད་མྱོང་ཡོད་ སྦིར་སློབ་གྲ་ནས་ཐོན་རྗེས་ ཅི་བྱེད་འདི་བྱེད་མེད་པ་ངའི་རོགས་པ་ཞིག་ དྷ་ས་གཡག་ཟ་ཁང་ནང་ཕོར་པ་འཁྲུད་པ་རེད་ ང་ལ་་དྷ་སར་བུད་མེད་ཞིག་གིས་རོགས་པ་གནང་ནས་hotel tibet ལ་ཕོར་པ་འཁྲུད་པ་རེད་། མཐར་ཡུ་རོབ་པའི་མིའི་བཀའ་དྲིན་ལ་བརྟེན་ནས་ཡུ་རོབ་ལ་སླེབས་ཐུབ་ཙམ་བྱུང་།ད་སྐྱོ་གཏམ་དེ་ཚོ་གཡུགས་ཞོག་།
    དེ་ལས་དྷ་ས་རུ་ནུབ་ཕྱོགས་པ་མང་པོ་ཡོང་སའི་ཟ་ཁང་དང་འགྲོན་ཁང་དུ་འཕྲལ་སེལ་གྱིས་ལས་ཀ་འདྲ་ཨེ་རགས་ལྟོས་ ཁ་གསང་ཙམ་བྱོས་ ཡུ་རོབ་པའི་མི་ལ་འབྲེལ་བ་གནང་ནས་སྦྱིན་བདག་འཚོལ་ ཕྱི་རྒྱལ་ལ་ཨེ་ཐར་ལྟོས་ སྦྱང་ཟིན་པའི་དབྱིན་སྐད་དང་ རྒྱ་སྐད་རྣམས་བརྗེད་མ་བཅུག་ སྐད་འདི་ཚོ་ཕྱི་རྒྱལ་དུ་ལྟོ་གོས་འཚལ་བར་ལག་ཁྱེར་ངོ་མ་དེ་རེད་འདུག་། བཙན་བྱོལ་གཞུང་ལ་ལས་རིགས་མང་པོ་མེད་པ་དེའིཁར་གསར་འབྱོར་བ་རྣམས་ལ་ཤེས་ཡོན་ལག་ཁྱེར་ཚད་ལྡན་མེད་པ་སོགས་ལས་ཀ་རགས་ཐབས་ཤིན་ཏུ་དཀའ་ ཕྱི་རྒྱལ་དུ་འགྲོ་ཡ་དེ་ ལྟོ་འགྲངས་འབའ་ཞིག་དོན་གཉེར་བ་ སྤུ་མེད་པ་ཡི་ཕག་པ་རེད་ཅེས་སྦྱིན་བདག་གི་དཀོར་བཟས་ནས་འཚོ་གོས་ལ་སེམས་འཕྲལ་མེད་མཁན་གྲ་པ་སྐྱིད་པོ་རྒྱག་པ་ཁག་གཅིག་གིས་གསུངས་ཡོང་ འོན་ཀྱང་དེ་ཚོ་ཁ་ལ་མ་ཉོན་ རང་ཉིད་ལ་ཤེས་ཡོན་དང་ ལྷག་བསམ་ཡོད་ན་ བོད་སྤྱི་པའི་ལས་དོན་བསྒྲུབ་ཡ་གོ་སྐབས་ཤིན་ཏུ་མང་པོ་འདུག་། དང་པོ་རང་ཉིད་གཅིག་མགོ་ཐོན་སོང་ན་ སྤྱི་པའི་ལས་དོན་བསྒྲུབ་ས་ག་ས་ག་ལ་འདུག་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཐོན་པ་་རྣམས་ལ་དཀའ་ངལ་མི་འཕྲད་པ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

    Reply
  12. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ཨ་རོགས་ཁྱོད་ཚོ་ཤེས་རབས་དགའ་ཚལ་གློང་གླིང་དུ་སློབ་མཐར་ཕྱིན་པར་ཙམ་ཡོན་ཏན་ལ་མཐའ་ཕྱིན་མེད་དེས་ན་ད་དུང་སེམས་ཤུགས་གཏན་ནས་ཞོམ་མི་ཉན་ཀི་གངས་རི་བུ་གོ་རྒྱུ་ཡོད་པ་ཞིག་བྱ་དགོས་

    Reply
  13. མི་ཆུང་། says:
    ལོ་ 15 སྔོན།

    ངས་ཤེས་རབ་རྒྱ་མཚོའི་བསམ་བློར་རྒྱབ་སྐྱོར་ཡོད། འོན་ཀྱང་མགྲོན་པ་ཅུང་བརྣངས་ནས་མ་བརྗོད་ཐབས་མེད་ཅིག་ལ།

    ༡》སྤྱི་ཚོགས་གཉིས་ཀྱི་བར་ཁྱད་དང་གནས་ཚུལ་མཐིལ་ཕྱིན་རྒྱུས་
    ལོན་མ་བྱུང་བ་རེད།
    ༢》ཁྱེད་ཚོའི་ཡིད་ཆེས་དང་རེ་བ་རྦད་དེ་མཐོ་སོང་བ་རེད།
    ༣》རང་གི་ཕ་ས་ནས་ཁ་ལོག་སྟེ་ས་འདིར་སླེབས་པ་དེ་རང་འཕྱུགས་སོང་བ་རེད།

    ད་ནི་ཁྱེད་ཚོར་ཤེས་ཡོན་དང་ལ་རྒྱ་མཐོ་ཞིང་། སྙིང་རུས་དང་སྤོབས་པ་ཇི་ལྟར་བཙན་ཡང་།
    ས་འདི་ནས་ཁྱེད་ཚོར་དབང་བ་ནིི།
    ཡོད་ཚད་སེམས་སྡུག་ཡིན། སྤྲོ་སྣང་གཅིག་རང་ཡོད་པ་དེ། སྦི་རག་གིས་ཡོངས་སུ་བཟི་བའི་སྐབས་དེ་རང་རེད།

    གནས་ཚུལ་འདི་ཚོ་༸གོང་ས་མཆོག་གིས་ཅི་ཡང་མི་མཁྱེན་ཅེས་ཚིག་ཐག་ཆོད་པོས་བཤད་ཆོག་ཡ། འོན་ཀྱང་ད་ཅི་བྱེད། སྤུན་གྲོགས་ཚོ།

    Reply
  14. འཕྲིན་ལས says:
    ལོ་ 15 སྔོན།

    འདི་ནི་རྩོད་དགོས་པའི་སྤྱི་ཚོགས་འདིའི་གནད་དོན་ངོ་མ་ཞིག་དང་བསྒྱུར་དགོས་པའི་སྲིད་བྱུས་རྙིང་བ་ཞིག་ལ་ཐུག་ཡོད། བོད་སྤྱི་བའི་དོན་དག་བརྗེད་མི་རུང་ཞིང་སྤྱི་ཚོགས་གནད་དོན་འདི་ལྟ་བུ་དེ་བས་ཀྱང་བརྗེད་མི་རུང་། སྤྱི་ཚོགས་ཤིག་སྲ་བརྟན་ཏུ་འགྱུར་དགོས་ན་དེ་ལ་ངེས་པར་ཕྱོགས་ལྷུང་མེད་པའི་ངལ་རྩོལ་སྲིད་བྱུས་སམ་ཁྲིམས་གཞི་ཞིག་དགོས་པ་ཡིན། བོད་མི་ས་ཡ་དྲུག་གི་གཞུང་དུ་འབོད་པའི་ཚོགས་སྡེ་ཆུང་ཆུང་འདིར་ཡང་དག་པའི་ངལ་རྩོལ་སྲིད་བྱུས་ཤིག་བརྟན་འབེབས་བྱེད་པའི་འདུན་པ་ཡོད་དམ།

    Reply
  15. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཡ་ཤ་ཚ་བོ་རེད། གསར་འབྱོར་སློབ་གྲྭ་དེ་ནས་སློབ་མཐར་མ་ཕྱིན་ཡག་ས་རེད། ད་གཟིགས་དང་ཁོང་ཚོས་ག་རེ་བྱེད་དགོས་རེད།
    ཤེས་རིག་ཚང་གི་ཤེས་ཚད་ལག་འཁྱེར་གནང་།
    ཤེས་རིག་ཅན་པོས་གཞིག་ནས་དབྱིན་སྐད་སྦྱངས།
    གངས་རིའི་ལྗོངས་ནས་སློབ་གྲྭ་ཆེན་མོ་ཐོན།
    འདི་རུ་འབྱོར་ཚེ་ལས་མེད་ཁྱམ་པོ་གྱུར།
    ཨ་ཁ་སྐྱོ་བ་ལ། སྙིང་བརྗི། ཐུགས་རྗེ་ཡོད་ན་གཟིགས་རན་འདུག། རིགས་ཞན་ཡོད་ན་ཞན་རན་འདུག།

    Reply
  16. ཤེས་རབ། says:
    ལོ་ 15 སྔོན།

    བོད་གཞུང་ཤེས་རིག་ལུས་ཁུངས་ནས་སློབ་གྲྭ་འདིའི་མཐར་ཕྱིན་སློབ་མ་རྣམས་ལ་བོད་ཡིག་འཛིན་རིམ་བཅུ་གཉིས་དང་དབྱིན་ཡིག་འཛིན་རིམ་བརྒྱད་པའི་ཤེས་ཚད་དང་མཉམ་པ་ཡོད་ཅེས་པའི་མཐར་ཕྱིན་ལག་ཁྱེར་རེ་སྤྲོད་ཀྱི་ཡོད་མོད།འོན་ཀྱང་བཙོན་བྱོལ་ནང་ཉུང་མཐའི་ཤེས་ཚད་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A/B.Sc.com དང་ཡང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་འཁྱེར་དགོས་ཀྱི་ཡོད་པ་ཁ་སང་དེ་རིང་གི་ལས་ཀ་ཡོད་པའི་གསལ་བསྒྲགས་ཁག་ན་མངོན་གསལ་རེད།དེས་ན་གོང་གི་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་ཚད་འཛིན་ཅན་གྱི་ལག་འཁྱེར་དེས་ཁོང་ཚོའི་མ་འོངས་བའི་ལས་ཀ་དང་བྱ་བཞག་ལ་ཕན་ཐོག་ཡོད་དམ།

    Reply
  17. སྒྲོལ་མ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། འཛིན་རིམ་བཅུ་གཉིས་ཟེར་བ་དེ་བོད་ནང་གི་མཐོ་འབྲིང་གསུམ་པའི་ཤེས་ཚད་མ་ཡིན་ནམ། མཐོ་འབྲིང་ཐོན་རྗེས་སློབ་གྲྭ་ཆེན་མོར་བསྐྱོད་ས་ཡོད་དམ། ཟ་ཁང་ནང་ནས་དབྱིན་སྐད་སྦྱོང་རྒྱུ་ཟེར་བ་དེ་གང་རེད། ཤེས་རབ་དགའ་ཚལ་སློབ་གླིང་ཟེར་བ་དེའི་ནང་དབྱིན་ཡིག་སྦྱང་མེད་དམ། སློབ་གྲྭ་དེའི་མཐར་ཕྱིན་སློབ་མ་སྔོན་མ་དག་གིས་ད་ལྟ་ཅི་ཞིག་བྱེད་ཀྱིན་ཡོད་པ་རེད།
    ཡང་བསྐྱར་དྲི་བ་ཞིག་ལ། བཙན་བྱོལ་བོད་གཞུང་ལ་ལས་བྱེད་ག་ཚོད་ཡོད་པ་དང་། དེ་དག་གི་འབྱུང་ཁུངས་གང་ཡིན། ཁོང་ཅག་གི་ལས་གནས་བགོ་སྟངས་ཅི་འདྲ་ཡིན།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    སྙིང་རྗེ། ཁོང་ཚོ་རྡ་སར་སོང་ནས་ཕོར་བ་ཁྲུད་པ་དང་བག་ལེབ་བཙོང་དགོས་རྒྱུ་རེད། དེ་མ་གཏོགས་ང་ཚོའི་སྤྱི་ཚོགས་སྟེང་བདག་པོ་རྒྱག་མཁན་ཞིག་མེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese